​བྱིས་པས་བཅུད་བསྟེན་ཆེ་ན་མཚན་མ་སྨིན་སླ་ཞིང་གཟུགས་མི་སྐྱེ།

བྱིས་པས་ཟས་བཅུད་བསྟེན་པའི་ཉེས་དམིགས་གླེང་བ།

ཕ་མས་བྱིས་པའི་གཟུགས་དང་སྐྱེ་ལུས་གཞན་ལས་ལྷག་པ་ཞིག་ཡོང་བར་བྱེད་ཆེད། རྒྱུན་དུ་བྱིས་པ་རྣམས་ལ་བཅུད་དང་ལྡན་པའི་བཟའ་བཏུང་བསྟེན་དུ་འཇུག ཕ་མ་མང་པོ་ཞིག་གིས་བྱིས་པར་ཤ་མའི་རྒྱུ་དང་ཟེའུ་རྡུལ། སྦྲང་བཅུད། ཡང་ན་རྒྱ་སྨན་གྱི་སྦྱོར་ཟས་སྣ་ཚོགས་བླུད་ནས། ཁོ་ཚོའི་འཚར་སྐྱེ་གཞན་གྱི་རྗེས་སུ་མི་ལུས་པར་བརྩོན་བཞིན་ཡོད། རྒྱ་སྨན་གྱི་སྨན་པས་དེ་ལྟར་བྱས་ན་བྱིས་པའི་མཚན་མ་སྨིན་སྔ་བར་འགྱུར་སྲིད་པའི་གསལ་འདེབས་བྱེད། ད་ལྟའི་བུ་མོ་མང་པོར་དུས་ལ་མ་རན་པར་ནུ་མ་འབུར་བ་དང་ཟླ་མཚན་འབབ་པ་སོགས་འབྱུང་བའང་བཅུད་བསྟེན་ཆེ་བས་ཡིན་སྲིད་ལ། དེ་མིན་རྒྱུན་དུ་བྱ་ཤ་དང་སྲེག་ཟས་ཟོས་པ་ལས་བསྐྱེད་པ་ཡིན་ཡང་སྲིད། གང་ལྟར་ཁྱིམ་བདག་རྣམས་ཀྱིས་དོན་དེ་རིགས་ཀྱི་ཚབས་ཆེན་རང་བཞིན་ལ་ངེས་ཤེས་ཡོད་པར་བྱེད་དགོས།

སྔོན་ལ་ནུ་མ་འབུར་བ་དང་། དེ་ནས་མཆན་སྤུ་སྐྱེ་བ་དང་ཟླ་མཚན་འབབ་པར་བྱེད།

བཟའ་བཏུང་དང་ཁོར་ཡུག་གི་འགྱུར་བ་དང་བསྟུན་ནས། བྱིས་པ་མང་པོར་མཚན་མ་སྨིན་སྔ་བར་འགྱུར་བའི་ཉེན་ཁ་ཇེ་ཆེར་སོང་ཡོད། ལྷག་པར་བུ་མོ་རྣམས་ལ་གནོད་པ་དེ་འདྲ་འབྱུང་བ་གཞན་ལས་མང་། སྤྱིར་བཏང་བཤད་ན། བུ་མོ་ཚོའི་མཚན་རྟགས་གཉིས་པའི་སྐབས་ཀྱི་འཚར་སྐྱེ་ནི་ནུ་མ་རྒྱས་པ་ནས་མགོ་བརྩམས་པ་ཡིན། (བྲང་ལ་འབུར་ཏོག་སྲ་མོ་འབྱུང་བས་ཁྱིམ་བདག་རྣམས་ཀྱིས་འབྲས་སྐྲན་ལ་འཁྲུལ་བ་མང་། ནུ་མ་གཡས་གཡོན་གཉིས་ཀྱི་འཚར་སྐྱེ་དོ་མཉམ་པའི་ངེས་པ་མེད་པས། མཚམས་རེར་ཕྱོགས་གཅིག་ལ་སྔོན་དུ་འབྱུང་།)དེ་ནས་འདོམས་སྤུ་དང་མཆན་སྤུ་སྐྱེ་ལ། དེའི་རྗེས་ནས་ཟླ་མཚན་འབབ། ཐེ་ཝན་གྱི་བུ་མོ་རྣམས་ལ་ཆ་སྙོམས་བྱས་ན་ལོ་དགུ་ཡས་མས་སུ་ནུ་མ་རྒྱས་མགོ་བརྩམས་ཤིང་། ཟླ་མཚན་ཐོག་མ་ནི་ལོ་བཅུ་གཉིས་ཡས་མས་སུ་འབབ།

བྱིས་པས་བགྲེས་པོའི་ཟས་བཅུད་བསྟེན་པའི་ནོར་འཁྲུལ་གྱི་བསམ་བློའི་ཡོ་བསྲང་བ།

རྒྱ་སྨན་གྱི་སྨན་པ་ཀྲོའུ་ཙུང་ཧན་གྱིས་བཤད་པ་ལྟར་ན། མཚན་མ་སྨིན་སྔ་བའི་བུ་མོ་རྣམས་ནི་དང་ཐོག་གཟུགས་རིང་པོ་ཡོད་ན་ཡང་། མཚན་མ་སྨིན་རྗེས། ལུས་ཀྱི་མཚན་མའི་བསྐྱེད་རྫས་ཟགས་ཐོན་ཇེ་མང་དུ་འགྲོ་བར་མ་ཟད། འཚར་སྐྱེ་སྐུལ་རྒྱུའང་དེ་དང་མཉམ་དུ་འཕེལ་བས། རུས་སྒྲོམ་སྔ་མོ་ནས་སྲ་བརྟན་དུ་ཆགས་ཏེ། བྱིས་པའི་དུས་ནས་སྐྱེ་སྟོབས་རྫོགས་པ་དང་། ཐ་ན་ལོ་བཅུ་ཐམ་པའི་སྔོན་ནས་སྐྱེ་སྟོབས་རྫོགས་པར་འགྱུར་བས། གཟུགས་སྐྱེ་ཚད་ཤིན་ཏུ་དལ་བ་དང་ཡང་ན་མཚམས་བཞག་སྟེ། མཚན་མ་སྔ་མོ་ནས་སྨིན་པའི་རྟགས་འབྱུང་བ་ཡིན།སྣང་ཚུལ་དེ་འདྲ་ནི་མང་ཆེ་བ་གཟུགས་གཞིའི་གནད་དོན་ལ་འབྲེལ་བ་ཡོད་པ་འདྲ། གང་ལྟར་རྒྱུ་མཚན་ཡང་དག་ཅིག་རྙེད་མེད། འོན་ཀྱང་རྒྱ་སྨན་པ་ཀྲོའུ་ཙུང་ཧན་གྱིས་མཚན་མ་སྨིན་སྔ་བའི་གནད་དོན་ནི་གཙོ་བོ་བཟའ་བཏུང་དང་ཁོར་ཡུག་ལ་རག་ལས་ཤིང་། དུས་ཡུན་རིང་པོར་བཅུད་ཆེ་བའི་བཟའ་བཏུང་བསྟེན་པ་ནི་རྒྱུ་རྐྱེན་གཅིག་ཡིན་པར་བཤད། ད་ལྟའི་ཁྱིམ་ཚང་གི་བཟའ་བཏུང་ཕུན་སུམ་ཚོགས་པར་གྱུར་ཡོད་ལ། ལུས་ཕུང་གསོ་བྱེད་ཀྱི་བཟའ་བཏུང་བཅུད་ཅན་ཡང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད། ཐ་ན་བགྲེས་པོ་རྣམས་ཀྱིས་བསྟེན་པའི་ལུས་ཁམས་གསོ་བྱེད་ཀྱི་ཟས་རིགས་བྱིས་པར་བསྟེན་དུ་འཇུག་པའང་ཡོད་མོད། དེ་ནི་ཡང་དག་པ་ཞིག་མ་ཡིན།

བཅུད་བསྟེན་ཆེ་ན་མཚན་མ་སྨིན་སྔ་བར་མ་ཟད་གཟུགས་མི་སྐྱེས་པར་ཚོ་གསོག་པར་འགྱུར།

ཁྱིམ་བདག་གིས་བྱིས་པ་ལ་ཤ་མའི་རྒྱུ་དང་ཟེའུ་རྡུལ། སྦྲང་བཅུད། ཤྭ་ར། དཀར་པོ་ཆིག་ཐུབ་སོགས་བཟའ་རུ་འཇུག་མི་རུང་ལ། དབྱར་རྩྭ་དགུན་འབུ་སོགས་ཁམས་གསོའི་སྨན་རྫས་ཀྱིས་བྱིས་པའི་རྒྱུན་ལྡན་གྱི་ནང་གི་ཟགས་ཐོན་ལ་འགྱུར་ལྡོག་བཏང་ནས། མཚན་མ་སྨིན་སྔ་བའི་ཉེན་ཁ་ཇེ་ཆེར་གཏོང་ངེས།སྔོན་ཆད་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས། ཁྱིམ་ཚང་མང་པོས་རྒྱུན་ལྡན་དུ་ལ་སྐམ་དང་འབྲས་ཐང་། ཞོག་ཁོག འབྲས་དང་སྲན་མ་སོགས་ལས་བཟའ་རྒྱུ་མེད། དེ་བས་བྱིས་པ་འཚར་སྐྱེ་འབྱུང་སྐབས་དང་བུད་མེད་ཟླ་ལ་འདུག་དུས་ད་གཟོད་ཁོ་ཚོར་དམིགས་བསལ་གྱིས་བཅུད་ལྡན་ཁ་ཟས་ཀྱིས་གསོ་བར་བྱེད། དཔེར་ན་རྩིབ་མ་དང་བྱ་ཤ་གདུ་བ། མཁལ་མ་དང་མཆིན་པ་རྔོ་བ། བྱ་ཤ་སྨན་ལ་གདུ་བ་དང་ནོར་རྩིབ་སྲེག་པ་སོགས་བསྟེན་པ་ལྟ་བུ།ད་སྐབས་བྱ་ཤ་དང་བྱ་སྒོང་། ཤ་རིགས་གཞན་པ་སོགས་རྒྱུན་དུ་བཟའ་རྒྱུ་ཡོད་པས། བྱིས་པར་དམིགས་སུ་བཅུད་ཆེ་བའི་ཟས་རིགས་བསྟེན་དུ་འཇུག་པའི་དགོས་པ་ཆེར་མེད། དེ་ལྟར་བྱས་ན་ལྡོག་སྟེ་ཟས་བཅུད་སྡུད་ལེན་བྱས་པ་ཚད་ལས་བརྒལ་ནས། བྱིས་པའི་མཚན་མ་སྨིན་སྔ་བར་འགྱུར་སླ། བཅུད་བསྟེན་པ་ཇི་ལྟར་མང་ན་བྱིས་པའི་རུས་ལག་དེ་ལྟར་སྔ་མོ་ནས་སྨིན་ཏེ་གཟུགས་སྐྱེ་མཚམས་འཇོག་པ་ཡིན་པས། མཐའ་མར་གཟུགས་ཐུང་ཞིང་ཚོ་གསོག་པའི་སྣང་ཚུལ་འབྱུང་བ་ཡིན།

བྱ་ཤ་ཉུང་བཟའ་བྱེད་དགོས་ལ་ཚལ་དང་སིལ་ཏོག་དུས་སུ་སྨིན་པ་བཟའ།

བཅུད་ཆེ་བའི་ཟས་རིགས་གང་འདོད་དུ་བསྟེན་མི་རུང་བར་མ་ཟད། བྱ་ཤའི་ནང་གི་གཤོག་པ་དང་སྐེ་ཚིགས་ནི་ལྷག་ཏུ་བཟའ་མི་རུང་། རྒྱུ་མཚན་ནི་ཁྱིམ་གསོའི་བྱ་རིགས་ནི་འཚར་སྐྱེ་འབྱུང་བྱེད་ཀྱི་སྨན་རྫས་བསྲེས་པའི་གཟན་ཆས་ཀྱིས་གསོས་པ་ཡིན་པས། དེའི་ཤ་ཡི་ནང་དུ་ཡང་སྨིན་བྱེད་རྫས་འདྲེས་པ་དང་། དེ་ཡང་གཙོ་བོ་བྱ་ཡི་མགོ་དང་སྐེ་ཡི་མཚམས་སུ་མང་། དེ་མིན་གཤོག་པའི་མཚམས་སུ་ཡང་མང་བས། དེ་དག་ཉུང་བཟའ་བྱས་ན་མཚན་མ་སྨིན་སྔ་བའི་ཚད་ཇེ་དམའ་རུ་འགྲོ་བ་ཡིན།དེ་མིན་སྔོ་ཚལ་དང་སིལ་ཏོག་གི་རིགས་ལ་མཉམ་འཇོག་རྒྱུ་ཡོད་དེ། དུས་ལས་ལྡོག་པའི་རིགས་ནི་སྤྱིར་བཏང་སྨིན་བྱེད་ཀྱི་ལུད་རྫས་སྦྱར་ཡོད་པས། བྱིས་པ་དང་ལྷག་པར་ཁྱེའུ་རིགས་ལ་བཟའ་རུ་འཇུག་མི་རུང་། ནུས་ཚོད་ཀྱིས་དུས་སུ་སྨིན་པའི་སྔོ་ཚལ་དང་སིལ་ཏོག་རིགས་བསྟེན་ན་བཟང་སྟེ། བྲོ་བ་ཞིམ་པར་མ་ཟད་འཚོ་བཅུད་ཀྱང་ཚད་དང་རན།

སྣུམ་སྲེག་ཟས་ལ་གནོད་པ་མང་། ནང་གི་ཟགས་ཐོན་དཀྲུགས་ཏེ་མཚན་མ་སྨིན་སྔ་བར་འགྱུར།

ཕྱོགས་གཞན་ཞིག་ནས་བཤད་ན། བྱིས་པ་ཚོ་བཟའ་བར་དགའ་བའི་བྱ་ཤ་སྣུམ་སྲེག་དང་ཞོག་ལྕུག་སྣུམ་སྲེག་སོགས་ནི་ཚ་དྲོད་ཆེ་བའི་ཟས་རིགས་ཡིན་པས། བྱིས་པའི་ལུས་ཀྱི་ཚིལ་ཞག་རྒྱས་པར་བྱེད་ལ། ནང་གི་ཟགས་ཐོན་དཀྲུགས་ཏེ་མཚན་མ་སྨིན་སྔ་བར་འགྱུར་སླ། དེ་མིན་བཟའ་སྣུམ་ཡང་དང་ཡང་དུ་གདུས་ཤིང་སྤྱད་པ་དང་། ཚ་དྲོད་ཤིན་ཏུ་ཆེ་བས་དབྱང་འགྱུར་འབྱུང་བ་ཡིན་ལ། དེ་ཡང་མཚན་མ་སྨིན་སྔ་བར་འགྱུར་བའི་རྒྱུ་རྐྱེན་ཞིག་ཡིན། གལ་ཏེ་གཟའ་འཁོར་གཅིག་ལ་མགྱོགས་ཟས་ཐེངས་གཉིས་ལ་བཟའ་བ་དང་། སྣུམ་སྲེག་ཟས་རིགས་རྒྱུན་དུ་བསྟེན་པ་ཡིན་ན། བྱིས་པ་ལ་མཚན་མ་སྨིན་སྔ་བའི་ཉེན་ཁ་འབྱུང་ཚད་བྱིས་པ་གཞན་དག་ལས་ལྡབ2.5ཡིས་མཐོ་བ་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།