བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། 

 བོད་རང་སྐྱོང་ལྗོངས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ཁུངས་ཡོད་པ་དང་། སྤུས་ཀ་ལེགས་ལ་རྣམ་པ་སྣ་ཚོགས་ཀྱི་མ་བཅོས་རྒྱུ་ཆའི་ཐོན་ཁུངས་ཡོད་པས། དེས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་ལས་སྣོན་བཟོ་ལས་འཕེལ་རྒྱས་འགྲོ་རྒྱུར་མ་བཅོས་རྒྱུ་ཆ་མཁོ་འདོན་བྱས་དང་བྱེད་བཞིན་ཡོད། “ས་མཐོའི་མཆོག་ནོར ”ཞེས་པའི་འབྲིའི་འོ་མ་དང་ཚགས་ཤའི་ཐོན་རྫས་དང་གཙོད་ཀྱི་ཁུ་ལུའི་ཚབ་སྤྱོད་ཐོན་རྫས་ཡག་ཤོས་ཏེ། ར་དཀར་པོའི་ཁུ་ལུ་སོགས་ཚང་མ་ནི་ཀུན་གྱི་རྣ་བར་འཇགས་པའི་དམིགས་བསལ་གྱི་ཞིང་འབྲོག་ཐོན་ཟོག་ཤ་སྟག་རེད།

ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས “ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པའི ”དཔལ་འབྱོར་འཕེལ་རྒྱས་ཐབས་ཇུས་ལ་དམ་པོར་དམིགས་པ་དང་། ཁུལ་གནས་ལེགས་ཆར་གཞི་འཛུགས་པ། ཐོན་ཁུངས་ཀྱི་སྤུས་ཀར་བརྟེན་པ་བཅས་ཀྱི་ཐོག་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ཟོག་ལས་སྣོན་བཟོ་ལས་ཁྲོད་ཀྱི་ཁེ་ལས་གཙོ་བོ་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ཀྱིས་གསོ་སྐྱོང་བྱས་པས་བོད་དུ་ས་མཐོའི་ནས་རིགས་ཐོན་རྫས་དང་། ཤ་རིགས་ཐོན་རྫས། འོ་རིགས་ཐོན་རྫས་སོགས་གཙོ་བོར་བྱས་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།

“ཁུལ་བདུན་དང་གནས་བདུན ”གྱི་ཐོན་ལས་རྣམ་པ་རགས་ཙམ་ཆགས་པ།

ཆབ་མདོ་རྫོང་རུ་བཞི་ཤང་བསམ་མདོ་གྲོང་ཚོའི་བོད་བྱ་གསོ་སྤེལ་ར་བར་གྱང་དཀར་པོ་དང་ཐོག་སྔོན་པོ་ཡི་གསོ་སྤེལ་ཁང་མང་དག་ཅིག་གྲལ་སྟར་འགྲིག་པོར་བསྐྲུན་པའི་ནང་ནས་བྱ་སྐད་རྒྱུན་མི་ཆད་པར་གྲགས། དེར་བོད་བྱ་དང་བོད་བྱ་དཀར་པོའི་བྱ་ཕྲུག་3300གསོས་ཡོད་པ་དང་ཆ་སྙོམས་བྱས་ན་ཟླ་རེར་སྒོ་ང་ཁྲི་3ཙམ་སྙོལ་ཐུབ་ཀྱི་ཡོད།

བོད་བྱ་གསོ་སྤེལ་ར་བའི་འགན་འཁུར་བ་ཕུར་བུས “ང་ཚོའི་གསོ་སྤེལ་ར་བའི་སྒོ་ང་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག་ལ་བོད་བྱའི་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་འདུག ལོ་ལྟར་བྱ་ཕྲུག་བཙོངས་པ་ཁོ་ནས་ཡོང་འབབ་སྒོར་ཁྲི་མང་པོ་ཡོང་གི་ཡོད། གསོ་སྤེལ་ར་བ་བཙུགས་དོན་ནི་ཚང་མར་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུ་ཞིག་གཏོད་པའི་ཆེད་དུ་ཡིན ”ཞེས་བཤད་བྱུང་།

བསམ་མདོ་གྲོང་ཚོའི་བོད་བྱ་གསོ་སྤེལ་ར་བ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་རེད། ལོ་བཅུའི་རིང་བོད་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་སོང་བ་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་སོང་ཡོད། 2004ལོར་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་དང་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཁྱབ་ཁོངས་ཅན་གྱི་བཀོད་སྒྲིག་དང་། ཆེད་ལས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གསར་སྤེལ། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བཅས་ཀྱི་རྣམ་པ་ཐོག་མར་ཐོན་ནས་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་ཧུར་ཐག་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་དོན་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་བར་ལྗོངས་ཡོངས་ཀྱི་རྫོང་74ལ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་12ལག་བསྟར་བྱས་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་20.94བཏང་བ་དང་། རྟེན་གཞི་200ལྷག་ཙམ་འཛུགས་སྐྲུན་བྱས་པ། ཐོན་ལས་རྣམ་གྲངས་450ལྷག་ཙམ་བཀོད་སྒྲིག་བྱས་པ་བཅས་ལས་བོད་ཀྱི་བྱང་ཤར་གྱི་འབྲི་གཡག་དང་། བོད་ཀྱི་ནུབ་བྱང་རྒྱུད་ཀྱི་ཁུལ་ལྡན་ར། བོད་ཀྱི་དབུས་རྒྱུད་ཀྱི་ལུག བོད་ཀྱི་ཤར་རྒྱུད་ཀྱི་ནགས་ཁྲོད་ཐོན་ཁུངས་དང་སྨན་རྒྱུ། བོད་ཀྱི་དབུས་རྒྱུད་ཀྱི་རྒྱུད་བཟང་བཞོན་མ། གྲོང་འདབས་ཀྱི་སྤུས་ལེགས་སྔོ་ཚལ། བོད་དབུས་རྒྱུད་དང་བོད་ཀྱི་ཤར་རྒྱུད་ཀྱི་བོད་ཕག་དང་བོད་བྱ་བཅས “ཁུལ་བདུན་དང་རྒྱུད་བདུན ”གྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་པ་ཞིག་རགས་ཙམ་ཆགས་ཡོད།

སྣེ་འདྲེན་ཁེ་ལས་སྟོབས་ཆེར་བཏང་བས་མང་ཚོགས་ལ་འབབ་འཕར་བྱུང་བ།

ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་རིམ་སྤོར་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཕྱོགས་གཅིག་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་རར་བརྟེན་ནས་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་མང་དག་གཅིག་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་ཡོད། 2013ལོའི་བར་ལ་བོད་ཀྱིས་ཁྱོན་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་24ལ་རོགས་སྐྱོར་བྱས་པ་དང་ཆེད་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས་1895བཙུགས་པས་མཉམ་ལས་ནང་ཞུགས་མཁན་དུད་ཚང་ཁྲི་5.9དང་མི་གྲངས་ཁྲི་12.1ཟིན་ཡོད་པ་རེད།

ལོ་10ཡི་གོང་དུ་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་400གཡས་གཡོན་ཟིན་པ་དང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་བཅུ་གྲངས་འགའ་ཤས་ཟིན་པ་དང་། ལོ་10ཡི་རྗེས་སུ་ལོའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་1.5ཙམ་ཟིན་ནས་གོང་འབུལ་ཞུས་པའི་ཁྲལ་དངུལ་སྒོར་ཁྲི་1300ཟིན་ནས་ལོ་10ཡི་རིང་བྲིན་ཚོང་ཧྲིལ་པོའི་ཡོང་འབབ་ལྡབ་30ལྷག་ཙམ་འཕར་ཡོད། དེ་ནི་བོད་ཀྱི་ས་མཐོའི་གཅེས་ནོར་འོ་ལས་མ་རྐང་ཚད་ཡོད་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞི་ཞིག་ཡིན་པ་རེད། བོད་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་དང་བསྟུན་ནས་ཁེ་ལས་དེ་རིགས་སྔར་བས་མང་བ་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ཐོན་ལས་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པ་བཅས་བྱས་པ་དང་ཆབས་ཅིག་ཞིང་འབྲོག་པ་དེ་བས་མང་བར་དངུལ་སྨར་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།

བོད་ལྗོངས་ས་མཐོའི་གཅེས་ནོར་འོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ནོར་དོན་སྤྱི་ཁྱབ་ལྟ་སྐུལ་པ་མའོ་ཕུའུ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དང་ཐོག་འོ་མ་སོས་པ་སྐྱེལ་མཁན་དུད་ཚང་བཅུ་གྲངས་ལས་མེད་པ་དང་། ད་ཆ་འོ་མ་སྐྱེལ་མཁན་དུད་ཚང་ཁྲི་2ཙམ་ཡོད། སྔོན་ཆད་འོ་མ་རྒྱ་མ་རེར་སྒོར་གཅིག་ལྷག་ཙམ་བྱེད་པ་དང་ད་ཆ་སྒོར་3ལྷག་ཙམ་བྱེད་ཀྱི་ཡོད། དེ་མིན་ཀུང་སིས་ད་དུང་ས་གནས་དེ་གའི་མི་སྣ་ལས་ཞུགས་ཐུབ་ཐབས་བྱས་པས། ད་ཆ་བོད་རིགས་ལས་བཟོས་ཚོགས་པ་ཧྲིལ་པོའི་60%ཡན་ཟིན་ཡོད། ས་མཐོའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དེ་ཉིད་ཞིང་འབྲོག་པར་འབབ་འཕར་དང་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་དོན་སྐྱིད་ཀྱིས་ལོ་10ཡི་རིང་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་11.56བྱུང་ནས་མང་ཚོགས་ཁྲི་175.4ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3263.1དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་674བྱུང་ནས་ལོ་རེར་ཆ་སྙོམས་འཕར་ཚད་22.26%ཟིན་ཡོད། རྣམ་གྲངས་ཀྱི་སྣེ་ཁྲིད་འོག་གཞི་ཁྱོན་གཉེར་སྐྱོང་དང་། མངགས་ཐོ་གཉེར་སྐྱོང་། ཆེད་ལས་གཉེར་སྐྱོང་། གཅིག་གྱུར་གཉེར་སྐྱོང་སོགས་ཀྱི་ལྟ་བ་གསར་པ་མི་སེམས་སུ་གཏིང་ཟབ་ཟུག་ཡོད་ཅེས་བཤད།

སྲིད་ཇུས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་བཏང་ནས་རྒྱུན་ཆད་མེད་པར་རིམ་སྤོར་བྱ་རྒྱུ་ཡིན་པ།

བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཆེད་ལས་ཅན་གྱི་ཐོན་སྐྱེད་དང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ “ཀུང་སི་དང་། རྟེན་གཞི། ཞིང་དུད ”བཅས་མཉམ་དུ་སྦྲེལ་བ་དང་ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་སྒྲིག་གཞིའི་རྣམ་པ་ཞིང་འབྲོག་མང་ཚོགས་ཚོས་དང་ལེན་དང་མང་ཚོགས་ཚོར་ཁྱབ་གདལ་བྱུང་ནས་ཐོན་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་དང་རིམ་སྤོར་དང་། ཚན་རིག་དང་མཐུན་པའི་ངང་ས་ཁོངས་བཀོད་སྒྲིག་བྱེད་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟའ་བཅའ་ལས་སྣོན་ལས་རིགས་འཕེལ་རྒྱས་མྱུར་པོ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ས་གནས་ཀྱི་ཁྱད་ཆོས་དང་བལྟོས་བཅས་ཀྱི་ལེགས་ཆ་ལྡན་པའི་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་གཙོ་གནད་ཐོག་སྐྱེད་སྲིང་བྱས་ནས་བོད་འདི་ཉིད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་ལ་སྐྲུན་ཐུབ་པ་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་གཞི་བཙུགས་ནས་བོད་ཀྱི་ཁྱད་ལྡན་ས་མཐོའི་སྐྱེ་དངོས་དང་གནོད་མེད་བཟའ་བཅའ (བཟའ་བཏུང )ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་བསྟན་གནང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ས་མཐོའི་སྐྱེ་དངོས་དང་གནོད་མེད་བཟའ་བཅའ (བཟའ་བཏུང )ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་འཆར་འགོད 》བཟོས་པས་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ལ་དེ་བས་མངོན་གསལ་དོད་པའི་སྲིད་ཇུས་ཀྱི་ལེགས་ཆ་ལྡན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས 《བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད (2014ནས་2020ལོ་བར )》སྒྲིག་བཟོའི་ལས་དོན་སྤེལ་རྒྱུ་དང་འཆར་འགོད་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་48བཏང་ནས་ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་རེད་ཅེས་བཤད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།