བོད་ཤར་མུ་ཏིག་གི་རྣམ་པ་གསར་པ་མངོན།



 

ཁང་པ་གོག་ཧྲུལ་དང་། རྡིབ་ཉེན་ཆེ་བའི་ཟམ་པ། ཁྲོམ་གཞུང་གང་སར་ཆུ་སྙིགས་དང་གད་སྙིགས་ཀྱིས་ཁེངས་པ། བྱམས་པ་གླིང་དགོན་དུ་བསྐྱོད་སའི་སྐྱ་ལམ་དུ་རླངས་འཁོར་བསྐྱོད་ཚེ་ལམ་སེང་ཐལ་རྡུལ་འཚུབ་པ་བཅས་ནི་ལོ་གསུམ་ལྷག་ཙམ་གོང་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་དུ་མཐོང་བའི་སྣང་ཚུལ་རེད། ད་ཆ་ཆབ་མདོར་ཐོག་བརྩེགས་ཁང་ཆེན་དང་། སྲ་ཞིང་བརྟན་པའི་ཟམ་པ། གཙང་ཞིང་གྲལ་འགྲིག་པའི་ཁྲོམ་གཞུང་། བྱམས་པ་གླིང་དགོན་བར་དུ་སྣུམ་ནག་ལམ་ཆེན་ཤར་གཏོང་ཐུབ་ནས་ཐལ་རྡུལ་མེད་པས་ལམ་ངོས་ཀྱི་དད་ལྡན་མང་ཚོགས་ཀྱང་ཁ་འགེབས་དགོས་མེད། བོད་ཤར་མུ་ཏིག་གི་ས་ཆ་ཆབ་མདོ་མཛེས་སུ་ཕྱིན་པ་ནི་2012ལོ་ནས་གྲོང་ཁུལ་རྙིང་པར་སྒྱུར་བཀོད་བྱས་པ་ལས་བྱུང་བ་ཞིག་རེད།

དུས་ཡུན་རིང་པོའི་ནང་། དཔལ་འབྱོར་དང་། ས་ཁམས། འགྲིམ་འགྲུལ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་ཕོག་པས་ཆབ་མདོ་གྲོང་ཁྱེར་གྱི་འཛུགས་སྐྲུན་འཕེལ་རྒྱས་འགྲོ་འགོར་པོ་བྱུང་ཡོད། 2011ལོའི་ལོ་མཇུག་བར། གྲོང་ཁུལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4.6ལས་ཟིན་གྱི་མེད་པ་དང་གྲོང་ཁུལ་རྙིང་པ་80%སྒྱུར་བཀོད་བྱས་མེད། “སྒྱུར་བཀོད་མ་བྱས་གོང་། གྲོང་ཁུལ་གྱི་འགྲོ་ལམ་གུ་དོག་ལ་འདམ་རྫབ་ཀྱིས་ཁེངས་པ་དང་། ཆུ་སྙིགས་གང་སར་རྒྱུག་པ། མི་དང་རླངས་འཁོར་འཚང་ཁ་ཆེ་བ། ཆུ་སྤྲོད་ཆུ་འབུད་སྒྲིག་ཆས་མེད་པ། གྲོང་མི་སྡོད་ས་མང་ཆེ་བ་སོ་ཕག་གི་ཁང་པ་ཡིན་པ་དང་། འཛུགས་སྐྲུན་བྱེད་ཚད་མང་བ། བཀོད་པ་རྙོག་འཛིང་ཆེ་བ། ཉེན་ཡོད་ཁང་པ་མང་བ་སོགས་རེད”ཅེས་ཆབ་མདོ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ཅུས་ཀྲང་ཧོ་དབྱིང་ཀྲང་གིས་བཤད།

ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་མངོན་གསལ་དོད་པའི་གནད་དོན་རྦད་དེ་ཐག་གཅོད་བྱེད་ཆེད། ཆབ་མདོ་གྲོང་རྡལ་གྱིས་བརྟག་ཞིབ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ཏེ། 2012ལོའི་ཟླ་4པར་ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ལས་དོན་ཕྱོགས་ཡོངས་ནས་འགོ་བཙུགས་པ་དང་འབྲེལ། ཆབ་མདོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ལེགས་སུ་གཏོང་བ་ཡང་དུས་གཅིག་ཏུ་བྱས་པ་རེད། “སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་རས་འཁོར་རྒྱུག་བྱེད་པའི”རྣམ་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་མ་དངུལ་དང་བོད་སྐྱོར་མ་དངུལ་བསྡུ་སྒྲིལ་དང་། དངུལ་བུན་མ་རྩ་མཉམ་འདྲེས། དམངས་ཁྲོད་མ་དངུལ་སྐོང་འཐེན་སོགས་ཀྱི་ཐབས་ལམ་བརྒྱུད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་70གྲབས་གསོག་བྱས་པ་རེད། “ས་ཆ་ཅུང་ལེགས་པར་ང་ཚོས་ཕྱི་དངུལ་ནང་འདྲེན་དང་ཚོང་ཁང་བཙུགས་པར་བརྟེན་ནས་མ་དངུལ་གྱི་གནོན་ཤུགས་ཆུང་དུ་ཆེས་ཆེར་བཏང་བ་ཡིན”ཞེས་ཧོ་དབྱིང་ཀྲང་གིས་བཤད།

གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་གྲོང་མིའི་གནས་སྤོ་ནི་སྔ་ས་ནས་གནད་དོན་ཆེན་པོ་ཞིག་རེད། ད་ཐེངས་ཆབ་མདོའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ཁྲོད་ཁྱོན་བསྡོམས་གྲོང་མི་དུད་ཚང་1300ལྷག་ཙམ་གནས་སྤོས་པ་དང་བཤིགས་པའི་ཁང་པའི་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་ཁྲི་27ཟིན་གྱི་ཡོད། ཧོ་དབྱིང་ཀྲང་གིས་བར་བརྒལ་བཀོད་སྒྲིག་བྱེད་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་མི་བཀོད་སྒྲིག་འོས་འཚམ་བྱས་ཡོད། ཁང་པ་གླས་ནས་སྡོད་མཁན་ལ་སྲིད་གཞུང་ནས་གཡར་གླ་སྤྲོད་པ་དང་། ཁང་པ་གླ་མི་ཐུབ་པར་སྲིད་གཞུང་གིས་གནས་སྐབས་སྡོད་གནས་སྤྲད་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

ཆབ་མདོ་གྲོང་ཁུལ་གྱི་རྒྱལ་ཁའི་ཁྲོམ་གཞུང་དུ་སྒྱུར་བཀོད་མ་བྱས་གོང་མི་དང་རླངས་འཁོར་ཟང་ཟིང་ཆེ་བ་དང་ཤར་བགྲོད་སྟབས་བདེ་མེད། ད་ཆ་གསར་དུ་བསྐྲུན་པའི་རྒྱལ་ཁའི་ཁྲོམ་གཞུང་འོག་ཏུ་ས་ཕུག་དྲུས་ནས“རླངས་འཁོར་ས་ཕུག་ནས་སྐྱོད་པ་དང་། མི་ཁྲོམ་གཞུང་ནས་འགྲོ”ཡི་ཡོད། ཆབ་མདོའི་རྟེན་རྫས་བཤམས་མཛོད་ཁང་ལྟེ་བར་བྱས་པའི་ཚོང་ཁང་རིམ་པ་སྟར་ཆགས་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རྣམས་རི་སྟེང་གི་བྱམས་པ་གླིང་དགོན་དང་གཅིག་ལ་གཅིག་བརྒྱན་གྱིས་ཆགས་འདུག

ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་དུས་གཅིག་ཏུ་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ལེགས་སུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་བས། གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་མ་ཟད། གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཀྱང་ཆེ་རུ་ཕྱིན་ཡོད།

སྒྲིག་ཆས་ལེགས་སུ་དང་གྲོང་ཁྱེར་མཛེས་སུ་ཕྱིན་པས། ཆབ་མདོ་གྲོང་ཁྱེར་གྱིས་སླར་ཡང་གྲོང་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲོང་མི་མང་དག་ཅིག་གིས་དེ་སྔ་གྲོང་ཁུལ་དུ་ཐ་མག་རོ་ཏོ་དང་ཤོག་སྙིགས་སོགས་སྒྲུག་མཁན་ཞིག་མཐོང་མྱོང་ཡོད། ཁོང་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་རེད། ཆབ་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་ཅིག་གིས“ཧྲུའུ་ཅི་རང་ཉིད་ཀྱིས་འཛེམ་བག་མེད་པར་གད་སྙིགས་སྒྲུག་གནང་དུས། ང་ཚོས་དེ་བས་འཛེམ་བག་བྱེད་དགོས་དོན་མེད”ཅེས་གསར་འགོད་པར་བཤད། “ད་ཆ་ཚང་མའི་འཕྲོད་བསྟེན་གྱི་འདུ་ཤེས་ཟབ་ཏུ་སོང་ནས་གྲོང་ཁུལ་དེ་སྔ་ལས་གཙང་དུ་ཕྱིན་པ་མ་ཟད། ང་ཚོའི་ལས་ཀའང་ཉུང་དུ་ཕྱིན་སོང”ཞེས་ཁོར་ཡུག་གཙང་སྦྲ་བ་རིན་ཆེན་ལྷ་འབྲུག་གིས་བཤད།

ན་ནིང་ཟླ་6པར། ཀྲུང་གོ་མི་རིགས་ཨར་སྐྲུན་ཞིབ་འཇུག་ལྷན་ཚོགས་རིགས་གཅིག་མཁས་པའི་ཚོགས་པས་ས་ཆ་དངོས་སུ་རྟོག་ཞིབ་དང་དཔྱད་ཞིབ་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་ལ“ཀྲུང་གོའི་སྲོལ་རྒྱུན་ཨར་སྐྲུན་རིག་གནས་ཡུལ་སྐོར་བྱ་ཡུལ”ཞེས་པ་དང་། ཆབ་མདོ་གྲོང་ཁྱེར་ཁམས་པའི་ཇ་རྟ་གྲོང་ཁྲོམ་གཞུང་ལ“ཀྲུང་གོའི་མི་རིགས་ཀྱི་ཕུལ་བྱུང་ཨར་སྐྲུན་གྲགས་ཅན་ཁྲོམ་གཞུང”ཞེས་མིང་བཏགས་པ་རེད། ད་ལྟ“བཟོ་ལས་དར་བ་དང་། ཚོང་དོན་དར་རྒྱས། བཀོད་པ་ལུགས་མཐུན། སྒྲིག་ཆས་ཆ་ཚང་། ནུས་པ་ཀུན་འཛོམས། ཁོར་ཡུག་མཛེས་པ་བཅས་ཀྱི”བོད་ཤར་གྱི་གྲོང་ཁྱེར་གསར་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་མཆིས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།