ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་སློབ་གསོས་ཕ་སྐད་བརྡར་ཟད་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    སྐད་ཆ་བརྡར་ཟད་ཅེས་པ་ནི་སྐད་ཆ་བཀོལ་མཁན་གྱིས་སྐད་རིགས་ག་གེ་མོ་ཞིག་བཀོལ་སྤྱོད་བྱ་རྒྱུ་ཇེ་ཉུང་དུ་སོང་བའམ་ཡང་ན་བཀོལ་མཚམས་བཞག་པས་སྐད་རིགས་དེ་བཀོལ་བའི་ནུས་པ་དུས་ཚོད་དང་བསྟུན་ནས་རིམ་བཞིན་ཇེ་ཉུང་དང་ཇེ་སྡུག་ཏུ་འགྲོ་བ་ལ་གོ་བར་རིགས།

སྐད་ཆ་བརྡར་ཟད་ནི་མི་རབས་གཅིག་གི་ནང་ལ་གཏོགས་པ་ལས་མི་རབས་དང་མི་རབས་བར་གྱི་སྐད་ཆ་ཇེ་ཉུང་དང་ཇེ་རྒུད་དུ་འགྲོ་བར་མི་གཏོགས་པས་སྐད་ཆ་རྩ་མེད་དུ་འགྲོ་བ་དང་ཁྱད་པར་མཆིས། མི་སྒེར་གྱི་སྐད་ཆ་ཇེ་ཉུང་དང་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་ཚོགས་པ་ཞིག་གི་སྐད་ཆ་ཇེ་ཉུང་དང་ཇེ་སྡུག་ཏུ་འགྲོ་བ་མིན་པས་སྐད་ཆ་འགྱུར་བ་དང་གཅིག་མཚུངས་མིན། སྐྱེ་ཁམས་ལ་གཏོགས་པ་ལས་ནད་ལུགས་ལ་གཏོགས་པ་མིན་པས་ངག་ལྐུགས་འགྲོ་བ་དང་ཡང་མི་མཚུངས། སྐད་ཆ་བརྡར་ཟད་ལ་ཕ་སྐད་ཁོར་ཡུག་ཁྲོད་ཀྱི་སྐད་རིགས་གཉིས་པ་བརྡར་ཟད་དུ་འགྲོ་བའི་སྣང་ཚུལ་ཚུད་ཡོད་ལ། སྐད་རིགས་གཉིས་པའི་ཁོར་ཡུག་ཁྲོད་ཕ་སྐད་བརྡར་ཟད་དུ་འགྲོ་བའི་སྣང་ཚུལ་ཡང་ཚུད་ཡོད།

རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཕྱིར། གྲངས་ཉུང་མི་རིགས་མང་པོ་ཞིག་ལ་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ཡོད། འོན་ཀྱང་སྤྱི་སྐད་དང་ཚད་ལྡན་གྱི་རྒྱ་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་བཀོལ་སྐད་དང་ཡི་གེ་ཡིན་པས་སྐད་ཆའི་བཀོལ་སྤྱོད་ཁྲོད་སྟོབས་ཤུགས་གཙོ་བོ་བཟུང་ཡོད་པ་རེད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཕལ་ཆེ་བ་ཞིག་ནི་མི་རིགས་སྐད་ཡིག་དང་རྒྱ་ཡིག་གཉིས་ཀ་སྤྱོད་མཁན་ཡིན། མི་རིགས་སློབ་གསོའི་ཁྲོད། རྒྱ་ཡིག་དང་རྒྱ་སྐད་ཀྱི་བརྡར་ཟད་ལ་སྔོན་འགོག་བྱ་དགོས་ལ། དེ་བས་ཀྱང་ཕ་སྐད་དང་རང་མི་རིགས་ཀྱི་ཡི་གེ་བརྡར་ཟད་དུ་འགྲོ་རུ་འཇུག་མི་རུང་།

ཕ་སྐད་བརྡར་ཟད་ཀྱི་ཕྱི་རྐྱེན་ནི་སྐད་ཡིག་དང་སྐད་ཡིག་གི་ཁོར་ཡུག་གི་རྒྱུ་རྐྱེན་ཡོད་པ་དང་། ནང་རྐྱེན་ནི་སྐད་ཆ་བཀོལ་སྤྱོད་མཁན་གྱི་ཤེས་རྟོགས་དང་བརྩེ་སེམས་ཀྱི་རྣམ་འགྱུར་ལའང་ཐུག་ཡོད། སྐད་ཆའི་ཁྱད་ཆོས་ཕྱོགས་ནས་བཤད་ན། སྐད་ཆའི་འདྲ་མཚུངས་རང་བཞིན་དང་སྐད་ཆའི་སྦྱོར་སྲོལ་སྣེ་འཛིང་ཅན་ནི་རྒྱུ་རྐྱེན་གཙོ་ཤོས་ཡིན། དཔེར་ན། རྒྱ་བོད་སྐད་རྒྱུད་ཁྲོད་ཀྱི་སྐད་ཡིག་ཕན་ཚུན་བསྲེ་སླ། ཁྲའོ་ཞན་སྐད་ལ་གུས་ཚིག་གི་མ་ལག་ཡོད་ཀྱང་རྒྱ་སྐད་ལ་མེད། ཁྲའོ་ཞན་རིགས་ཀྱི་བྱིས་པ་ཚོས་རྒྱ་སྐད་བཤད་ཤེས་རྗེས་ཁྱིམ་ཚང་གི་ནང་ལའང་སྔར་ལས་རྒྱ་སྐད་མང་པོ་བཤད་བཞིན་ཡོད། སྐད་ཆའི་ཁོར་ཡུག་གི་ཐད་ནས་བཤད་ན། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་ནང་ལོགས་སུ་ཡོང་ནས་སློབ་སྦྱོང་བྱས་རྗེས་རང་མི་རིགས་ཀྱི་སྐད་ཆ་སྤྱོད་པའི་གོ་སྐབས་ཉུང་ཞིང་། རང་མི་རིགས་ཀྱི་ཡི་གེར་བྲིས་པའི་དཔེ་ཆ་བཀླག་རྒྱུ་ཇེ་ཉུང་དུ་གྱུར་ཏེ། ཕ་སྐད་བརྡར་ཟད་ཀྱི་སྣང་ཚུལ་བྱུང་། ཤེས་རྟོགས་ཀྱི་ཐད་ནས་བཤད་ན། ལོ་ཚོད་ནི་ཆེས་གནད་འགག་ཡིན། ཕ་སྐད་བརྡར་ཟད་ཀྱི་གནད་འགག་གི་དུས་ཚོད་ནི་ལང་ཚོ་རྒྱས་པའི་དུས་ཏེ། ལོ12ནས་ལོ14བར་ཡིན། ལང་ཚོ་མ་རྒྱས་པའི་སྔོན་དུ་ཕ་སྐད་ཁོར་ཡུག་གི་ཁྲོད་དུ་སྡོད་མཁན་ཞིག་ཡིན་ཚེ། དེའི་རྗེས་ཀྱི་དུས་ཡུན་རིང་པོའི་ནང་སྐད་ཡིག་གཉིས་པའི་ཁོར་ཡུག་ཁྲོད་གནས་ཀྱང་།ཕ་སྐད་བརྡར་ཟད་དུ་འགྲོ་བའི་ཚད་ཤིན་ཏུ་དམའ། ལོ8ནས་ལོ9བར་གྱི་བྱིས་པ་ནི་འབྲི་ཀློག་ནུས་པ་གོང་འཕེལ་གཏོང་བའི་གནད་འགག་གི་དུས་སུ་ཁེལ་ཡོད་པས། གལ་ཏེ་ལོ་ཚོད་དེ་ལས་ཀྱང་སྔ་བའི་སྐབས་སུ་སྐད་ཆའི་ཁོར་ཡུག་ལ་འགྱུར་ལྡོག་བཏང་ཚེ། ཕ་སྐད་བརྡར་ཟད་དུ་འགྲོ་བ་ཤིན་ཏུ་ཚབས་ཆེ། བརྩེ་སེམས་ཀྱི་རྣམ་འགྱུར་ཐད་ནས་བཤད་ན། རང་མི་རིགས་ཀྱི་རིག་གནས་ལ་ཁས་ལེན་ཅི་ཙམ་མེད་པ་དེ་ཙམ་གྱིས་སྐད་ཡིག་གཉིས་པར་ཁས་ལེན་དེ་ཙམ་གྱིས་ཇེ་ཆེར་འགྲོ་ཞིང་། སྐད་ཡིག་གཉིས་པའི་རིག་གནས་ཀྱི་འདུན་པའང་ཇེ་དྲག་ལ་སོང་སྟེ། ཕ་སྐད་ཀྱི་བརྡར་ཟད་དེ་བས་ཚབས་ཆེན་དུ་འགྱུར་འགྲོ།

གྲངས་ཉུང་མི་རིགས་ཀྱི་སློབ་མས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཁོང་དུ་ཆུད་དགོས་པ་ལས་གཞན། ད་དུང་རྒྱ་ཡིག་དང་རྒྱ་སྐད་ཁོང་དུ་ཆུད་དགོས་ལ། ཕྱི་རྒྱལ་གྱི་སྐད་ཡིག་ཀྱང་བསླབ་དགོས་པས་ཕ་སྐད་ཀྱི་བརྡར་ཟད་རྒྱུན་ལྡན་གྱི་ཡོངས་ཁྱབ་སྣང་ཚུལ་ཞིག་ཏུ་གྱུར། ཡིན་ནའང་། མི་རིགས་སྐད་ཡིག་ནི་མི་རིགས་ཀྱི་རིག་གནས་དང་། སྲོལ་རྒྱུན། ལོ་རྒྱུས་འདེགས་གཟུགས། མི་རིགས་ཀྱི་ཁྱད་རྟགས་གཙོ་བོ་ཡིན། སྐད་ཆ་ནི་བསམ་བློའི་འདེགས་གཟུགས་ཡིན་ལ། བསམ་བློ་བརྗེ་རེས་ཀྱི་ལག་ཆ། མི་རིགས་ཁས་ལེན་དང་རིག་གནས་ཁས་ལེན་གྱི་གཞི་རྩའང་ཡིན། མི་རིགས་ཀྱི་སྐད་ཆས་མི་རིགས་ངོས་འཛིན་དང་མི་རིགས་ཀྱི་མི་གཞི་ལའང་ཤུགས་རྐྱེན་ཐེབས་པ་རེད། དེར་བརྟེན། ཕ་སྐད་བརྡར་ཟད་དུ་མི་གཏོང་བ་དེ་ནི་མི་རིགས་སློབ་གསོའི་ལས་འགན་གཙོ་བོ་ཞིག་ཏུ་གྱུར། གལ་ཏེ་དེ་ལྟར་མ་འཁྱོངས་ཚེ། གླུ་ཚིག་ཅིག་གི་ཁྲོད་དུ་བླངས་པ་བཞིན་ཕ་སྐད་ཀྱིས་བཤད་ཐབས་བྲལ་ཟེར་བའི་རྗེས་སུ་འགྲོ།

ཕ་སྐད་བརྡར་ཟད་དུ་མི་གཏོང་བའི་ཐབས་གང་ཡོད་ཅེ་ན། གཅིག་ནི་བྱིས་པ་ཕ་སྐད་བཀོལ་བར་བྱང་ཆ་ཡོད་པའི་ཚད་དུ་བསླེབ་ཏུ་འཇུག་དགོས། དེ་ནི་བྱིས་པ་རྣམས་ལ་ཕ་སྐད་ཀྱི་གཞི་རྩའི་བརྡ་སྤྲོད་དང་ཐ་སྙད་ཤེས་སུ་བཅུག་རྗེས་ད་གཟོད་སྐད་ཡིག་གཉིས་པ་སློབ་ཏུ་འཇུག་དགོས། དེ་ལྟར་བྱས་ན་ཕ་སྐད་བརྡར་ཟད་དུ་འགྲོ་བ་ཇེ་ཉུང་དུ་གཏོང་ཐུབ།གཉིས་ནི། གྲངས་ཉུང་མི་རིགས་ཀྱི་སྐད་ཆའི་སྐྱེ་ཁམས་གོ་གནས་འཛིན་དགོས། སྐད་ཆ་མི་འདྲ་བ་རྣམས་སྐད་ཆའི་སྐྱེ་ཁམས་མ་ལག་ཁྲོད་སྐྱེ་ཁམས་ཀྱི་གོ་གནས་མི་འདྲ་བ་ཡོད། མིག་སྔར། གྲངས་ཉུང་མི་རིགས་ལ་ལ་ཞིག་གི་སྐད་ཆའི་ནུས་པ་ཤོར་ལ་ཉེ་བ་དང་། གྲངས་ཉུང་མི་རིགས་ལ་ལ་ཞིག་གི་སྐད་ཡིག་བརྒྱུད་བཀོལ་བྱེད་དགོས་པའི་གནས་ཚུལ་བྱུང་བ་དང་།གྲངས་ཉུང་མི་རིགས་ལ་ལ་ཞིག་གི་སྐད་ཡིག་གི་གསོན་ཤུགས་ཉམས་བཞིན་འདུག་པས་སྐད་ཡིག་གི་སྐྱེ་ཁམས་གོ་གནས་འཁྲུལ་མེད་ཅིག་བཟུང་བའི་རྨང་གཞིའི་སྟེང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་དགོས། གསུམ་ནི། ཆ་རྐྱེན་བསྐྲུན་དགོས། སྟོབས་ཤུགས་ཆུང་བའི་མི་རིགས་ཀྱི་སྐད་ཡིག་ལ་འཚོ་གནས་ཀྱི་བར་སྟོང་སྦྱིན་དགོས། རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས་ལ་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོར་ཁྱད་པར་དབྱེ་བའི་ལྟ་ཚུལ་འཛིན་དགོས། དཔེར་ན། གྲངས་ཉུང་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་དུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་བའི་སློབ་གསོར་ཤུགས་སྣོན་རྒྱུ་དེ་གཙོ་བོར་འཛིན་དགོས་ལ། རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མཉམ་བཀོལ་བྱེད་པའི་མི་རིགས་ས་ཁུལ་དུ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་དང་བརྒྱུད་སྒྲོག་ལ་ཤུགས་བསྣན་ཏེ། གྲངས་ཉུང་མི་རིགས་ཀྱི་ཕ་སྐད་སློབ་གསོར་ཤུགས་སྣོན་དགོས། བཞི་ནི།གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སྨྱན་བྱད་གསར་པའི་བཀོལ་སྤྱོད་དང་བརྒྱུད་སྒྲོག་ལ་ཤུགས་བསྣན་ཏེ། རྒྱ་སྐད་དང་མི་རིགས་ཀྱི་སྐད་ཆ་མཉམ་གནས་དང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དུ་འཇུག་དགོས། ལྔ་ནི། ཁྱིམ་ཚང་གི་བྱེད་ནུས་ལ་མཐོང་ཆེན་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་བྱས་མེད་པའི་ས་ཁུལ་དུ་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་ལ་མཚོན་ན། ཁྱིམ་ཚང་ནི་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པའི་མཐའ་མཇུག་གི་རང་ལ་དབང་བའི་གནས་མལ་ཡིན་པས། ཁྱིམ་བདག་གིས་འདུ་ཤེས་ཡོད་པའི་སྒོ་ནས་ཁྱིམ་ཚང་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱོད་དུ་འཇུག་རྒྱུ་ནི་བུ་དང་བུ་མོའི་ཕ་སྐད་བརྡར་ཟད་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཐབས་ལམ་ཆེས་ནུས་ལྡན་དེ་ཡིན། །

ཀྲུང་གོའི་མི་རིགས་སློབ་གསོའི་དུས་དེབ་ཀྱི2018ལོའི་འདོན་ཐེངས་གསུམ་པ་ལས་བདམས་ཏེ་བསྒྱུར། ཀྲང་ཅི་ཅ་ཡིས་བརྩམས་ཤིང་ཐུབ་བསྟན་གྱིས་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།