ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་གྱི་ཤེས་བྱའི་བྱང་ཚད་དང་ཀུན་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། : མི་གསལ།   སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགེ་རྒན་ནི་དཔེ་ཁྲིད་མི་སྐྱོང་གི་བྱེད་པོ་གཙོ་བོ་ཡིན་གཤིས། དགེ་རྒན་གྱི་འགྲོ་སྡོད་སྤྱོད་གསུམ་ཙམ་མ་ཟད། སྤང་བླང་གི་འཇུག་ལྡོག་ཆ་དང་། ཤེས་བརྩོན་བཟང་གསུམ་གྱི་ཡོན་ཏན་ཅི་རིགས་ཀྱིས་གཞན་ལ་ཤུགས་རྐྱེན་བཟང་པོ་སྤྲོད་ནུས་པས། དགེ་རྒན་གྱི་བྱང་ཚད་གོང་མཐོར་གཏོང་རྒྱུའི་ཐད་བསམ་ཚུལ་དང་གྲོས་འགོ་ཅུང་ཟད་འདོན་རྒྱུ་ཡིན།

གཅིག ཤེས་བྱའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་སྐོར་གྱི་བསམ་གཞིག

མིག་སྔར་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་གི་དགེ་རྒན་གྱི་ཁྲོད་དུ་ལྟ་ཚུལ་དེ་འདྲ་ཞིག་སྣང་བ་སྟེ། རང་ཉིད་ནི་ཆེད་ལས་དགེ་འོས་སློབ་གྲྭ་ཐོན་ཏེ་སློབ་ཁྲིད་ལས་གནས་ཐོག་སླེབས་པ་ཞིག་ཡིན་པས། སློབ་ཁྲིད་བྱེད་པར་དཀའ་གནད་དང་འཁོན་ཐོགས་གང་ཡང་མེད། སྤྱིར་སློབ་དེབ་ནང་བཀོད་སྒྲིག་ཇི་ལྟར་བྱས་པ་རྣམས་ཆད་ལུས་མེད་པར་སློབ་མར་ཁྲིད་ན་འགྲིག་སྙམ་པ་ལས། རང་ཉིད་ཀྱིས་སློབ་ཁྲིད་བྱས་པ་ལས་སློབ་མར་གོ་ཤེས་ཇི་ལྟར་ཡོང་མིན་ཐད་བསམ་གཞིག་བྱ་རྒྱུ་འདང་གི་མེད་ལ། དགེ་རྒན་འགའ་རེས་སློབ་ཁྲིད་བྱས་པའི་སློབ་ཕྲུག་གི་སྦྱངས་འབྲས་དེ་ཙམ་མི་ལེགས་པར་སློབ་གྲྭའམ་ཡང་ན་དགེ་རྒན་གཞན་གྱིས་བླང་བྱ་དང་རེ་བ་འདོན་སྐབས་སློབ་མའི་སྦྱངས་འབྲས་ལེགས་མིན་དེ་དགེ་རྒན་ཁོ་ནར་རག་ལུས་པ་ཞིག་མིན་པར་སློབ་ཕྲུག་གི་རིག་སྟོབས་བཟང་ཞན་གྱིས་རེད་ཅེས་ཀྱང་སྨྲ་མཁན་ཡོད།

དེ་ལྟར་ཡང་ང་ཚོས་ཁེངས་དྲེག་སྤངས་ནས་བསམ་གཞིག་བྱས་ཚེ། སློབ་མའི་སྦྱངས་འབྲས་དེ་སློབ་མ་རང་ཉིད་ལ་རག་ལུས་པའི་རྒྱུ་རྐྱེན་ཨང་དང་པོ་ཡིན་མོད། དགེ་རྒན་གྱི་སློབ་ཁྲིད་བཟང་ཞན་ལའ་འབྲེལ་བ་ཡོད་པ་ནི་སྨོས་ཅི་དགོས། དེའང་དགེ་རྒན་གྱི་སློབ་ཁྲིད་ལེགས་ཞན་ནི་དགེ་རྒན་རང་ཉིད་ཀྱི་བྱང་ཚད་ལ་ཐུག་ཡོད་པ་རེད། དགེ་རྒན་ཁག་གཅིག་གིས་ཐོག་མར་སྦྱངས་པའི་ཤེས་ཚད་ལ་འདོད་བློ་ཁེངས་ནས་རང་གི་སློབ་ཁྲིད་བྱང་ཚད་ཀྱི་ཕྱོགས་གང་ཅིའི་ཐད་ཤུགས་སྣོན་རྒྱག་མ་ཐུབ་པའི་དབང་གིས་སློབ་ཁྲིད་ཀྱི་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད་པ་དང་། དགེ་རྒན་ཁག་གཅིག་གིས་རང་ངོས་ཀྱི་ཞན་ཆ་ཇི་ཡིན་ལ་བརྟག་ཞིབ་གཏན་ནས་མི་བྱེད་པར་རང་གི་སློབ་ཕྲུག་དེ་ཚོ་རིག་པ་སྤྱང་པོ་མིན་པ་དང་། བརྩོན་འགྲུས་མི་འདང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་པའང་ཡོད། དེ་ལྟར་རང་གི་སློབ་ཁྲིད་བྱང་ཚད་མ་འདང་བ་དང་ཐབས་རྩལ་ཞན་པར་མི་དཔྱོད་པར་ཆུ་ཚད་མཐོ་རུ་གཏོང་རྒྱུ་སྣང་མེད་དུ་འཇོག་གི་ཡོད་སྟབས། ཁྱིམ་བདག་གི་ཁྲོད་དུ་དགེ་རྒན་ལེགས་ཉེས་ཀྱི་ལབ་གླེང་ཐོན་པ་སྟེ། དཔེར་ན། སློབ་མ་སློབ་རིམ་རེ་འཕར་སྐབས་བོད་ཡིག་དགེ་རྒན་སུ་ཞིག་ཡིན་མིན་དང་། འཛིན་གྲྭའི་ཀྲུའུ་རེན་སུ་ཞིག་ཡིན་མིན། དེ་བཞིན་དགེ་རྒན་ག་གེ་མོ་ཞིག་རང་ཉིད་ཕྲུ་གུའི་དགེ་རྒན་ཡིན་པར་དགའ་སྣང་བྱེད་པ་དང་། དགེ་རྒན་ག་གེ་མོ་ཞིག་རང་གི་ཕྲུ་གུའི་དགེ་རྒན་ཡིན་པར་སེམས་ཁྲལ་བྱེད་པ་སོགས་ནི་ཁྱིམ་བདག་གིས་དགེ་རྒན་ཚོར་རང་དགར་ལྟ་སྟངས་འཛིན་པ་ཞིག་གཏན་ནས་མིན་གྱི། དེ་ནི་དགེ་རྒན་ཚོའི་སློབ་ཁྲིད་འཇོན་ཐང་ལ་ཁྱིམ་བདག་ཚོས་དཔྱད་པ་བྱས་ཏེ་དགེ་རྒན་ལེགས་གྲས་སློབ་མའི་དགེ་རྒན་དུ་བཀོད་སྒྲིག་བྱུང་བར་དགའ་བསུ་ཞུ་བ་དང་། དགེ་རྒན་ཞན་གྲས་སློབ་མའི་དགེ་རྒན་དུ་འཁེལ་བར་མི་འདོད་པ་བྱེད་པ་ཞིག་རེད།

འོ་ན། ཇི་ལྟར་བྱས་ཏེ་དགེ་རྒན་རང་ངོས་ཀྱི་བྱང་ཚད་ལ་ཤུགས་སྣོན་རྒྱག་དགོས་སམ་ཞེ་ན། དེའང་གུས་པའི་ལྟ་ཚུལ་ལ་ཕྱོགས་གཉིས་ཐད་ནས་བྱང་ཚད་གོང་མཐོར་གཏོང་དགོས་པ་སྟེ། གཅིག་ནི་ཤེས་བྱའི་ཆུ་ཚད་དང་གཅིག་ཤོས་ནི་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་ཡིན་ཏེ། ཤེས་བྱ་དང་ཀུན་སྤྱོད་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་ཞིང་། ཤེས་བྱ་མ་ལྡན་ཕྱིར་ཀུན་སྤྱོད་ཀྱང་ཤུགས་སུ་དམན་པ་དང་། ཀུན་སྤྱོད་དམན་པ་དེ་ཤེས་བྱ་ཡང་དམན་པར་མཐོང་། ང་ཚོས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་གྲགས་ཅན་ཤེས་ལྡན་པའི་བྱུང་རིམ་ལ་དཔྱད་ན་ཤེས་ཐུབ་པར། མཁྱེན་དཔྱོད་རབ་ཏུ་ཡངས་པའི་ཤེས་ལྡན་པ་ཐམས་ཅད་ཀུན་སྤྱོད་ཀྱི་ཐད་ལའང་མི་རྣམས་སྨོན་དགོས་པའི་གཏམ་རྒྱུད་ཡོད་པ་དང་། ཀུན་སྤྱོད་ལེགས་པོ་མིན་པའི་ཤེས་ལྡན་པ་མཐོང་དཀོན་པའི་ཕྱིར་རོ།

ཇི་ལྟར་བྱས་ནས་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་དགོས་སམ། དེ་ཡང་ཐོག་མར་ཡང་དག་པའི་བསམ་བློའི་ཀུན་སློང་ཞིག་ལྡན་དགོས་པ་དེ་ཡིན། བསམ་བློའི་ཀུན་སློང་གང་ལགས་ཞེ་ན། ཤེས་བྱར་ཕ་མཐའ་ཡས་པས་རྩེར་སྙེག་གི་སྙིང་སྟོབས་ལ་བརྟེན་ནས་སྔར་སྦྱངས་པ་རྣམས་ལ་དག་བཤེར་རམ་བསྐྱར་སྦྱོང་གིས་ཤེས་ཚད་ཟབ་གཏོང་དང་། མ་ཤེས་པའམ་རབ་རིབ་ལས་མ་ཤེས་པར་གཏིང་ཆོད་པ་ཞིག་སྦྱོང་རྒྱུར་སེམས་ཐག་ཆོད་དགོས་པ་དེ་ཡིན། ཀུན་སློང་དེ་འདྲ་ཞིག་ལྡན་ཕྱིར། དགེ་རྒན་རང་ངོས་ནས་ལེ་ལོའི་ངང་དུས་འདའ་བའི་སྣང་ཚུལ་མང་པོ་ཞིག་ཁྱད་སད་ཐུབ་སྟེ། དངོས་འབྲེལ་དུས་ཚོད་རིན་ཆེན་གསེར་ལས་ལྷག་ཅེས་པའི་དོན་ངོ་མ་དང་འཕྲད་ཐུབ། གོང་དུ་ཁོ་བོས་སྔར་སྦྱངས་པ་རྣམས་ལ་དག་བཤེར་རམ་བསྐྱར་སྦྱོང་བྱེད་དགོས་ཞེས་བརྗོད་དོན་ནི། དཔེར་ན། སྔོན་བྱོན་མཁས་པའི་དབང་པོ་མང་པོས་སྙན་ངག་སུམ་རྟགས་ཚར་མང་པོ་གསན་སྦྱོང་གནང་སྟེ། སྤྱིར་གང་ལའང་ཐོགས་པ་མེད་པ་ལྟ་བུར་གྱུར་ཀྱང་། སྔར་བཞིན་གཞན་གང་ན་མཁས་པ་ཞིག་ཡོད་པ་མཁྱེན་འཕྲལ་སྒྲོབ་ཉམས་ཡོངས་སུ་དོར་ནས་གང་དེའི་དྲུང་དུ་སློབ་མ་ཆུང་ཆུང་ཞིག་མཛད་དེ་གསན་སྦྱོང་གནང་བའི་ལོ་རྒྱུས་ཡོད་པས། དེ་ལྟ་བུ་ནི་བློ་ལྡན་དེ་རྣམ་པས་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཀྱི་བྱང་ཚད་མུ་མཐུད་མཐོ་རུ་གཏོང་གནང་མཛད་པ་ཞིག་དང་། ཕྱི་རབས་པར་རིག་པའི་གནས་ལ་སྦྱངས་པ་མཐར་སོན་པ་བྱ་རྒྱུ་དེ་ཚེ་གང་གོམ་པ་སྤོ་མཚམས་འཇོག་མི་རུང་བའི་རྒྱང་སྐྱོད་ལྟ་བུ་ཡིན་ལུགས་བསྟན་པ་ཞིག་ཀྱང་ཡིན་པ་ལས། དམིགས་དོན་ཅི་ཡང་མེད་པར་གསན་སྦྱོང་གིས་དུས་འདའ་བར་མཛད་པ་ཞིག་གཏན་ནས་མིན། དེ་ཡང་ཇི་སྐད་དུ། “ལེགས་བཤད་བྱིས་པའི་ངག་ལས་ཀྱང་། མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། དྲི་ཞིམ་བྱུང་ན་རི་དྭགས་ཀྱི། ལྟེ་བ་ལས་ཀྱང་གླ་རྩི་ལེན”ཞེས་པའི་ལེགས་བཤད་ལ་གསལ་འགྲེལ་བགྱིས་པའི་དོན་དངོས་ལ་གྱུར་པ་ཞིག་ཀྱང་ཡིན། གཞན་ཡང་གུས་པས་འདིར་དགེ་རྒན་ཚོར་བསྐྱར་སྦྱོང་བྱས་ཏེ་རང་རང་གི་ཤེས་ཚད་ལ་སྒུལ་ཤུགས་གསར་པ་ཞིག་སྦྱིན་དགོས་པའི་སྐོར་གླེང་དོན་ནི། ཡང་ཇི་སྐད་དུ། “ཆུ་མིག་གསོག་པར་དཀའ་བ་ལ། བོར་ན་ཅིག་ཅར་ཉིད་དུ་འཛད། ཡོན་ཏན་དང་པོར་སློབ་དཀའ་ལ། ཤེས་བཞིན་མེད་ན་ཉམས་པ་སླ”ཞེས་ལེགས་བཤད་ཀྱིས་གསལ་སྟོན་བགྱིས་པ་ལྟར། ང་ཚོས་དང་ཐོག་དགེ་རྒན་བྱེད་ཐུབ་པའི་ཡོན་ཚད་ཅིག་ལྡན་པར་ལོ་མང་དཀའ་བ་སྤྱད་ཡོད་ལ། དེ་མཚུངས་སུ་དགེ་རྒན་གྱིས་ཀྱང་ང་ཚོའི་ཤེས་ཚད་ཀྱི་ཆེད་དུ་སྐུ་ངལ་མང་པོ་བསྐྱོན་ཡོད་མོད། འོན་ཀྱང་ང་ཚོ་དགེ་རྒན་གྱི་ལས་གནས་སུ་སླེབས་རྗེས་འགྲུལ་པ་ཞིག་ས་ཚིགས་སུ་འབྱོར་ནས་ལྷོད་དུ་ངལ་གསོ་བ་ལྟར་བསྡད་ཚེ། ལེགས་བཤད་ནང་བསྟན་པ་ལྟར་སྦྱངས་པ་རྣམས་ཀྱང་རིམ་གྱིས་ཉམས་འགྲོ་བས་ཤེས་ཚད་གོང་ནས་གོང་དུ་འཕེལ་རྒྱུ་ནི་གླེང་ཐབས་མེད་པ་ཞིག་གོ

དེས་ན་སྤྱི་ཚོགས་ཧྲིལ་པོས་གོང་དུ་བཀུར་བ་དང་བློ་གཏད་ཡིད་བཅོལ་བྱེད་ཡུལ་དུ་གྱུར་པའི་དགེ་རྒན་རྣམས་ཀྱིས་རང་རང་གི་སློབ་ཁྲིད་ཆེད་ལས་གང་ཡིན་པ་དེའི་བྱང་ཚད་མཐོ་རུ་གཏོང་རྒྱུ་བརྗོད་མེད་ལ། ཁྱོན་ཡོངས་ཀྱི་ཤེས་བྱའི་བྱང་ཚད་ཀྱང་གཏོང་མཐོར་བཏང་སྟེ་དགེ་མིང་འཛིན་པ་ཙམ་ལ་མ་འགྱུར་བ་བྱ་རྒྱུ་ནི་དགེ་རྒན་བྱས་པའི་མི་ཚེ་འདིར་དང་ལེན་བྱེད་དགོས་པའི་འཚོལ་ཞིབ་ཉག་ཅིག་ཡིན། གང་འདྲ་ཞིག་ལ་དགེ་མིང་འཛིན་པར་གྱུར་ཏམ་ཞེ་ན། ཁོ་བོའི་བསམ་པར་མིག་སྔར་སློབ་གྲྭ་འབྲིང་ཆུང་དང་། ཐ་ན་སློབ་གྲྭ་ཆེ་མོའི་ནང་དུའང་ཤེས་བྱར་འདུན་པ་དྲག་པོ་བཅངས་ཤིང་། ཤེས་བྱར་བརྟེན་ནས་མདུན་ལམ་ཡངས་པོ་ཞིག་ཡོང་བར་བསམ་གཞིག་ནན་པོ་བགྱིད་མཁན་སློབ་མ་འགའ་རེས་དགེ་རྒན་ལ་དཀའ་གནད་ཅིག་འདྲི་སྐབས་ཐད་ཀར་ལན་འདེབས་མི་ཐུབ་པར་ཐེངས་རྗེས་མར་ལན་རྒྱག་རྒྱུར་གཡོལ་བ་བའམ་ཡང་ན་ལན་ནན་པོ་དང་གནད་ལ་འཁེལ་བ་ཞིག་རྒྱག་མ་ཐུབ་པར་བརྒྱབ་པའི་ལན་གྱིས་སློབ་མ་རྣམས་ཁོང་དགོད་ཤོར་བར་གྱུར་པའང་མཐོང་ཆོས་གྱུར་པ་དང་། སློབ་ཆུང་འགའ་རེའི་དགེ་རྒན་ཉུང་ཤས་ལ་ཆ་མཚོན་ན། སློབ་གཞིའི་ནང་འཁོད་པའི་འདྲི་གཞི་དཀའ་བ་རྣམས་ཡོངས་རྫོགས་ཁྱིམ་སྦྱོང་དུ་བསྐུར་ཏེ་ཁྱིམ་བདག་གི་ས་ནས་འདྲི་ལན་ཡང་དག་ཅིག་ཐོབ་རྒྱུ་སྒུག་པའང་མཐོང་རྒྱུ་ཡོད་ལ། དེ་བཞིན་དུ་སློབ་མར་རྩོམ་ཡིག་འབྲི་རྒྱུའི་སྦྱང་ཚན་བཏོན་ནས་སློབ་མས་རེ་བ་བཞིན་རྩོམ་ཡིག་བྲིས་རྗེས་བཟོ་བཅོས་ལེགས་པོ་མི་རྒྱག་པའམ་བཟོ་བཅོས་བརྒྱབ་ཀྱང་གནད་འཁེལ་ཞིག་རྒྱག་མི་ཐུབ་པའང་རྟག་ཏུ་མཐོང་རྒྱུ་ཡོད་ཅིང་། དེ་ལྟ་བུ་ནི་དགེ་མིང་འཛིན་པ་ཙམ་དུ་གྱུར།

ང་ཚོས་མནོ་བསམ་ཞིག་ཐོངས་དང་། དགེ་རྒན་གྱིས་དགེ་མིང་འཛིན་པ་ཙམ་དུ་གྱུར་པའི་ཤེས་ཚད་ཅིག་སློབ་མའི་མདུན་དུ་བསྟན་པ་དེ་དང་དེ་རིགས་རྟག་པར་ཐོན་རྗེས་ཡང་སྙིང་སློབ་མའི་སེམས་ལ་འཆར་སྒོ་ཇི་ལྟ་བུ་ཡོང་གི་ཡོད་དམ། དེ་ནི་ང་ཚོས་ཚོད་དཔག་བྱ་དགོས་པ་ཞིག་ཡིན་ལ་ཚོད་དཔག་ཐུབ་པ་ཞིག་ཀྱང་ཡིན་ཏེ། དེ་ཡང་སློབ་མའི་སེམས་ལ་རང་གི་དགེ་རྒན་འདི་ཡང་རིག་གནས་ཤེས་ཚད་མཐོ་བ་ཞིག་མིན་པ་འདྲ། ཁོང་རང་ཉིད་ནས་ཀྱང་སློབ་དེབ་ལ་མ་བལྟས་པར་ཐད་ཀར་དཀའ་གནད་ལ་ལན་འདེབས་ཐུབ་ཀྱི་མི་འདུག་སྙམ་གྱི་ཡོད་ལ། སློབ་མས་དགེ་རྒན་སུ་ཞིག་གིས་སློབ་ཚན་ཉན་འདོད་བྱེད་པ་དང་། སུ་ཞིག་གིས་སློབ་ཚན་ཉན་མི་འདོད་པའི་རྣམ་འགྱུར་སྟོན་པ་ཡང་སློབ་མས་དགེ་རྒན་གྱི་བྱང་ཚད་ལ་ཡིད་མ་རངས་པའི་མཚོན་ཚུལ་ལས་མ་འདས། ཡང་དཔེར་ན། དགེ་རྒན་ཁག་གཅིག་གིས་སློབ་མར་རྩོམ་རིག་སློབ་ཚན་ཁྲིད་སྐབས་སློབ་དེབ་ནང་ཇི་འཁོད་སྒྲོག་སྦྱངས་བྱེད་པ་དང་། སྟབས་བདེའི་ཚིག་འགྲེལ་རྒྱག་པ་ཙམ་ལས་རྩོམ་གཞི་དེ་འབྲི་བའི་དམིགས་ཡུལ་དང་། རྩོམ་གྱི་བརྗོད་དོན་གཙོ་ཕལ་ཇི་ལྟར་ཡིན་ཚུལ་སོགས་འགྲེལ་བ་ལེགས་པོ་ཞིག་རྒྱག་གི་མེད་ཅིང་། རྩོམ་འབྲིའི་ནུས་རྩལ་མཐོར་འདེགས་བྱེད་པའི་ལག་ལེན་ནང་ཁྲིད་རྒྱུར་སྣང་ཆུང་བྱེད་པ་སོགས་རྩོམ་རིག་སློབ་ཚན་དེར་ཁྲལ་གོ་འཁྱོལ་བྱེད་ཀྱི་ཡོད་སྟབས་སློབ་མས་རྟག་ཏུ་རྩོམ་ཡིག་བྲིས་ཀྱང་ཆུ་ཚད་མཐོ་རུ་འགྲོ་དཀའ་བའི་སྣང་ཚུལ་མངོན་གྱི་ཡོད་པ་རེད།8FH
       ང་ཚོས་བསམ་གཞིག་ནན་ཏན་བྱེད་དགོས་པ་ཞིག་ལ། སློབ་འབྲིང་དང་མཐོ་འབྲིང་སློབ་དེབ་ཀྱི་ནང་དོན་ཕལ་མོ་ཆེ་ཞིག་ལ་རྩོམ་རིག་གི་ནང་དོན་ཚུད་ཡོད་པས། སློབ་ཆུང་ལོ་རིམ་གསུམ་པ་བཞི་པ་ནས་འགོ་བཙུགས་ཏེ་སློབ་མར་རྩོམ་ཡིག་སྣ་ཚོགས་འབྲི་སྟངས་སློབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། གལ་ཏེ་སློབ་ཆུང་སྐབས་ནས་བརྗོད་བྱའི་བརྒྱུད་རིམ་ཅུང་ཐུང་བའི་རྩོམ་ཡིག་ལེགས་པོ་ཞིག་ཀྱང་འབྲི་མ་ཐུབ་ཚེ། རྨང་གཞི་མེད་པའི་དབང་གིས་སློབ་འབྲིང་དང་། མཐོ་འབྲིང་དུ་སླེབས་སྐབས་སློབ་གཞིའི་ནང་དོན་དང་བླང་བྱ་སོགས་དང་འཚམས་པའི་རྩོམ་ཡིག་འབྲི་མི་ཐུབ་ལ། སྐབས་དེར་དགེ་རྒན་གྱི་རྩོམ་འབྲིའི་ཐད་ཤུགས་སྣོན་ཇི་ཙམ་བརྒྱབ་ཀྱང་ཕན་འབྲས་ཐོན་ཧ་ཅང་ཁག་པོ་ཡིན། དེ་ཡང་བོད་པའི་ཁ་རྒྱུན་དུ། “རྟ་ཕོའི་ཤེད་མོ་རིང་ནས་གསོ།”ཞེས་པ་ལྟར་སློབ་མའི་ཤེས་བྱའི་ཕྱོགས་ཡོངས་ཀྱི་བྱང་ཚད་དེ་རྨང་གཞིའི་སློབ་གསོ་ནས་དམ་འཛིན་བྱེད་དགོས་པ་ལས། སྐབས་བསྟུན་གྱིས་ཤེས་ཚད་མཐོ་པོ་ཡོང་ཐབས་བྱེད་པ་ནི་བྱ་བའི་བརྒྱུད་རིམ་གྱི་ཆོས་ཉིད་ལས་ལྡོག་པ་ཞིག་ཡིན་པས་དེར་བརྟེན་དགེ་རྒན་རྣམས་ཀྱིས་དམིགས་ཚད་མངོན་འགྱུར་བྱེད་པར་དགེ་རྒན་རང་ངོས་ཀྱི་རྩོམ་འབྲིའི་ལག་ལེན་དང་བྱང་ཚད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡང་སློབ་མར་སློབ་ཚན་ཁྲིད་པའི་རྒྱགས་ཕྱེ་གསོག་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་ཀྱི་རེད་སྙམ།

གསལ་པོར་བཤད་ན། དགེ་རྒན་ལ་རྩོམ་འབྲིའི་ཤེས་བྱ་དང་ཡོན་ཚད་ངེས་ཅན་ཞིག་ལྡན་རྒྱུར་དུས་དང་རྣམ་པ་ཀུན་ཏུ་ཤུགས་སྣོན་རྒྱག་དགོས་པ་ཡིན་ཏེ། འདིར་ཤེས་བྱ་དང་། ཡོན་ཚད་ཅེས་བཤད་ནས་དེར་གསལ་འགྲེལ་བརྒྱབ་ཚེ། དོན་གཅིག་མིང་གི་རྣམ་གྲངས་འདྲ་བར་སྣང་ཡང་ལོགས་སུ་དབྱེ་དགོས་དོན་གང་ཡིན་ཞེ་ན། རྩོམ་འབྲིའི་ཤེས་བྱ་ལྟ་བུར་མཚོན་ན། སྤྱིར་རྩོམ་ལུགས་ཇི་ལྟ་ཇི་ལྟར་གྱི་རྣམ་གྲངས་དང་། རྩོམ་གཟུགས་གྲུབ་ཚུལ། བརྗོད་དོན་བསྟན་ལུགས་སོགས་ལ་བརྗོད་འདོད་ལ། ཡོན་ཚད་ནི་རྩོམ་ལུགས་རྟོགས་རྗེས་ཀྱི་གོ་སྟོབས་དང་རྩོམ་རྩལ་ལ་བརྗོད་པ་ཡིན། དེང་སང་དགེ་རྒན་མང་ཆེ་བར་རྩོམ་ཡིག་གང་ཞིག་རྣམ་པ་གང་གི་ཁོངས་སུ་གཏོགས་པ་དང་། རྩོམ་ལུགས་གང་ཞིག་འབྲི་སྐབས་དེ་ལ་ཁྱད་ཆོས་གང་དང་གང་ཞིག་ཚང་དགོས་ལུགས་སོགས་རྩོམ་འབྲིའི་ཤེས་བྱ་ནས་ཤོད་ཆོག་ཆོག་ཡོད་ཀྱང་། རང་ངོས་ནས་རྩོམ་ཡིག་འབྲི་སྐབས་ཧ་ཅང་དཀའ་བའི་ངང་ཚུལ་མཐོང་ཆོས་སུ་གྱུར། མཚོན་ཚུལ་དེ་ཡང་ཇི་ལྟར་ཡིན་ཚུལ་དཔེར་དྲངས་ན། འཕྲུལ་འཁོར་ལ་ལྷུ་ལག་ཅི་འདྲ་དགོས་པ་རང་ཉིད་ལ་ཡོད་བཞིན་དུ་སྒྲིག་སྦྱོར་མི་ཤེས་པ་ལྟ་བུ་རེད། སློབ་མར་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་ཡང་དག་པ་ཞིག་ཐུབ་པ་དགོས་ན། ཆ་རྐྱེན་གཙོ་བོ་ཞིག་ནི་དགེ་རྒན་རང་གིས་རྩོམ་འབྲིའི་ལག་ལེན་ནང་ཞུགས་ནས་བཞུན་བརྡར་ལེགས་པར་སྤྲས་ནས་མྱོང་བ་ལྡན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་གལ་ཆེ། དེ་ལྟར་བྱུང་ཚེ་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་གནད་སྨིན་ཐུབ་པ་དང་། སློབ་མའི་རྩོམ་ཡིག་ལ་བཟོ་བཅོས་རྒྱག་པའི་ཤེས་ཚད་ལྡན་ཐུབ་སྟེ། དག་ཆ་བཅོས་པ་ཙམ་ལས་གཞན་གྱི་བཅོས་སྒྲིག་ནུས་པ་ཆུང་བའི་ཞན་ཆ་སེལ་ཐུབ། འདིར་དམིགས་སུ་རྩོམ་འབྲིའི་སློབ་ཁྲིད་སྐོར་ནས་དཔེ་དོན་དྲངས་ནས་བཤད་པ་ཙམ་མ་གཏོགས། རྒྱ་ཆེ་ས་ནས་བཤད་ཚེ་སུམ་རྟགས་དག་གསུམ་གྱི་ཐད་ལའང་དགེ་རྒན་རང་ངོས་ཀྱི་ཤེས་ཚད་དེ་དེབ་ལ་བལྟས་ནས་ཤོད་པ་ཙམ་མིན་པར་སློབ་མས་གང་ཞིག་དྲིས་ཚེ་དེར་ངག་ཐོག་ནས་ལན་འདེབས་ཐུབ་པའི་ཤེས་ཚད་ལྡན་དགོས་ཀྱི་རེད།

རང་རེ་དགེ་རྒན་རྣམས་ཀྱི་ཤེས་བྱའི་བྱང་ཚད་ལ་རིག་གནས་གཙོ་བོ་ཡིན་པ་ཕུད། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། སློབ་ཁྲིད་བྱེད་ཐབས་ཀྱང་ཤེས་བྱ་ཡིན་ལ་གལ་འགངས་ཆེ་བས་དེའི་ཐད་ཀྱི་ཤེས་ཚད་ཀྱང་གོང་མཐོར་གཏོང་རྒྱུ་དེ་དེང་རབས་སློབ་ཁྲིད་ཀྱི་བླང་བྱ་གལ་ཆེན་ཞིག་རེད། བདག་གི་སེམས་ལ་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སློབ་མས་ལེགས་པར་མི་ཉན་པའམ། ཉན་པ་དེ་ཨུ་ཚུགས་བརྒྱབ་པ་ལྟ་བུ་འམ་ཉན་བཞིན་དུ་ཉོབ་མདངས་སྟོན་པའི་སྣང་ཚུལ་ཡོད་ཕྱིན། དེ་ནི་སློབ་མ་ཁོ་ནའི་བརྩོན་འགྲུས་ཀྱིས་མ་འདང་བ་མིན་གྱི། དེར་དགེ་རྒན་རང་ངོས་ནས་སློབ་ཚན་ཁྲིད་རྩལ་མ་འདང་བའི་རྒྱུ་རྐྱེན་ཡོད་པས། དགེ་རྒན་ཚོས་རང་ཉིད་ཀྱི་སློབ་ཚན་ཁྲིད་སྟངས་ལ་རང་བཤེར་ནན་པོ་བྱེད་དགོས་པ་མ་ཟད། དགེ་རྒན་ཕན་ཚུན་སློབ་ཚན་ཁྲིད་ཐབས་སྐོར་གྱི་བགྲོ་གླེང་མང་པོར་བརྟེན་ནས་ལེགས་སྤེལ་ཉེས་འགོག་དང་། སྐྱོན་སྤོང་དགེ་སྒྲུབ་ཡོང་བ་བྱེད་དགོས་ཤིང་། དེ་ལྟར་བྱས་འགྱུར་ཚེ་དགེ་རྒན་ཡིན་པ་ཙམ་གྱིས་ཐམས་ཅད་ཤེས་ཀྱི་ཡོད་སྙམ་པའི་ཁེངས་དྲེག་འཇོམས་ཐུབ་ལ། རང་རང་གི་སློབ་ཁྲིད་བྱེད་ཐབས་ཐད་བློ་སྒོ་གསར་འབྱེད་བྱེད་ཐུབ།

གཉིས། ཀུན་སྤྱོད་བྱང་ཚད་གོང་མཐོར་གཏོང་དགོས་པའི་སྐོར་བཤད་པ།

སྤྱིར་ན་སྤྱི་ཚོགས་ཧྲིལ་པོས་དགེ་རྒན་ལ་གུས་བཀུར་ཆ་འཇོག་ཞུ་གི་ཡོད་ལ། དེ་བས་ཀྱང་དགེ་རྒན་གྱི་བྱ་བར་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བགྱིས་དང་བགྱིད་བཞིན་ཡོད་པས། སྤྱི་ཚོགས་ཀྱི་གནས་བབ་མི་དམན་པའི་འོག་རང་རེ་དགེ་རྒན་གྱིས་སོ་སོའི་ཀུན་སྤྱོད་བྱང་ཚད་རྒྱུན་མཐུད་ཀྱིས་གོང་མཐོར་གཏོང་དགོས་པའི་ངོས་འཛིན་བྱེད་དགོས་ཀྱི་རེད། གོང་དུ་བདག་གིས་གཙོ་བོ་དགེ་རྒན་གྱི་ཤེས་ཚད་སྐོར་བཤད་ཀྱང་སྐད་ཆ་དུམ་བུ་འདིའི་ནང་ཀུན་སྤྱོད་དང་ཤེས་བྱ་གནས་བབ་གཅིག་མཚུངས་སུ་བཞག་ནས་ཚད་གཞི་མཐོར་འདེགས་བྱེད་དགོས་ཀྱི་རེད་ཅེས་སྨྲ་བར་སྤོབས་སོ།

དེའང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་དམས་སློབ་མར་བབ་ཆགས་བཟང་ངན་ཇི་འཇོག་ལ་རག་ལུས་ཀྱི་ཡོད་པས། གལ་ཏེ་དགེ་རྒན་གྱི་ཀུན་སྤྱོད་དེ་སྤྱིར་བཏང་བ་ཙམ་དུ་གྱུར་ཚེ་སློབ་མ་ཡང་དེ་ལྟ་བུ་ལས་མ་འདས། གང་ལགས་ཤེ་ན། སློབ་མས་གཤིས་སྤྱོད་ཕྱོགས་མང་པོ་ཞིག་གི་ཐད་དགེ་རྒན་ལ་ལྟ་གི་ཡོད་པས་ཡིན། དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་བར་བསམ་བློའི་ཀུན་སློང་སྔོན་འགྲོ་ཡིན་པས་ཀུན་སློང་ཇི་ལྟ་བུ་ཞིག་དགོས་སམ་ཞེ་ན། བདག་གི་ལྟ་ཚུལ་ལྟར་ན་དགེ་རྒན་ཞིག་གི་ངོས་ནས་བཤད་ན། རང་གི་འོག་ན་སློབ་མ་ཧ་ཅང་མང་པོ་ཡོད་པ་དེ་དག་གིས་རང་ཉིད་ལ་མིག་ཟུང་བསྡིགས་ནས་བསྡད་ཡོད་པ་དེ་གཏན་ནས་བརྗེད་མི་རུང་བ་མ་ཟད། ཁོང་ཚོའི་མིག་ལམ་དུ་ཀུན་སྤྱོད་ཚད་ལྡན་གྱི་མིག་དཔེ་བཟང་པོ་སྟོན་རྒྱུ་དེ་སློབ་ཁྲིད་ལེགས་པོ་ཞིག་བྱེད་པ་དང་དབྱེར་མེད་ཀྱི་འགན་འཁྲི་ཞིག་ཡིན་སྙམ་དགོས་པ་དེ་རེད།

དེ་ཡང་ང་ཚོས་ཤེས་གསལ་ལ་སློབ་ཆུང་སློབ་མར་མཚོན་ན། ཡང་དག་མིན་ཇི་ལྟར་ཡང་དགེ་རྒན་གྱིས་བཤད་པ་དེ་སློབ་མས་ཚད་གཞི་ཉག་ཅིག་ཏུ་འཛིན་གྱི་ཡོད་པ་སྟེ། དཔེར་ན། སློབ་མར་ཁྱིམ་སྦྱོང་བསྐུར་བ་དེ་དགེ་རྒན་གྱིས་ཧོལ་རྒྱུག་ཤོར་ཏེ་བཅོས་ནོར་བྱུང་ཡོད་པ་གང་ཞིག་ཁྱིམ་བདག་གིས་བསྐྱར་བཅོས་བྱེད་སྙམ་ཡང་སློབ་མས་རྒན་ལགས་ཀྱིས་བཅོས་པ་དེ་རང་མ་གཏོགས་ཁས་གཏན་ནས་ལེན་གྱི་མེད་པས། དེའི་ཐོག་ནས་སློབ་མས་དགེ་རྒན་གྱི་གཏམ་སྤྱོད་ཐམས་ཅད་ཡང་དག་ཚད་མར་འཛིན་གྱི་ཡོད་པ་དེ་ར་འཕྲོད་ཡོང་གི་ཡོད། དེ་མིན་ཀུན་སྤྱོད་ཀྱི་བྱང་ཚད་དེ་ལུས་ངག་ཡིད་གསུམ་ནས་མཐོར་འདེགས་བྱེད་དགོས་ཏེ། ཕྱི་ལུས་ཀྱི་བྱེད་རྩོལ་གང་ནས་ཀྱང་ཁ་ཞེ་གཉིས་མེད་ཡིན་པའི་ཡ་རབས་ཀྱི་ངང་ཚུལ་ཡོད་པ་ཞིག་དང་། གཏམ་ཅི་བཤད་གུས་ཞབས་ཞི་དུལ་གྱི་རྣམ་པ་ལྡན་དགོས་པ། དེ་དང་ཕྱོགས་མཚུངས་སློབ་མ་རྗེས་སུ་འཛིན་པའི་བསམ་བློ་སྐད་ཅིག་ཙམ་མ་དོར་བར་བརྟེན་ནས་རང་གི་ཀུན་སྤྱོད་ལ་རང་གིས་ཚད་འཇལ་དགོས་ཀྱི་རེད། གལ་སྲིད་དགེ་རྒན་རང་ཉིད་ལུས་ངག་ཡིད་གསུམ་རང་ཚུགས་སུ་གནས་མི་ཐུབ་པ་ཞིག་དང་། ཚུལ་ལྡན་མིན་པར་འགྱུར་ཚེ་སློབ་མར་ཀུན་སྤྱོད་སྐོར་གླེང་ནུས་བྲལ་བར་འགྱུར་ངེས་ལ་སྤྱི་ཚོགས་ཐོག་གཟི་བརྗིད་ལྡན་པའི་དགེ་རྒན་གྱི་མཚན་སྙན་ཡང་རང་དགར་ཉམས་རྒྱུ་ཡིན་པས་རང་གི་སྒོ་གསུམ་ལེགས་པའི་ཀུན་སྤྱོད་ཀྱི་རིན་ཐང་དེ་རང་གིས་ཆུང་དུ་གཏོང་བ་དང་། དགེ་རྒན་སྤྱིའི་ཞབས་འདྲེན་དུ་འགྱུར་སྲིད་པའི་ཀུན་སྤྱོད་ཡ་མ་གཟུགས་མཐའ་དག་བཀག་སྟེ་ཀུན་སྤྱོད་ཀྱི་ཐོག་ནས་སློབ་མ་དང་སྤྱི་ཚོགས་ཧྲིལ་པོས་གུས་བཀུར་མི་ཞུ་རང་ཞུ་ཞིག་ཏུ་འགྱུར་བ་བྱེད་དགོས་ཀྱི་རེད། ཇི་སྐད་དུ། “ཕ་མ་བཟང་པོའི་བུ་ཕྲུག་དང་། དགེ་རྒན་བཟང་པོའི་སློབ་ཕྲུག”ཅེས་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པ་དང་ཀུན་སྤྱོད་ཀྱིས་མཛེས་པའི་ཕ་མ་དང་དགེ་རྒན་གྱི་ཐོག་ནས་བྱུང་བའི་སློབ་མའི་སྤོབས་སེམས་སྐྱེ་འོས་པའི་ཆོད་གཏམ་དེ་ཡང་མིག་ལྟོས་བཟང་པོ་ལས་བྱུང་བ་ཞིག་ཡིན་ཕྱིར། ང་ཚོས་དགེ་རྒན་གྱི་ཀུན་སྤྱོད་དེ་སློབ་མའི་ཀུན་སྤྱོད་ལེགས་པོ་ཡོང་བའི་རག་ལུས་སའི་གཟུགས་བརྙན་གསོན་པོ་ཞིག་ཡིན་པ་ཤེས་དགོས་ཀྱི་རེད།

མིག་སྔར་རང་ལྗོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཐོག་དགེ་རྒན་མང་ཆེ་བའི་ཀུན་སྤྱོད་མི་དམན་པ་ཡོད་པ་དེས་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བཀུར་བའི་སྣང་ཚུལ་བཟང་པོ་སྲུང་འཛིན་ཐུབ་ཡོད་ལ། གཟི་བརྗིད་ལྡན་པའི་མི་དམངས་ཀྱི་དགེ་རྒན་ཞེས་ཡུན་རིང་ནས་ཐོབ་པའི་མཚན་སྙན་རྒྱུན་འཛིན་ལེགས་པོ་ཐུབ་ཡོད་མོད། འོན་ཏེ་ང་ཚོས་དགེ་རྒན་ཉུང་ཤས་ཀྱི་ཀུན་སྤྱོད་ཚད་ལྡན་མིན་པ་ཡང་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། དཔེར་ན། སློབ་གྲྭ་འགའ་རེའི་ནང་དགེ་རྒན་ཆེས་ཉུང་ཤས་ཀྱིས་ཆང་འཐུང་ཤོ་སྦག་ལ་རོལ་བ་དང་། རྣམ་གཡེང་ལེ་ལོར་ཞེན་པའི་སྣང་ཚུལ་མཐོང་རྒྱུ་ཡོད་ཅིང་། གལ་ཏེ་དགེ་རྒན་གྱིས་བྱ་གཞག་གང་ལའང་ཕན་པ་ཅི་ཡང་མེད་པའི་ཆང་འཐུང་ཤོ་སྦག་ལ་རོལ་བ་སོགས་སློབ་མས་ཤེས་ཚེ། སློབ་མའི་སེམས་ནང་འཆར་སྒོ་ཇི་ལྟ་བུ་ཞིག་ཡོང་ངམ། ང་ཚོས་སྐྱོར་མྱོང་བའམ་ཐོས་མྱོང་བ་སྟེ། “གང་ཞིག་སོལ་བའི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་སོལ་བར་འགྱུར། གང་ཞིག་གསེར་གྱི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་ལ་འགྱུར”ཞེས་པའི་ལེགས་བཤད་དེས་དགེ་རྒན་ལྟ་བུར་མཚོན་ན་རང་ཉིད་གསེར་གྱི་རི་འམ་ཡང་ན་སོལ་བའི་རི་གང་ཞིག་ཏུ་འགྱུར་བ་དེ་ལྟར་སློབ་མ་ཡང་འགྱུར་རྒྱུ་ཡིན་པར་གོ་བ་ལེན་དགོས་པ་རེད།

དགེ་རྒན་གྱི་ཀུན་སྤྱོད་བཟང་ངན་གྱི་གཟུགས་བརྙན་དེ་སྤྱིར་བཏང་སྐྱེ་བོ་ལས་ཀྱང་མངོན་གསལ་དོད་པ་ཞིག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལ་སློབ་མ་ཧ་ཅང་མང་པོས་ལྟ་བཞིན་ཡོད་པས་མ་ཚད། སློབ་མའི་ཁྱིམ་བདག་འཁོར་དང་བཅས་པས་ཀྱང་ལྟ་ཞིབ་བྱེད་བཞིན་ཡོད་པས་སོ། ཡང་སྒོས་ང་ཚོ་དགེ་རྒན་ཚོས་བསམ་གཞིག་བྱེད་དགོས་པ་ཞིག་ནི། ད་ལྟ་རང་ཉིད་ཀྱི་འོག་ཏུ་ཡོད་པའི་སློབ་ཕྲུག་ཆུང་ཆུང་དེ་རྣམས་དུས་རྟག་ཏུ་སློབ་ཕྲུག་ཆུང་ཆུང་མིན་པར་རིང་མིན་དུ་མི་རྒན་ཆགས་རྒྱུ་ཡིན་ལ། སློབ་ཕྲུག་ཆུང་ཆུང་དེ་ཚོའི་ཁྲོད་ནས་མང་པོ་ཞིག་ད་ལྟ་ང་ཚོ་དགེ་རྒན་ལས་ལྷག་པའི་ཤེས་ལྡན་པ་དང་འཇོན་ཐང་ཅན་དུ་འགྱུར་སྲིད་ངེས་དང་། ཐ་ན་ཁག་གཅིག་གྲགས་ཅན་མི་སྣར་ཡང་འགྱུར་སྲིད་པས། འབྱུང་འགྱུར་མི་རབས་དེ་དག་གིས་རྟག་ཏུ་རང་ཉིད་ཀྱི་ཆུང་དུས་ལ་དྲན་གསོ་བྱེད་སྐབས་དགེ་རྒན་ནི་སྔར་བཞིན་དྲན་གསོའི་མི་སྣ་གཙོ་བོར་འགྱུར་རྒྱུ་ཡིན་ཞིང་། དགེ་རྒན་དེ་དང་དེའི་ཀུན་སྤྱོད་སྐོར་ཡང་གླེང་རྒྱུ་ཡིན་པས་ན། ང་ཚོས་དགེ་རྒན་གྱི་ཀུན་སྤྱོད་དེ་ནམ་ཡང་མི་མང་པོས་གླེང་སྲིད་པའི་བརྗོད་དོན་ཞིག་ཡིན་པར་བསམས་ནས་སློབ་མའི་མདུན་དུ་ཀུན་སྤྱོད་ལེགས་པོ་སྟོན་རྒྱུ་དེ་སློབ་གྲྭའི་ནང་དང་། སློབ་ཚན་ཁྲིད་སྐབས་ཙམ་མིན་པར་ དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བ་ཞིག་དགོས་ཀྱི་རེད།

མདོར་ན། སློབ་མའི་སློབ་སྦྱོང་ལེགས་པོ་ཡོང་བའི་རག་ལུས་སའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དགེ་རྒན་ཡིན་པ་དང་། ཚད་བཀག་ཡོད་པའི་ལོ་རིམ་སོ་སོའི་ནང་སློབ་ཚན་ཁག་ཁོང་དུ་ལེགས་པར་ཆུད་པ་བྱེད་པའི་འགག་རྩ་ནི་དགེ་རྒན་གྱི་སློབ་ཁྲིད་ཤེས་བྱའི་བྱང་ཚད་ཡིན་ལ། དེ་བཞིན་དུ་ཀུན་སྤྱོད་དང་ཤེས་བྱའི་ཚད་དབར་གྱི་འབྲེལ་བ་ནི་ཁ་བྲལ་དུ་མེད་པ་ཞིག་ཡིན་ཞིང་། སྤྱིར་ཤེས་ཡོན་ལྡན་པའི་སྐྱེ་བོའི་ཀུན་སྤྱོད་ཀྱང་ལེགས་པ་དང་། ཀུན་སྤྱོད་ལེགས་པའི་སྐྱེ་བོའི་ཤེས་བྱ་དང་ཕྱོགས་ཡོངས་ཀྱི་བྱང་ཚད་ཀྱང་མཐོ་བ་དེ་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར་གཤིས། ང་ཚོ་དགེ་རྒན་ཡོད་དོ་ཅོག་གིས་ཀུན་སྤྱོད་ལ་བརྟེན་ནས་ཤེས་ཚད་མཐོར་གཏོང་དང་། ཤེས་བྱར་བརྟེན་ནས་ཀུན་སྤྱོད་ལེགས་པོ་ཡོང་བ་བྱེད་དགོས་ལ། རང་ཉིད་ཀྱི་ཤེས་ཚད་མཐོར་གཏོང་དང་། ཀུན་སྤྱོད་ལེགས་གཏོང་གི་བསམ་པའི་ཀུན་སློང་བཟང་པོ་དང་བྱ་སྤྱོད་དོན་འཁྱོལ་དེ་དགེ་རྒན་རྣམས་དབར་གྱི་འགྲན་རྩོད་བྱེད་གཞི་ཞིག་དང་། སློབ་མའི་ཁྲོད་དང་སྤྱི་ཚོགས་ཐོག་གཟུགས་བརྙན་བཟང་པོ་ཞིག་འཇོག་པའི་རིན་ཐང་ཆེ་བའི་འགྲན་རྩོད་ཅིག་ཏུ་འགྱུར་བ་བྱེད་དགོས་ཤིང་། འདི་གར་གུས་པས་དགེ་རོགས་རྣམས་ལ་རང་གི་བསམ་ཚུལ་གང་དྲན་གླེང་བ་འདིར་སྐྱོན་དང་ནོར་འཁྲུལ་ཡོད་ངེས་ན་བླང་དོར་གང་ལེགས་ཡོད་པ་ཞུ་རྒྱུ་དང་བཅས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།