ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ནི་ཕ་མའི་འོས་འགན་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པ་ནི་འབྱུང་འགྱུར་གྱི་རེ་བ་ཡིན་ལ། མ་འོངས་པའི་གདུང་འདེགས་ཀྱི་ཀ་བའང་ཡིན། བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ནི་ཕ་མའི་བྱོལ་མེད་ཀྱི་འོས་འགན་དང་དམིགས་ཡུལ་ཡིན། འཆར་ལྡན་བུ་སྐྱེ་ཡི་ཤན་ཤུགས་ཐེབས་པའི་རང་རྒྱལ་གྱི་ཕ་མ་རྣམས་ལ་མཚོན་ན། བུ་ཕྲུག་གཅིག་དང་མང་ན་ཡང་བུ་ཕྲུག་གཉིས་མ་གཏོགས་སྐྱེ་བཞིན་མེད་པས། བྱིས་པ་ནི་ཕ་མ་ཚོའི་ཁོང་གི་སྙིང་དང་སེམས་ཀྱི་ནོར་བུ་ལྟ་བུར་ཆགས་ཡོད་ལ། གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད་ཅེས་པ་ལྟར་རང་གི་ཤ་ཆད་ཀྱི་བུ་ཕྲུག་གཅིག་པུར་ལེགས་ཉེས་བཟང་ངན་གྱི་སྤུ་རིས་འབྱེད་པའི་སློབ་གསོ་གཏོང་བ་ལྟ་ཞོག ད་དུང་ངན་ལངས་སྐྱག་ལངས་སུ་བཏང་སྟེ་གང་འདོད་འདོད་དུ་ཅི་ལས་ཅི་སྒྲུབ་ལ་ཐེ་གཏོགས་དང་བཀག་འགོག་མི་བྱེད་ཅིང་། ལེགས་ལམ་ལ་འཇུག་པའི་སྦྱོར་བ་ཅུང་ཙམ་ཡང་མི་སྟོན་པར་ཁྱིམ་གྱི་ཅ་དངོས་དག་གཅོད་འབྲེག་གཏུབ་གསུམ་ལ་གོ་བསྐོན་སློབ་གསོ་གཏོང་བ་ལས་ལངས་ཤོར་དང་འཐུས་ཤོར་དུ་འགྲོ་བཞིན་པ་གཏན་ནས་ཚོར་གྱིན་མེད།

དེས་ན། ང་ཚོ་ཁྱིམ་བདག་རྣམ་པས་རང་གི་བུ་ཕྲུག་གི་འབྱུང་འགྱུར་བསམ་སྟེ་སྤྱོད་ལམ་ཡག་པོ་དང་མི་ཚུལ་ལྡན་ཞིག་ཏུ་འགྱུར་བར་ཆུ་མགོ་གངས་ནས་རྙོག་མི་རུང་བའི་དཔེ་ལྟར་ཆུང་བྱིས་དུས་ནས་བཟུང་དུས་རྒྱུན་གྱི་སྤྱོད་ལམ་ལ་མཛུབ་སྟོན་དང་ཡོ་བསྲང་། དག་ཐེར་བཅས་བྱས་ཏེ་སྤྱོད་ངན་སྒྲུབ་པའམ་ལོག་ལམ་དུ་འཕྱན་པར་ཚོད་འཛིན་དང་ཐེ་གཏོགས་བྱས་ནས་བཟང་ཕྱོགས་དང་ལེགས་ལམ་ལ་བསྒྱུར་རྒྱུ་གལ་ཆེན་ནང་གི་འགངས་ཆེན་ནོ། །

ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་སྣེ་འཛིང་བའི་བྱ་བར་མགོ་འཁོར་བའི་ཕ་མ་རྣམས་ལ་མཚོན་ན། བུ་ཕྲུག་གི་དུས་རྒྱུན་གྱི་སྤྱོད་ལམ་ལ་ཡིད་འཇོག་ཁྱོན་ནས་མི་བྱེད་པ་སྟེ། བུ་ཕྲུག་གིས་ཉིན་རེའི་ལས་བྱ་བསྒྲུབས་ཚར་མ་ཐག ཁོམ་གསེང་ཅུང་ཙམ་གྱི་བར་ནས་ཁ་པར་ལག་ལ་ཐོགས་ཏེ་རྩེད་འཇོར་རོལ་བ་དང་པར་སྒྲིག་བཟོ་བྱེད་པ། སྐད་འཕྲིན་གྱི་སྟེང་དུ་མགོ་འཁོར་བ། མགྱོགས་འཕྲིན་གྱི་བརྙན་གཟུགས་ལ་སིམ་པ་སོགས་མ་ལག་སྣ་ཚོགས་ཀྱི་ཁོང་གསེང་དུ་མིག་གི་དབང་པོ་འཁོར། སེམས་པ་དེའི་ཕྱོགས་སུ་འཁྱུད་ནས་རང་སྦྱོང་དང་དཔེ་ཀློག་གི་བྱ་བ་ཏིལ་ཙམ་ཡང་བློ་ངོ་རུ་མི་འཁོར་བར་གསེར་ལས་ལྷག་པའི་དུས་ཚོད་དོན་མེད་དུ་ཆུད་འཛའ་བར་བྱེད་ཀྱིན་པ་རྟོགས་ཀྱིན་མེད་ཅིང་། ཕ་མ་ལ་ལས་ཁ་པར་ལ་གཡེང་བ་ནི་ཕྱི་རོལ་ཏུ་རྩེད་འཇོ་ལ་གཡེང་བའི་དོད་དུ་བརྩིས་ནས་ཁ་པར་ལ་གཡེང་བར་བཀག་འགོག་དང་ཚོད་འཛིན་གཏན་ནས་མི་བྱེད་པ་རེད། བྱིས་པ་རྣམས་རྒྱུན་པར་ཁ་པར་ལ་གཡེང་དྲགས་པས་མིག་གི་དབང་པོར་གནོད་པ་ཐེབས་ཤིང་། མཚམས་ལན་རེར་ཁ་པར་སྟེང་གི་བདེ་ཐང་མ་ཡིན་པའི་བརྙན་གཟུགས་སྒྲ་གསུམ་གྱིས་ལྷད་མ་འདྲེས་པའི་བྱིས་པའི་བདེ་ཐང་གི་འཚར་སྐྱེ་ལ་ཤོག་བུ་དཀར་པོར་སྣག་ཚ་ཐིགས་པ་ལྟར་གནོད་པ་བཟོ་བཞིན་པ་ཡང་ལར་ནས་ཤེས་ཀྱིན་མེད། ཕ་མ་ལ་ལའི་སེམས་ཀྱི་སྣང་ངོ་རུ་ཁ་པར་ལ་རྣམ་པར་གཡེང་རུང་གནོད་སྐྱོན་ཆེར་མི་འདུག་སྙམ་མོད། ཉིན་ཐོག་ཟླ་བརྩེགས་ལ་ཁ་པར་རྩེ་བར་གཡེང་བའི་སྤྱོད་ངན་གོམས་ལོབས་སུ་སོང་ཚེ། ནམ་ཉི་མ་ཞིག་ལ་ཁ་པར་གྱིས་བསླུས་པའི་ངན་འབྲས་མིག་ལམ་དུ་བཤམས་དུས་ད་གཟོད་འགྱོད་པ་སྐྱེས་ཀྱང་འཕྱིས་དྲགས་པ་མིན་ནམ།

སྣང་ཚུལ་གཞན་ཞིག་ཡོད་པ་ནི་བྱིས་པ་ལ་ཤས་ཁྱིམ་དུ་ལོག་མ་ཐག་ཚམ་ཚོམ་མེད་པར་ཐོག་མར་སྒྲུབ་པའི་བྱ་བ་ནི་བརྙན་འཕྲིན་གྱི་གློག་སྒོ་ཕྱེ་སྟེ་འགུལ་རིས་བརྙན་འཕྲིན་གྱི་ལེ་ཚན་ལ་ལྟ་རྒྱུར་མོས་པ་དེ་རེད། འགུལ་རིས་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་བ་དེ་ལོ་ན་ཕྲ་བའི་བྱིས་པ་ཡོད་དོ་ཅོག་གི་ཐུན་མོང་གི་སྤྱི་ཆོས་ཤིག་ཏུ་གྲུབ་ཡོད་མོད། འོན་ཏེ་འགུལ་རིས་བརྙན་འཕྲིན་ལ་ལའི་འཁྲབ་གཞུང་གི་ནང་དོན་ཐད་དུ་གསོད་རེས་གཏུབ་རེས་དང་འཁོན་ལན་སློག་རེས། རྒྱག་རེས། རྒྱུ་འབྲས་སྣོག་རེས། ངན་བཅའ་སྟངས་སོགས་ལས་རྒྱུ་འབྲས་དྲང་སྙོམ་མིན་ཞིང་བསམ་ངན་བཅངས་པའི་སྦྱོར་བ་འཁྲབ་སྟོན་བགྱིད་པ་ཁོ་ནའོ། ། དེའི་རྐྱེན། འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་ནང་དོན་དེའི་རིགས་ཀྱིས་བུ་ཕྲུག་གི་བདེ་ཐང་འཚར་ལོངས་ལ་མཐའ་གཅིག་ཏུ་གནོད་པ་ལས་ཕན་པ་ཅུང་ཙམ་ཡང་ཐོགས་ཀྱིན་མེད་པ་རེད། བྱིས་པ་རྣམས་ཀྱིས་དུས་རྒྱུན་དུ་བདེ་ཐང་མ་ཡིན་པའི་འགུལ་རིས་བརྙན་འཕྲིན་འདིའི་རིགས་ལ་ལྟ་རྒྱུ་མང་དྲགས་པས་ཕྱི་རོལ་ཏུ་རྩེད་འཇོར་རོལ་སྐབས་ཀྱང་ཁོ་ཚོས་ཁག་གཉིས་སུ་བགོས་ཏེ་འཐབ་རེས་དང་འཛིང་རེས། རྒྱག་རེས་བྱས་ནས་ཤི་གསོན་གྱི་ལབ་གླེང་དང་རྒྱལ་ཕམ་གྱི་བཟང་ངན་ཁོ་ན་བཤད་པར་སྤྲོ། དེ་བས་ཕ་མ་རྣམས་ཀྱིས་བྱིས་པ་ཚོའི་བདེ་ཐང་ལ་སྨན་པའི་འགུལ་རིས་བརྙན་འཕྲིན་དང་འོད་སྡེར་གྱི་རིགས་བདམས་ཏེ། ཕན་ཚུན་ལ་དྲིན་གཟོ་བྱེད་ཚུལ་དང་ལས་རྒྱུ་འབྲས་བརྩི་ཚུལ། བྱམས་སྙིང་རྗེ་སྒོམ་སྟངས། མི་གཞན་ལ་རོགས་རེས་དང་གྲོགས་པོ་བཟང་པོ་སྒྲིག་ཚུལ་གྱི་ནང་དོན་བདེ་ཐང་ཅན་དང་རང་ཉིད་འཚར་སྐྱེ་ལ་ཕན་ཐོགས་ཆེ་བའི་རིགས་ལ་བལྟ་རུ་འཇུག་རྒྱུ་ཤིན་ཏུ་གལ་ཆེ།

མ་ཟད་ཕ་མས་ངལ་གསོའི་ཁོམ་སྐབས་བེད་སྤྱད་དེ་རང་གི་བུ་ཕྲུག་ཁྲོམ་སྲང་དུ་ཁྲིད་ནས་རྩེད་ཆས་ཉོ་སྐབས་སུའང་། རྩེད་ཆས་འདེམ་སྟངས་ལ་མཉམ་འཇོག་ལེགས་པོ་བྱེད་དགོས་པ་སྟེ། བྱིས་པའི་སེམས་ཁམས་ལ་སྨན་ཞིང་བྱིས་པའི་འཇོན་ནུས་ལ་ཕན་པ། བྱིས་པའི་བློ་སྒོ་འབྱེད་པའམ་བློ་སྐྱེད་འབྱུང་བའི་རྩེད་ཆས་ཀྱི་རིགས་ཉོ་རྒྱུ་ནོར་མི་རུང་བ་དཔེར་ན། རི་མོ་ལ་ཚོན་སྡེབ་སྤྱད་ཀྱི་རྩེད་ཆས་ལྟ་བུ། སྲོག་ཆགས་བཟོ་བའི་རྩེད་ཆས་ལྟ་བུ། དངོས་པོའི་དབྱིབས་གཟུགས་བཟོ་བའི་རྩེད་ཆས་ལྟ་བུ། ལྷུ་ལག་གཏོར་ནས་བསྐྱར་སྒྲིག་བྱེད་པའི་རྩེད་ཆས་ལྟ་བུ། གོ་རིམ་གཅོལ་བའི་སྲོག་ཆགས་ཀྱི་རི་མོ་ཞིག་ལེགས་སྒྲིག་བྱེད་པ་ལྟ་བུའི་རྩེད་ཆས་སོགས་ཀླད་པ་འགུལ་ཕྱོགས་ལ་ཕན་ཐོགས་པའི་རྩེད་མོ་སྒྲིག་ཆས་ཀྱི་ཕྱོགས་དང་བསམ་གཞིག་གཏོང་རྒྱུ་ཅན། བློ་རིག་མྱུར་བར་ཕན་པ་བསྐྲུན་པའི་རྩེད་ཆས་གདམ་རྒྱུ་ནོར་མི་རུང་མོད། ཁྱིམ་བདག་ལ་ལས་རྩེད་ཆས་ཀྱི་ལེགས་ཉེས་ལ་འདང་མི་རྒྱག་པར་གཅེས་ཕྲུག་གི་འདོད་པ་ལྟར་དུ་འགྱིག་བཟོས་མེ་མདའ་དང་རྣོ་གྲི། གཞན་མིར་སྐྲག་སློང་བྱེད་ཀྱི་འགྱིག་བཟོས་རྩེད་ཆས། མདའ་གཞུའི་རྩེད་ཆས་སོགས་ཉོ་བ་ལ་བཀག་འགོག་མི་བྱེད་ཅིང་། ལྷག་པར་རང་གི་བུ་ཕྲུག་ལ་མཚོན་ཆའི་རིགས་ཀྱི་རྩེད་ཆས་ཉོས་ན་གནོད་པ་འབྱུང་བའི་གནས་ལུགས་སམ་རྒྱུ་མཚན་ཁ་གསལ་ཁུངས་དག་སྒོས་གསལ་བཤད་ཀྱང་མི་བྱེད་པ་རེད། དྲང་མོར་བཤད་ན་གོང་གསལ་རྩེད་ཆས་དེ་དག་ལ་རྩེད་གོམས་སུ་གྱུར་པའི་ཤན་ཤུགས་ཀྱིས་ནམ་ཉི་མ་ཞིག་ལ་གསོད་པ་དང་གཅོད་པ། བསྣུན་པ། འཇིགས་བསྐུལ་བ་སོགས་ཀྱི་མ་རུང་རྩུབ་སྤྱོད་ཀྱི་གཤིས་ཀ་རང་ཤུགས་མེད་པར་རྒྱུད་ལ་གོམས་ཤིང་འདྲིས་ཏེ། ཐོག་མའི་བབ་ཆགས་རྒྱུད་བཟང་གི་གཤིས་ཀར་འགྱུར་ལྡོག་མི་འབྱུང་བའི་ངེས་པ་མེད་སྟབས། བརྩེ་ལྡན་གྱི་ཕ་མ་རྣམས་ཀྱིས་དྲི་མེད་དྭངས་གཙང་གི་བྱིས་བློ་ལ་ར་རིའི་སྤྱོད་ངན་མི་འགོ་བའི་བྱེད་ཐབས་ལེགས་པོ་སྤྱོད་རྒྱུ་གཙོ་ཆེའོ། །

གཞན་དུ་ན་ང་ཚོ་ཕ་མ་རྣམས་བྱ་བའི་བྲེལ་ཟིང་གི་དབང་གིས་ཁོམ་ལོང་ཅི་ཙམ་མེད་རུང་། བྱིས་པ་རྣམས་ཀྱིས་རང་གི་རྩོལ་བ་ལ་བརྟེན་ཏེ་རི་མོ་ཆུང་ཆུང་ཞིག་བྲིས་པའམ་རྩེད་ཆས་ཆུང་ངུ་ཞིག་སྒྲིག་བཟོ་བྱས་པ། ཡང་ན་འཐོར་ཞིག་གི་དངོས་པོ་ཞིག་ནུས་ཤུགས་བཏོན་ཏེ་ཡར་སྒྲུག་པའི་བྱ་སྤྱོད་དང་བྱས་འབྲས་ལ་ང་ཚོས་དེ་མ་ཐག་ཏུ་བསྟོད་པའི་མེ་ཏོག་གཏོར་དགོས་ཤིང་ཡི་རང་དང་བསྔགས་བརྗོད། བསྙེན་བཀུར་གྱི་ཚིག་འབྲུ་སྙན་མོ་ཕུལ་ཏེ་སྐུལ་ལྕག་གི་བསྔགས་ཚིག་ཡང་ཡང་བརྗོད་དགོས། མ་ཟད་བྱམས་ལྡན་གྱི་ཕ་མས་མུ་མཐུད་དུ་བྱ་སྤྱོད་འདིའི་རིགས་རྒྱུན་སྐྱོང་དགོས་པའི་རེ་བ་བཏོན་ཏེ། མ་འོངས་པར་རང་གི་ཤ་ལས་ཆད་པའི་བུ་ཕྲུག་རྣམས་འཚོ་བའི་ཆ་རྐྱེན་བཟང་བའི་འོག་དང་སློབ་སྦྱོང་གི་ཁོར་ཡུག་ལེགས་པའི་མཐུན་རྐྱེན་འོག་ཏུ་ཡ་རབས་སྤྱོད་བཟང་ལ་ཕྱོགས་ཤིང་ཕ་མ་དང་དགེ་རྒན་གྱི་གསུང་ལ་ཡག་པོར་མཉན་ཏེ་གཡུར་ཟའི་འབྲས་བཟང་དང་རྒྱལ་ཁའི་དཔང་རྟགས་ཀྱིས་ཕ་མར་དྲིན་ལན་གཟོ་དགོས་པའི་ཁ་ཏ་བསླབ་བྱ་རྒྱུན་པར་གཏོང་རྒྱུ་ནི་འཇིག་རྟེན་སྟེང་གི་ཕ་མ་རྣམས་ཀྱིས་ཅིས་ཀྱང་བསྒྲུབ་དགོས་པའི་བྱོལ་མེད་ཀྱི་འོས་འགན་དང་འགན་འཁྲི་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།