ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི(བོད་ཡིག)རིག་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་ཡི་དམ་རྡོ་རྗེའི་གནས་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྲི་སེམས་དཔའ།   སྤེལ་དུས། : 2016-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

སློབ་གྲོགས་ཡི་དམ་རྡོ་རྗེ་དང་ཁོའི་ཕ་མ་གཉིས།

(གསར་འགོད་པ། ཁྲི་སེམས་དཔའ།) ཡི་དམ་རྡོ་རྗེ་ནི་ནན་ཅིན་ཅིང་ཉིན་མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན་ཞིང་།  ཁོའི་ཕ་ཡུལ་ནི་མཚོ་བྱང་ཁུལ་ཆི་ལེན་རྫོང་གི་ཡིན། ཐེངས་འདིའི་མཐོ་རྒྱུགས་ཁྲོད་སྡོམ་སྐར567བླངས་པས་ཁོ་ནི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི(བོད་ཡིག)རིག་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་དུ་གྱུར།

དགེ་རྒན་གྱི་མིག་ནང་གི་ཡི་དམ་རྡོ་རྗེ། 

གྲགས་བཟང་སྐྱབས་ནི་སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་མཐོ་འབྲིང་སྐབས་ཀྱི་བོད་ཡིག་དགེ་རྒན་རེད།  ཁོས་སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་གནས་ཚུལ་གླེང་དུས། གསར་འགོད་པར་འདི་ལྟར་བཤད་བྱུང་།

སློབ་བུ་ཡི་དམ་རྡོ་རྗེར་རྟེན་འབྲེལ་ཞུ་བའི་ཞོར་ལ་ཕྱིར་རྟོག་རེ་བྱས་ན།དེ་ནི་གསེར་རླབས་གཡོ་བའི་སྟོན་ཁ་ཞིག་རེད།སྟ་གོན་ཅི་ཡང་མེད་ཀྱང་ལས་དབང་གི་བཀོད་སྒྲིག་ཡག་པོས་ང་ཚོ་གཞོན་ནུའི་ལང་ཚོ་འབར་ལ་མེ་ཏོག་གི་བསུང་ཞིམ་འཐུལ་བའི་སློབ་གླིང་གཅིག་ཏུ་འཛོམས།ཏག་ཏག་དུས་ཚིགས་དེར་དབྱངས་གསལ་སོ་བཞི་སེམས་ལ་ཉར་བའི་སློབ་བུ་ཁོ་དང་ངེད་གཉིས་བར་ལ་དགེ་སློབ་ཀྱི་འབྲེལ་བ་དང་པོ་ཆགས།དེ་ནས་བཟུང་ང་ཚོས་སྐྱིད་སྡུག་གི་ལོ་ཟླ་རེས་མོས་སུ་བསྐྱལ་ལ།དེ་ནས་བཟུང་ཁོ་བོ་དང་རིམ་བཞིན་འདྲིས་ནས་ངའི་སྙིང་དང་འདྲ་བའི་སློབ་བུ་སོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར།  དེའི་བརྒྱུད་རིམ་ཁྲོད་དུ་ཁོ་བོས་ང་ལ་བཞག་པའི་བག་ཆགས་སེམས་ནས་བརྗེད་ཐབས་བྲལ།

དེ་ཡང་རགས་བཤད་ཅིག་བྱས་ན།ཁོ་ནི་འགྲོ་འདུག་སྤྱོད་གསུམ་ལེགས་ཤིང་ཐོས་བསམ་སྒོམ་གསུམ་མྱུར་བའི་རིག་པའི་བུ་ཆུང་ཞིག་ཡིན།  ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སློབ་སྦྱོང་ལ་དཀའ་སྤྱད་སྡུག་རུས་བྱེད་ཕོད་ལ།དུས་རྒྱུན་དུ་བསམ་གཞིག་གི་སྒོ་མོ་ཡངས་པོར་ཕྱེས་ནས་ཤེས་རིག་གི་བག་མ་འདྲེན་པར་མཁས།ལྷག་པར་བློ་རིག་མྱུར་མོས་གྲངས་རིག་བརྩི་བ་དང་ཚོར་བ་ཚ་བས་རྩོམ་ཡིག་འབྲི་བར་དགའ།དེ་མིན་ད་དུང་འཚོ་བའི་ཕྱི་ནང་གསང་གསུམ་ལ་འཆར་གཞི་ལེགས་པོ་ཞིག་དང་བཀོད་པ་ཡག་པོས་བརྒྱན་འདུག་ལ།  དུས་ཚོད་ཀྱི་འདུ་ཤེས་དྲག་པོ་ཁོ་བོའི་མི་གཤིས་ཀྱི་ཟབ་སར་བཟུང་ཡོད།  སྒོས་སུ་སློབ་སྦྱོང་གི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།  དེ་རིང་གི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པའང་དེ་དག་ལས་མངོན་སྟངས་ཤིག་ལོས་ཡིན་སེམས།

ཁོ་བོས་བྱམས་སེམས་ཀྱི་ལག་པ་བསྲིངས་ཏེ་སློབ་གྲོགས་མང་པོ་ཞིག་ལ་སློབ་སྦྱོང་གི་རོགས་རམ་དང་སྒུལ་ཤུགས་བསྩལ་མྱོང་ལ།དེ་རིང་ཁོ་བོས་དགེ་རྒན་གྱི་བཀའ་དྲིན་མི་བརྗེད་པ་བཞིན་སློབ་བུ་ཚོས་ཀྱང་ཁོའི་བཀའ་དྲིན་ག་ལ་བརྗེད།

དགེ་རྒན་གྲགས་བཟང་སྐྱབས་ཀྱིས་མཇུག་མཐར“སྐལ་བཟང་གི་དུས་ཚོད་འདི་སྤྱད་དེ་ངས་ཁྱེད་ཀྱི་བསམ་པར་ནོར་འཆུག་མེད་པ་དང་། ལས་ལ་གོད་ཆག་མེད་པར་མདུན་ལམ་སྔར་ལས་ཡངས་པའི་སྨོན་ལམ་འདེབས”ཞེས་སློབ་བུ་འདང་ཆེན་ཡི་དམ་རྡོ་རྗེ་ལ་སེམས་ཀྱི་སྨོན་འདུན་ཞུས་བྱུང་།  

ཕ་མའི་མིག་ནང་གི་ཡི་དམ་རྡོ་རྗེ། 

གསར་འགོད་པས་སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་ཕ་ལ་བཅར་འདྲི་བྱེད་དུས།  ཁོའི་ཕ་ཡིས་ཡིད་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། ང་ལ་བུ་གཉིས་ཡོད།  འདི་བུ་ཆེ་བ་ཡིན། ཁོ་རང་ཆུང་དུས་ནས་སློབ་སྦྱོང་ལ་འབད་པ་བྱེད་མཁན་ཞིག་ཡིན།  ངེད་ཕ་མ་གཉིས་ལ་མཚོན་ན་ཡང་རེ་བ་མཐོན་པོ་བཟུང་ཡོད།    ཡི་དམ་རྡོ་རྗེ་ལ་མཚོན་ན་དུས་རྒྱུན་སློབ་སྦྱོང་གི་རྣམ་འགྱུར་ལེགས་ཤིང་ལས་ལ་བརྩོན་པས་ཐེངས་འདིའི་མཐོ་རྒྱུགས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། བུ་རེ་བ་ཅན་ལ་རེ་ལྟོས་ཀྱང་བྱས་ཡོད།   ཁོ་ནི་ཆུང་དུས་ནས་དཔེ་ཆ་བལྟ་རྒྱུར་ཤིན་ཏུ་དགའ། སློབ་སྦྱོང་གི་ཞོར་ལ་དཔེ་ཆ་མང་པོ་ཉོས་ཡོད།  ངེད་ཕ་མ་གཉིས་ལ་མཚོན་ན་ཡང་བུ་འདི་སློབ་གྲྭ་ཆེན་མོ་ཞིག་ཏུ་རྒྱུགས་འཕྲོད་པར་རེ་ལྟོས་ཆེན་པོ་བཅངས་ཡོད། ཡིན་ནའང་མཚོ་སྔོན་ཞིང་ཆེན་ནས་རྒྱུགས་འབྲས་ཨང་དང་པོ་ལེན་ཐུབ་པ་ཡིད་ལ་གཏན་ནས་དྲན་མ་མྱོང་།དེ་བས། ཁོས་རྒྱུགས་འབྲས་འདི་འདྲ་ལེགས་པོ་ཞིག་བླངས་པར་ངེད་ཕ་མ་གཉིས་ཀ་ཤིན་ཏུ་དགའ་ཡོད།  མ་འོངས་པར་ཡང་བུ་འདིས་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱེད་པའི་ཡིད་ཆེས་ཡོད།  ཁྱིམ་བདག་གིས་ཀྱང་ཁོར་རྒྱབ་སྐྱོར་དང་མཐུན་རྐྱེན་ཅི་ནུས་གང་ལྕོགས་ཀྱིས་བསྒྲུབ་རྒྱུ་ཡིན། ཁོ་རང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་རང་གི་ས་གནས་ཀྱི་མང་ཚོགས་ལ་ཕན་རེ་འདོགས་ཨེ་ཐུབ་ཀྱི་རེ་བ་ཆེན་པོ་ཡོད།  

སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་ཨ་མས་ཀྱང་། ཡི་དམ་གྱིས་རྒྱུགས་འབྲས་འདི་ལྟ་བུ་ཞིག་ལོན་པར་སྙིང་ནས་དགའ་ཡོད། ས་གང་དུ་སོང་ཡང་གནས་གང་དུ་བསྡད་ཀྱང་ཕ་མ་གཉིས་ཀྱིས་སེམས་པས་སྙོར་ཞིང་མིག་གིས་འཚོས་ཡོད་ཟེར།

སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་སེམས་གཏམ། 

ངའི་མིང་ལ་ཡི་དམ་རྡོ་རྗེ་ཟེར་ཞིང་། མིང་གཞན་ལ་ཨ་རིག་ཡི་དམ་ཟེར། ང་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་མཐའི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ཨ་རིག་རྩྭ་ཐང་ནས་ཕ་རིན་ཆེན་བཀྲ་ཤིས་དང་མ་མཚོ་མོ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས་ནས། འཚར་ལོངས་བྱུང་བ་ཡིན།  ལོ་དགུའི་སྟེང་བྱིས་དུས་ཀྱི་རྨི་ལམ་དང་རྩེད་ཆས་རྒྱབ་ཏུ་བསྐྱུར་ཏེ་དྲིན་ཆེན་ཕ་མ་གཉིས་ཀྱི་རྒྱབ་སྐྱོར་འོག་སྡེ་འདབས་ཀྱི་སློབ་ཆུང་ཞིག་ཏུ་འགྲིམས་ཏེ་ཀ་ཁའི་ཡིག་ངོ་བཙལ། རྗེས་སུ་ཨ་རིག་སློབ་ཆུང་འགྲིམས། དེ་ནས་རང་ལོ་བཅོ་ལྔའི་སྟེང་སློབ་ཆུང་མཐར་ཕྱིན་ཏེ་ཆི་ལེན་རྫོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད།  2013ལོར་སློབ་འབྲིང་ངམ་འོས་འགན་སློབ་གསོའི་སློབ་སྦྱོང་གི་བརྒྱུད་རིམ་མཇུག་རྫོགས་ཤིང་། སྟེས་དབང་གིས་ནན་ཅིན་དུ་སློབ་གཉེར་བྱེད་པའི་སྐལ་བ་སྨིན། བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་བའི་བཤེས་གཉེན་དག་གི་སྣེ་ཁྲིད་འོག་ལོ་གསུམ་གྱི་མཐོ་འབྲིང་གི་འཚོ་བ་མཇུག་རྫོགས་ཤིང་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས།  

ད་ནི་ཕྱིར་རྟོག་གི་མིག་རྒྱ་ཆེ་རུ་བསྐྱེད་དེ་འདས་སོང་གི་ལོ་ཟླ་ལ་སྲོག་ཤིང་བསྩལ་ན།  ལྗང་ནེམ་བཀྲ་བའི་སྤང་ཐང་ཞིག་ཏུ་ཆུ་བོ་བཞུར་ཤུལ་གྱི་གྲམ་པ་ལས་མི་སྣང་། ཡིན་ཡང་མངར་སྐྱུར་ཁ་གསུམ་གྱི་ལོ་ཟླ་འདི་དག་ལ་སྤྱི་སྡོམ་ཞིག་བྱས་ན། སློབ་གྲྭའི་སློབ་གསོ་ལས་ཤེས་རིག་གི་ཡང་སྙིང་ཐོབ་སོང་ཞེས་བརྗོད་དཀའ་ནའང་། སློབ་སྦྱོང་བརྒྱུད་རིམ་འདི་ལས་ཐོབ་པའི་འཚོ་བའི་གོམས་གཤིས་དང་འདུ་ཤེས་ནི་གསེར་ལས་དཀོན་པའི་ཚེ་ནོམ་ཞིག་ཏུ་བསམས་ཡོད།  

སྤྱིར་ན་དེང་རབས་སློབ་གྲྭའི་སློབ་གསོ་ནི་དཔེ་ཆ་བློར་འཛིན་རྒྱུ་ཙམ་དང་འབྲི་ཀློག་ཙམ་གྱིས་ཆོག་པ་ཞིག་མ་ཡིན་ལ་རིག་ཚན་ནི་དེ་བས་ཀྱང་ངོ་། །དེ་ཡང་གཙོ་བོ་སློབ་མའི་འཚོ་དཔྱད་ཀྱི་ནུས་པ་སོགས་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པས། དུས་རྒྱུན་གྱི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་འདིའི་ཐད་ལ་དོ་སྣང་དང་མཐོང་ཆེན་བྱ་རྒྱུ་གལ་ཆེན་པོ་རེད། ཁོ་བོས་ཀྱང་དགེ་རྒན་དམ་པ་དག་གི་ཁྲིད་སྟོན་འོག་འདིའི་ཕྱོགས་ལ་གང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱས་པ་ཡིན།

གཞན་ཡང་སློབ་མ་ཞིག་ལ་མཚོན་ན་ཀུན་སློང་ཡག་པོ་ཞིག་ལྡན་དགོས་པ་ནི་ཐོག་མའི་ཆ་རྐྱེན་ལྟ་བུ་རེད། ཐོག་མ་ཉིད་ནས་སློབ་སྦྱོང་གི་འདུ་ཤེས་ཡང་དག་ཅིག་ལྡན་ཚེ། ད་གཟོད་རིག་གཞུང་གང་དེའི་ཐུ་སྣེ་ལ་ལག་སྙོབ་བྱ་ཐུབ། དེ་མིན་ན་དུས་ཚོད་དང་བསླབ་གཞི་ལ་འཆར་གཞི་འོས་འཚམ་ཡོད་དགོས། དེ་ཡང་སློབ་སྦྱོང་གི་གོམ་གཤིས་ལེགས་ཤོས་ཤིག་ཏུ་བརྩིས་ཆོག་ཆོག་རེད།  །

3.jpg

སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་བོད་ཡིག་དགེ་རྒན་གྲགས་བཟང་སྐྱབས།

 

2.jpg

སློབ་གྲོགས་ཡི་དམ་རྡོ་རྗེ་ཡི་ཉེ་པར།

1.jpg

སློབ་གྲོགས་ཡི་དམ་རྡོ་རྗེ་ལ་ཐོབ་པའི་དགའ་རྟགས།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།