བྱང་ཆུབ་ལམ་གྱི་སྒྲོན་མའི་བཀའ་འགྲེལ།བཞི་བ།

      ༄༅༅།།འདི་ལྟར་མཆོད་པ་ནི་རྣམ་པ་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང༌། སྒྲུབ་པའི་མཆོད་པའོ། །ཟང་ཟིང་གི་མཆོད་པ་ནི་གཉིས་ཏེ། མངོན་སུམ་པ་ཉིད་དང༌། ཡིད་ཀྱིས་བྱས་པའོ། །མངོན་སུམ་པ་ནི་གཉིས་ཏེ། མེ་ཏོག་ལ་སོགས་པ་དང༌། བདུག་པ་ལ་སོགས་པ་དང༌། རོལ་མོ་ལ་སོགས་པ་དང༌། རྒྱལ་སྲིད་དང༌། ནོར་བུ་རིན་པོ་ཆེ་ལ་སོགས་པ་བདག་ཉིད་ལ་ཡོད་པའོ། །གཉིས་པ་ནི་སེམས་རྟེན་དང་བཅས་པ་དང༌། བུ་དང་བུ་མོ་དང༌། ཆུང་མ་དང་བྲན་ལ་སོགས་པའོ། །ཡིད་ཀྱིས་བྱས་པ་ལ་གཉིས་ཏེ། དང་པོ་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་བདག་པོ་མེད་ཅིང༌། གཞན་གྱིས་ཡོངས་སུ་མ་བཟུང་བའི་རྫས་ཕུལ་དུ་བྱུང་བ་མ་ལུས་པ་སྟེ། ཇི་ལྟར་འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་པ་དགོངས་པ་རྒྱུད་ཀྱི་ཕྲེང་བ་དང༌། ཏིང་ངེ་འཛིན་གྱི་འཁོར་ལོའི་མཆོད་པའི་ཕྱག་རྒྱའི་མདོ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་དང༌། སྤྱོད་པ་ལ་འཇུག་པ་ལས་གསུངས་པ་ལྟ་བུའོ། །གཉིས་པ་ནི་ཡིད་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བའི་བཀོད་པ་ནམ་མཁའི་མཛོད་ལས་བྱུང་བ་སྟེ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རིན་པོ་ཆེ་བདུན་དང༌། ནོར་བུ་རིན་པོ་ཆེ་གསེར་དང༌། དངུལ་དང༌། དུང་དང༌། མན་ཤེལ་དང༌། ཆུ་ཤེལ་དང༌། སྤུག་དང༌། རྡོའི་སྙིང་པོ་དང། མུ་ཏིག་དང༌། མུ་ཏིག་དམར་པོ་དང༌། མན་ཤེལ་དང༌། པདྨ་རཱ་ག་དང༌། ཨསྨ་གརྦྷ་དང༌། མུ་ས་ལ་གལ་པ་དང༌། དུན་ལས་དང༌། ཨིནྡྲ་ནཱི་ལི༌དང༌། མར་ཀ་ཏ་དང༌། བཻ་ཌཱུརྻ་དང༌། ཤཾ་ཀ་ཤི་ལ་དང༌། བྱི་རུ་དང༌། ཀེ་ཀེ་རུ་དང༌། ཀེ་ཀེ་རུ་ཆེན་པོ་ལ་སོགས་པའི་ནོར་བུ་དེ་དག་གི་ཆར་པ་འབབ་པ་དང། དེ་དག་གི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། གཞལ་ཡས་ཁང་དང༌། དྲ་བའི་ཚོགས་བརྗོད་དུ་མེད་པ་དག་གཞན་ཡང་དཀོན་མཆོག་ཏ་ལ་ལའི་གཟུངས་ལས་འབྱུང་བ་ལྟ་བུ་སྟེ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་འགྱེད་ཅིང༌། ། མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཏེ། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བས་མཆོད། །ཅེས་གསུངས་ཏེ། དེ་བཞིན་དུ་བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རྒྱན་ཕྲེང་དང༌། རྒྱལ་མཚན་ཏེ། དེ་དག་ཀྱང་ཁ་དོག་སྣ་ཚོགས་པའོ། །སྔར་གྱི་ཚིགས་སུ་བཅད་པས་ཀུན་ལ་སྦྱར་བར་བྱའོ། །དེ་བཞིན་དུ་གདུགས་བཟོ་ལེགས་པ་ཡུ་བ་རིན་པོ་ཆེ་ལས་གྲུབ་པ་ཁ་དོག་སྣ་ཚོགས་པ་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཁེབས་པ་བརྗོད་དུ་མེད་པ་དང༌། དེ་བཞིན་དུ་རྒྱལ་མཚན་ཡང་དེ་བཞིན་ཏེ། ཐམས་ཅད་གདུགས་བཞིན་ནོ། །བ་དན་དང་རྣམ་པར་རྒྱལ་བའི་བ་དན་ཡང་ཚད་དང་རྒྱུ་དང་གྲངས་སྔ་མ་བཞིན་ནོ། ། གཞན་ཡང་མེ་ཏོག་ཁ་དོག་དང་དབྱིབས་དང་དྲི་ཕུན་སུམ་ཚོགས་པའི་ཆར་དང༌། དེའི་ཕྲེང་བ་དང༌། དེའི་གདུགས་དང༌། དེའི་རྒྱལ་མཚན་དང༌། དེའི་བ་དན་དང༌། རྣམ་པར་རྒྱལ་བའི་བ་དན་དང། གཞལ་མེད་ཁང་བཀོད་པ་སྣ་ཚོགས་པ་དུ་མ་བརྗོད་དུ་མེད་པ་དང༌། མར་མེ་ཡང་ཚུལ་དེ་བཞིན་པ་དང༌། སྤོས་ཀྱི་ཆར་ལ་སོགས་པ་ཡང་སྔ་མའི་ཚུལ་དང་ལྡན་པ་དང༌། ཞལ་ཟས་བཟའ་བ་དང༌། བཏུང་བ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་དང༌། ན་བཟའ་དྲི་ཞིམ་པོས་བསྒོས་པ་དང། རོལ་མོའི་སྒྲ་དབྱངས་སྙན་ཅིང་ཡིད་འཕྲོག་པར་བྱེད་པའི་པི་ཝང་དང༌། གླིང་བུ་དང༌། རྔ་དང༌། རྔ་པ་ཊ་ཧ་དང༌། རྔ་བོ་ཆེ་དང༌། རྔ་ཟླུམ་དང༌། རྫ་རྔ་དང༌། དུང་དང༌། ཟངས་དུང་དང༌། ཆ་ལང་དང༌། ཏིང་ཏིང་ཤག་དང༌། ཌ་མ་རུ་དང༌། ལྷ་དང༌། མིའི་གླུ་སྙན་པ་ཡིད་འཕྲོག་པར་བྱེད་པ་དང༌། དཀོན་མཆོག་གསུམ་གྱི་བསྟོད་པའི་སྒྲ་དབྱངས་སྙན་ཅིང་དོན་དང་ལྡན་པ་དང་ཕྱེ་མའི་ཕུར་མ་རི་རབ་བྱེ་བ་ཕྲག་བརྒྱ་གཅིག་ཏུ་བསྡོམས་པ་ཙམ་ལ་སོགས་པའོ། །དེ་ཡང་འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་བཞིན་ནོ། །སྒྲུབ་པའི་མཆོད་པ་ནི་གཉིས་ཏེ། སྒྲུབ་པའི་མཆོད་པ་ཉིད་དང། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་བདུན་ཏེ། ཕྱག་འཚལ་བའི་མཆོད་པ་དང༌། ཟང་ཟིང་གི་མཆོད་པའི་མཆོད་པ་དང༌། སྡིག་པ་བཤགས་པའི་མཆོད་པ་དང༌། རྗེས་སུ་ཡི་རང་པའི་མཆོད་པ་དང༌། དེ་བཞིན་དུ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བའི་མཆོད་པ་ཞེས་བྱ་བ་དག་གོ། །དེ་ལ་ཕྱག་འཚལ་བའི་མཆོད་པ་ལ་ཡང་གཉིས་ཏེ། ལུས་ཀྱི་མཆོད་པ་དང༌། ངག་གི་མཆོད་པའོ། །ལུས་ཀྱི་མཆོད་པ་ནི་འཕགས་པ་བཟང་པོ་སྤྱོད་པ་ལས། ཇི་སྙེད་སུ་དག་ཅེས་པ་ལ་སོགས་པ་དང༌། བཟང་པོའི་སྤྱོད་ལ་དད་པའི་སྟོབས་དག གིས། །ཞེས་པ་ལ་སོགས་པ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་པ་ལ་སོགས་པའོ། །དེ་དག་གིས་ནི་དམིགས་པའི་ཡུལ་དུ་བྱ་བ་དང༌། ལུས་དབུལ་བ་དང༌། ཕྱག་བྱ་བ་དེ་གསུངས་སོ། །དོན་དེ་ཉིད་འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་གསུངས་ཏེ། དེ་པུས་མོ་གཡས་པ་ས་ལ་འཛུགས་པ་ན་ཞེས་པ་དང༌། དེ་པུས་མོ་གཡོན་པ་ས་ལ་འཛུགས་པ་ན་ཞེས་པ་དང༌། དེ་ལག་པ་གཡས་པས་ལ་འཛུགས་པ་ན་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་པ་དང༌། དེ་བཞིན་དུ་ལག་པ་གཡོན་པ་དང་མགོ་ས་ལ་གཏུགས་པ་ན་ཞེས་པའི་ཚུལ་དེ་བཞིན་དུ་ཤེས་པར་བྱ། དེའི་བསྔོ་བ་དེ་ཉིད་ལས་འདི་སྐད་དུ་བདག་གི་ཡན་ལག་ལྔས་ཕྱག་བཙལ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག།མི་ལྔ་ཡོངས་སུ་དག་པར་གྱུར་ཅིག ། དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །ལམ་ལྔ་ལ་གནས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །སེམས་ཅན་འགྲོ་བ་ལྔར་སྐྱེས་པ་དག་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པ་དང༌། ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང༌། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང༌། ཤེས་རབ་ཁྱད་པར་དུ་འཕགས་པ་དང༌། རྣམ་པར་གྲོལ་བ་ཁྱད་པར་དུ་འཕགས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་དུ་འཕགས་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ལ་ལྟ་བ་དང༌། ཆོས་ཉན་པ་དག་དགེ་འདུན་དང་འགྲོགས་པ་ཐོབ་པར་གྱུར་ཅིག་ཅེས་གསུངས་པ་ལྟ་བུའོ། །ངག་གིས་མཆོད་པ་ཡང་ལུས་ཀྱིས་ཕྱག་བྱེད་པའི་དུས་དེ་ཉིད་ཀྱི་ཆོ་ག་རྟོགས་པ་ཅི་ཡོད་པས་དཀོན་མཆོག་གསུམ་གྱི་བསྟོད་པ་གླུ་དབྱངས་ཀྱིས་ཚིག་ཏུ་འདོན་ཅིང་ཕྱག་བྱེད་པའོ། ། ཟང་ཟིང་གི་མཆོད་པ་ནི་སྔར་བརྗོད་ཟིན་ཏོ།། །།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།