ཨོ་རྒྱན་སྒྲོལ་མ། ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་པའི་ཞིང་གྲོང་གི་བུད་མེད་ཕལ་བ་ཞིག

༠༠༠༥.jpg

ཕ་མ་ཚེ་ལས་འདས་རྗེས། མིག་དམར་རྡོ་རྗེས་ལོ་ཚོད་འདིའི་ཕྲུ་གུས་མྱོང་མི་དགོས་པའི་དཀའ་སྡུག་མང་པོ་མྱངས་ཤིང་། དུས་རྒྱུན་སེམས་མི་སྐྱིད་པའི་གནས་ཚུལ་འཕྲད་ཚེ“ཨ་མ་ལགས”ལ་ཤོད་ཀྱི་ཡོད། འདི་ནི་ཨོ་རྒྱན་སྒྲོལ་མས་མིག་དམར་རྡོ་རྗེ་དང་ཁ་བརྡ་བྱེད་བཞིན་ཡོད་པ།

ཨོ་རྒྱན་སྒྲོལ་མ་ནི་གཞིས་རྩེ་རྣམ་གླིང་རྫོང་ནས་ཡིན་པ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་སྔ་དབུལ་ཞིང་ཕོངས་པའི་འཚོ་བ་དེ་རིམ་བཞིན་ཡག་ཏུ་ཕྱིན་ཞིང་། ཁོང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཆར་འགོད་བྱེད་སྐབས། གློ་བུར་དུ་གཏམ་ངན་ཞིག་ཐོས་པ་སྟེ། རང་ཉིད་ཀྱི་གཅུང་མོར་བུ་ཞིག་སྐྱེས་རྗེས་གྲོངས་པ་དང་། བུ་མོའི་བཟའ་ཟླ་ལ་ཡང་རླངས་འཁོར་བྱུར་ཉེས་བྱུང་ནས་རྐྱེན་ལམ་དུ་ཤོར་ཏེ་ལོ་ལྔ་ལ་སླེབས་པའི་བུ་རྒན་པ་དང་ལོ་གཅིག་ལའང་སླེབས་མེད་པའི་བུ་ཆུང་བ་གཉིས་པོ་ལུས། ཁྱིམ་ཚང་གི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཨོ་རྒྱན་སྒྲོལ་མས་ཕ་ཡུལ་ནས་ཁ་བྲལ་ཏེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་བསྐྱོད་ནས་ཕྲུ་གུ་གཉིས་དང་ཕ་མ་གཉིས་ཀྱི་འགྲོ་འདུག་སྤྱོད་གསུམ་ལྟ་རྟོག་བྱེད་པའི་ཁུར་པོ་ལྕི་པོ་དེ་ཁུར།

2015ལོར་ཨོ་རྒྱན་སྒྲོལ་མའི་ཁྱིམ་ཚང“ཁྱིམ་ཚང་ཡག་ཤོས”སུ་བདམས།

ཁྱིམ་ཚང་གི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་དེ། མ་མཐའི་འཚོ་བའི་འགན་ལེན་ཕུད། ནང་མི་ཚང་མ་ཞིང་ཁ་མུའུ་ཁ་ཤས་དང་རྒྱུན་དུ་གླ་པ་རྒྱུག་པའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། འཚོ་བར་དཀའ་ངལ་ཇི་ཙམ་ཕྲད་ཀྱང་། ཨོ་རྒྱན་སྒྲོལ་མས་ཕྱི་བཤོལ་གཏན་ནས་བྱེད་མྱོང་མེད། འོན་ཀྱང་རང་ཉིད་གཅིག་པུས་མུ་མཐུད་ཕྲུ་གུ་གཉིས་གསོ་ཐབས་བྲལ་བའི་དོན་དངོས་ཀྱི་མདུན་དུ་ཁོང་གིས་གདམ་ཁ་གང་ཞིག་བྱེད་དམ།

འདི་ནི་ཨོ་རྒྱན་སྒྲོལ་མའི་ནང་མིའི་པར་ཡིན་པ།

གསར་འགོད་པ་ལྷ་ས་ཆུ་ཤུར་ས་གཙང་ལྷད་མེད་ཐོན་ལས་དཔེ་སྟོན་རྟེན་གཞིའི་ཁྱད་ལྡན་ཐོན་རྫས་དཔེ་སྟོན་འགྲེམས་སྟོན་ཁུལ་བརྒྱུད་སྐབས་སྒོ་འགྲམ་དུ་ཡུལ་སྐོར་བས་ཁེངས་ཤིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ངག་སྒྲོལ་གྱི་ཁྲིད་སྟོན་འོག གསར་འགོད་པ་ཨོ་རྒྱན་སྒྲོལ་མའི་ཁྱིམ་དུ་བསྐྱོད་པ་ཡིན།

ཨོ་རྒྱན་སྒྲོལ་མ་ནི་གཙང་ནས་ཡིན་པ་དང་། རྣམ་གླིང་གི་གྲོང་གསེབ་ཏུ་སྡོད་སྐབས་འཚོ་བ་དཀའ་ངལ་ཆེན་པོ་ཡིན་རུང་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་མེད།

ཨོ་རྒྱན་སྒྲོལ་མའི་བག་ཆགས་ནང་ཆུང་དུས་ཕ་ཡུལ་ཧ་ཅང་མཛེས་ལ། འཚོ་བའང་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡོད། དུས་རྒྱུན་ས་ཞིང་འདེབས་པ་ཕུད། ཨོ་རྒྱན་སྒྲོལ་མས་ད་དུང་ནོར་ལུག་སོགས་འཚོ་དགོས་ཀྱི་ཡོད་པ་དང་། པ་ཕས་ཕྱུགས་ཟོག་ལ་གཟན་པ་སྟེར་བར་ལྟ་བ་དང་ཨ་མར་འོ་མ་འཇོ་རོགས་དང་ཇ་བཟོ་རོགས་བྱེད་པ་སོགས་ཁྱིམ་དུ་རང་གིས་ལྕོགས་ཚོད་ཀྱི་ནང་ལས་བྱེད་བཞིན་དུ་འཚར་ལོངས་བྱུང་།

སློབ་གསོ་མང་པོ་དེ་ཙམ་དང་ལེན་བྱེད་མྱོང་མེད་སྟབས། ཕྱི་ལ་གླ་པར་འགྲོ་རྒྱུ་ནི་ཨོ་རྒྱན་སྒྲོལ་མ་དང་གྲོང་ཚོའི་ན་ཟླ་ཚོའི་འགྲོ་ལམ་འབའ་ཞིག་ཏུ་གྱུར། ཨོ་རྒྱན་སྒྲོལ་མས་དཀའ་བ་སྤྱོད་ཐུབ་པ་དང་། ལས་ཀ་ཡོད་ཚེ་ཁོ་མོས་ཕ་ཡུལ་གཅིག་པ་ཚོ་དང་མཉམ་དུ་དེ་བྱེད་པར་འགྲོ་གི་ཡོད། ལོ་བཅུ་ལྷག་ཙམ་རིང་ཨོ་རྒྱན་སྒྲོལ་མའི་རྐང་རྗེས་ཧ་ལམ་བོད་ཧྲིལ་པོར་བཞག་ཡོད།

འདི་ནི་ལྷ་ལུང་གིས་ཚ་བོ་མིག་དམར་རྡོ་རྗེ་སློབ་གྲྭར་སྐྱེལ་སྐབས་ཁ་བརྡ་བྱེད་བཞིན་ཡོད་པ།

ཨོ་རྒྱན་སྒྲོལ་མས“དཀའ་ལས་ཆེ་ཤོས་ཀྱི་སྐབས་སུ་ང་ལ་ལྟོ་ཆས་ཟ་བའི་ནུས་ཤུགས་ཀྱང་མེད་པ་དང་ཁོམ་པ་བྱུང་ཚེ་གཉིད་ཉལ་རྒྱུ་ཁོ་ན་ལས་དྲན་གྱི་མི་འདུག”ཅེས་བཤད།

1987ལོ་ནི་ཨོ་རྒྱན་སྒྲོལ་མའི་ནང་མིའི་ངོས་ནས་བརྗོད་ན་དགའ་བ་སྐྱེ་འོས་པའི་ལོ་ཞིག་ཡིན་ཏེ། ཁོ་མོའི་ཨ་མས་ཁོ་མོར་གཅུང་མོ་ཞིག་སྐྱེས་པ་དང་མིང་ལ་ཡེ་ཤེས་སྒྲོལ་མ་ཞེས་བཏགས། སྐབས་དེར་ཨོ་རྒྱན་སྒྲོལ་མ་ལོ་19ལ་སླེབས་ཀྱི་ཡོད། ཨོ་རྒྱན་སྒྲོལ་མ་ཕྱིར་གླ་པར་འགྲོ་སྐབས་ཡོང་འབབ་མང་ཙམ་ཡོད་སྟབས། ཁྱིམ་དུ་སྔ་རྗེས་སུ་བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་ཉོས་པ་དང་འཚོ་བ་ཡང་ལེགས་སུ་འགྲོ་འགོ་ཚུགས།

འདི་ནི་མིག་དམར་རྡོ་རྗེས(གཡས་ཀྱི་དང་པོ)གཅུང་པོ་ཕུར་བུ་རྡོ་རྗེར(གཡོན་གྱི་དང་པོ)རྩིས་རིག་སློབ་བཞིན་པ།

ཡེ་ཤེས་སྒྲོལ་མ་ཆེན་པོ་ཆགས་རྗེས་ཨོ་རྒྱན་སྒྲོལ་མ་དང་འདྲ་བར་ཕྱི་ལ་གླ་པར་སྐྱོད་པའི་གདམ་ག་བྱས། འོན་ཀྱང་ཨོ་རྒྱན་སྒྲོལ་མ་དང་མི་འདྲ་བ་ནི་ཕྱིར་གླ་པར་སྐྱོད་རིང་། ཁོང་ལ་རང་ཉིད་ཀྱི་ལས་ལ་བསྐོས་པའི་བཟའ་ཟླ་བབ་ཆགས་ཤིང་གཞུང་དྲང་བའི་བོད་རིགས་ཕོ་གཞོན་བསོད་ནམས་རྡོ་རྗེ་ངོ་ཤེས།

འཚོ་བ་གཅིག་མཚུངས་བརྒྱུད་མྱོང་བའི་ཁོང་གཉིས་སེམས་པ་མཐུན་ནས་བརྩེ་དུང་ཉིན་བཞིན་ཟབ་ཏུ་ཕྱིན་ཏེ་མཐར་གཉེན་སྒྲིག་བྱས།

ཁོང་གཉིས་ཀྱི་བུ་རྒན་པ་མིག་དམར་རྡོ་རྗེ་སྐྱེས་པ་དང་། ནང་མི་ཚང་མས་ཚེ་སྲོག་གསར་པ་ཞིག་བསུ་བ་དང་དུས་མཚུངས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

2009ལོར་ཡེ་ཤེས་སྒྲོལ་མར་ཕྲུ་གུ་གཉིས་པ་འཁོར་བ་དང་ནང་མི་ཚང་མ་དགའ་བས་མྱོས། འོན་ཀྱང་ཁོང་གི་གཟུགས་པོའི་གནས་ཚུལ་ཡག་པོ་མེད་པས། 2010ལོར་བུ་ཆུང་བ་ཕུར་བུ་རྡོ་རྗེ་སྐྱེས་ནས་ཟླ་གཉིས་ཕྱིན་རྗེས། ཡེ་ཤེས་སྒྲོལ་མ་ནད་ཀྱིས་རྐྱེན་པས་ཚེ་ལས་འདས།

“གཅུང་མོ་ཕྲུ་གུ་སྐྱེས་རྗེས་གཟུགས་པོ་དེ་བས་སྐྱོ་རུ་ཕྱིན་ཏེ་ནང་མིས་ཁོ་མོ་གཞིས་རྩེ་དང་ལྷ་སའི་སྨན་ཁང་མང་པོར་ཁྲིད་ཀྱང་། ནད་རྐྱེན་རྩད་མ་ཆོད”ཅེས་ཨོ་རྒྱན་སྒྲོལ་མར་མིག་ཞག་འཁོར་བ་དང་ལག་གིས་མཆི་མ་འཕྱིད་བཞིན་དུ“གཅུང་མོ་གྲོངས་སྐབས། ང་ཕྱིར་གླ་པར་བསྐྱོད་པས་མཐའ་མའི་ངོ་ཡང་ཕྲད་མ་བྱུང”ཞེས་བཤད།

སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་སུམ་བརྩེགས་ཞེས་པ་ལྟར་ཡེ་ཤེས་སྒྲོལ་མ་གྲོངས་པའི་ལོ་གཉིས་པར་བསོད་ནམས་རྡོ་རྗེ་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ཏེ་གློ་བུར་དུ་གྲོངས་ནས་རྒྱག་འཕྲོར་ལུས་པའི་ཁང་མིག་གཅིག་དང་། ས་ཞིང་མུའུ་གཉིས། ཧ་གཉིད་མ་གོ་བའི་ཕྲུ་གུ་གཉིས་བཅས་ལུས།

“བསོད་ནམས་རྡོ་རྗེ་ནི་ང་ཚོའི་ཁྱིམ་གྱི་བུ་ཆུང་བ་ཡིན་པ་མ་ཟད། ཕྲུ་གུ་བསམ་ཤེས་ཐུབ་ཤོས་དེ་ཡང་ཡིན་པ་དང་། ཁོང་ལ་ད་དུང་གཅེན་མོ་ཞིག་ཀྱང་ཡོད། བུ་གྲོངས་རྗེས་ང་ལ་ཚ་བོ་གསོ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་ད་ལོ་ལོ་72ལ་སླེབས་པའི་བཀྲ་ཤིས་མཚོ་མོས་བཤད་པ་དང་། ཁོང་ནི་བསོད་ནམས་རྡོ་རྗེའི་ཨ་མ་རེད།

ཕྲུ་གུ་བཅུ་གྲངས་ཡོད་པའི་བཀྲ་ཤིས་མཚོ་མོས་ཀྱང་ཚ་བོ་གཉིས་གསོ་དགོས་བསམ་ཡང་། ཚ་བོ་ཚ་མོ་མང་བ་དང་ཁྱིམ་གྱི་འཚོ་བ་དབུལ་བ་མ་ཟད། རང་ཉིད་ཀྱི་ངལ་རྩོལ་ནུས་པ་ཡང་ཤོར་བའི་དབང་གིས་དངོས་འབྲེལ་སེམས་ལ་བསམ་ཀྱང་ལུས་པོས་མི་ལྕོགས་པར་གྱུར། ནང་མིས་གང་འདྲ་བྱས་ནས་ཕྲུ་གུ་གཉིས་གསོ་སྐྱོང་བྱ་རྒྱུའི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས། ཨོ་རྒྱན་སྒྲོལ་མས་བློ་རྩ་བརྟན་པོའི་སྒོ་ནས“ཕྲུ་གུ་ངས་གསོས་ཆོག ཁོ་གཉིས་དྭ་ཕྲུག་ཁང་དུ་མ་བསྐྱལ་རོགས”ཞེས་བཤད་པ་དང་། དེ་ལྟར་སེམས་སྡུག་ཀྱང་བྱེད་ཁོམ་མེད་པར་ཨོ་རྒྱན་སྒྲོལ་མས་རང་གི་ལས་ཀ་བཞག་ནས་ལྷ་སར་བསྐྱོད་དེ་ཕྲུ་གུ་གཉིས་གསོ་བའི་འགན་འཁྲི་དེ་ཁུར།

མི་མི་ཉུང་བ་ཞིག་གིས་ཨོ་རྒྱན་སྒྲོལ་མར་ཕྲུ་གུ་དྭ་ཕྲུག་ཁང་དུ་སྐྱེལ་དགོས་པ་དང་། དེ་འདྲ་བྱས་ན་རང་ཉིད་ཀྱི་འཚོ་བ་ཡང་ཅུང་ཡག་ཙམ་ཡོང་གི་རེད་ཅེས་སློབ་གསོ་རྒྱག་གི་ཡོད། འོན་ཀྱང་ཨོ་རྒྱན་སྒྲོལ་མས་ད་ཆ་ཕྲུ་གུར་བཀྲ་མ་ཤིས་པ་ཕྲད་པས་གལ་ཏེ་ཁོང་གཉིས་དྭ་ཕྲུག་ཁང་དུ་བསྐྱལ་ན་ངོ་མ“དྭ་ཕྲུག”ཏུ་གྱུར་པ་དང་། དེ་བས་ཡ་ང་བས་ཕྲུ་གུ་གཉིས་རང་ཉིད་ཀྱིས་གསོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

པ་ཕ་ལོ་ན་ཆེ་བས་ཨོ་རྒྱན་སྒྲོལ་མས་པ་ཕ་ལྷ་སར་གནས་སྤོ་བྱ་རྒྱུའི་རེ་བ་བྱེད་པ་དང་། དེ་ལྟར་བྱས་ཚེ་པ་ཕ་དང་ཕྲུ་གུ་གཉིས་ཀར་ལྟ་རྟོག་བྱེད་བདེ་པོ་ཡོད། ཤོད་སྲོལ་དུ“བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན”ཞེས་པ་ལྟར་ཡིན་ནའང་། ཨོ་རྒྱན་སྒྲོལ་མས་ཨུ་ཚུགས་ངང་རང་ཉིད་ཀྱི་བསམ་ཚུལ་པ་ཕར་གསལ་པོ་བཤད།

ཕ་ལྷ་ལུང་གིས་གནས་ཚུལ་དེ་ཐོས་སྐབས། ཡུད་ཙམ་བསམ་བློ་བཏང་རྗེས་ལྷ་སར་ཡོང་རྒྱུའི་ཁས་བླངས།

ལྷ་སར་འབྱོར་མ་ཐག་པའི་ཁོང་ཚོར་ཐ་ན་ཟ་འབྲུ་ཡང་མེད་པ་དང་། གཉེན་ཉེའི་རོགས་སྐྱོབ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ཆ་རྒྱུས་མེད་པའི་ཁོར་ཡུག་དང་། རྒྱུས་མངའ་མེད་པའི་གྲོང་པ་ཁྱིམ་མཚེས། སྐད་བརྡ་མ་འཕྲོད་པ་བཅས་ཀྱི་གནས་ཚུལ་འོག པ་ཕ་དང་བུ་མོ་གཉིས་ཀྱིས་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད།

ཚལ་སྣེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་ཟླ་བས“ཡུལ་གཞན་ནས་སྤོས་པའི་ཁྱིམ་དུད”ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཨོ་རྒྱན་སྒྲོལ་མར་རྒྱུན་དུ་ཞིང་ལས་བྱེད་རོགས་དང་གོང་རིམ་ནས་འགོ་ཁྲིད་སླེབས་ཚེ་ཚེ་རིང་ཟླ་བས་ཨུ་རྒྱན་སྒྲོལ་མར་ཁ་གསབ་རོགས་དངུལ་རག་ཐབས་བྱེད་ཀྱི་ཡོད།

བསོད་ནམས་རྡོ་རྗེར་ཆག་སྒོ་བྱུང་རྗེས། ཆག་སྒོ་སློང་མཁན་ཕྱོགས་ཀྱིས་རོགས་དངུལ་སྒོར་ཁྲི་16སྤྲད་པ་དང་ལོ་ལྔའི་རིང་འགྲོ་གྲོན་བཏང་བ་བརྒྱུད་དངུལ་དེ་སྤྱིར་བཏང་ལྷག་མེད།

འདི་ནི་ཨོ་རྒྱན་སྒྲོལ་མས་མཱ་ཁའི་ཞིང་ནང་དུ་རྩྭ་ངན་འགོག་བཞིན་པ།

ཁྱིམ་གྱི་ཞིང་ཁ་མུའུ་གཉིས་ནས་ཐོན་པའི་འབྲུ་རིགས་དེ་དག་རང་ཁ་རང་གསོ་ཐུབ་ཙམ་ལས་ཚོང་འབྲུ་མེད་པ་རེད། རྒྱལ་ཁབ་ཀྱིས་སྤྲད་པའི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་ལེན་པ་ཕུད། ཨོ་རྒྱན་སྒྲོལ་མས་ད་དུང་ལྷ་ས་གྲོང་ཁྱེར་ཆུ་ཤུར་ས་གཙང་ལྷད་མེད་ཐོན་ལས་དཔེ་སྟོན་རྟེན་གཞིར་གླ་པ་རྒྱུག་པ་དང་མཱ་ཁ་འདེབས་འཛུགས་བྱེད་ཀྱི་ཡོད། མཱ་ཁའི་སོན་དྲི་ངད་ཆེ་བས་ཁོ་མོ་མགོ་ཡུར་འཁོར་གྱི་ཡོད། འདི་ལོ་གྲོང་ཚོ་ཨུ་ལྷན་གྱིས་ཁོང་གི་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་ཕྲུ་གུ་གཉིས་གསོ་ཐབས་བྲལ་བར་བསམ་གཞིག་བྱས་ནས་ཨོ་རྒྱན་སྒྲོལ་མར་བུ་མིག་དམར་རྡོ་རྗེ་དྭ་ཕྲུག་ཁང་དུ་སྐྱེལ་དགོས་པའི་བསླབ་བྱ་བྱས།

ཨོ་རྒྱན་སྒྲོལ་མ་མིག་ཆུ་དབང་མེད་དུ་ཤོར་ནས“རང་ཉིད་ཀྱི་ཐག་གཅོད་ལ་འགྱོད་པ་གཏན་ནས་སྐྱེ་མྱོང་མེད། ཕྲུ་གུ་གཉིས་མཉམ་དུ་འཚར་ལོངས་ཡོང་བའི་རེ་བ་ཡོད་པས། རང་ཉིད་དཀའ་ལས་ཇི་ཙམ་རྒྱག་དགོས་བྱུང་ཡང་ཕྲུ་གུ་གཉིས་གསོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།