བྱང་ཆུབ་ལམ་གྱི་སྒྲོན་མའི་བཀའ་འགྲེལ།གསུམ་པ།

      ༄༅༅།།འདི་ལྟར་བྱུག་རིས་ཀྱི་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་དཀོན་མཆོག་གསུམ་གྱི་གཟུགས་བརྙན་སོ་སོར་བཞུགས་སུ་གསོལ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་རྣམ་པར་དག་པའི་དཀོན་མཆོག་གསུམ་ཡང་གནས་སོ་སོ་དེ་དག་ཏུ་སྤྱན་དྲང་བའམ། ཡང་ན་ཞིང་ཁམས་དེ་དག་ཉིད་དུ་བདག་ཉིད་འདུག་པར་མོས་ཏེ་ལུས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེའི་མདུན་དུ་བདག་ཉིད་འདུག་པར་བསམ་ལ་པུག་པུག་པོར་རམ་སོར་མོ་བསྣོལ་ལ་སྤྱི་བོར་ཐལ་མོ་སྦྱར་ནས་མཆོད་པའི་བྱ་བ་རྫོགས་པ་དང༌། ཕུང་པོ་གསུམ་པ་བྱས་ལ་བླ་མ་ལ་ཡོན་ཕུལ་ཏེ་སྐྱབས་སུ་འགྲོ་བ་བྱའོ། །དེ་ཡང་དཀོན་མཆོག་གསུམ་ནི་འདི་ལྟ་བུ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང༌། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་སྟེ། དེ་ལྟ་བུ་ཤེས་པ་སྔོན་དུ་འགྲོ་བར་བྱའོ། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅེས་པ་ནི་ཟང་ཟིང་གི་མཆོད་པ་མཚོན་པའོ། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །ཞེས་པ་ནི་སྒྲུབ་པའི་མཆོད་པ་མཚོན་པའོ། །འདིར་བྱང་ཆུབ་སེམས་དཔའ་ཚོགས་ཀྱི་ལམ་པ་སློབ་དཔོན་དུ་གྱུར་པ་དེས་བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར།མཆོད་པ་ལ་མཁས་པར་བྱ་བ་ཡིན་ཏེ།དེ་སྨྲ་བ་འདོད་ནས།ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །ཞེས་བྱ་བ་འདི་ཡིན་ཏེ། ཀུན་བཟང་སྤྱོད་ཅེས་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་ཏེ། འདི་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོས་ཆེན་པོ་ལ་བཞུགས་པ་ཀུན་དུ་བཟང་པོའི་སྤྱོད་པ་དང༌། སྨོན་ལམ་གྱི་རྒྱ་མཚོ་མི་ཟད་པའི་བརྙེས་པ་རྣམས་ཀྱི་ཀུན་དུ་བཟང་པོའི་སྤྱོད་པ་དང༌།ཀུན་དུ་བཟང་པོའི་སྨོན་ལམ་ཡིན་པས་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡེ་སྣོད་ཀྱི་མར་མེ་ལྟ་བུ་ཡིན་ནོ་ཞེས་བླ་མ་དམ་པ་མཁས་པ་ཆེན་པོ་དག་གསུངས་པ་ཡིན་ནོ། །གསུངས་པའི་མཆོད་པ་རྣམ་པ་བདུན། །ཞེས་བྱ་བ་ནི་བླ་མ་ཁ་ཅིག་གི་ཞལ་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་གསུངས་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་པ་ཤློ་ཀས་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བའི་མཆོད་པ་བསྟན་ཏོ། །བཟང་པོར་སྤྱོད་ལ་དད་པའི་ཞེས་པ་ལ་སོགས་པའི་ཤློ་ཀས་ནི་ལུས་དབུལ་བའི་མཆོད་པ་བསྟན་ཏོ། །རྡུལ་གཅིག་སྟེང་ན་ཞེས་པའི་ཤློ་ཀས་ནི་དེ་དག་ཡུལ་དུ་བྱས་ཏེ་དང་བའི་མཆོད་པ་བསྟན་ཏོ། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །ཞེས་པ་ལ་སོགས་པས་ནི་བསྟོད་པའི་མཆོད་པ་བསྟན་ཏོ། །མེ་ཏོག་དམ་པ་ཞེས་པ་ལ་སོགས་པས་ནི་བླ་ན་ཡོད་པའི་མཆོད་པ་བསྟན་ཏོ། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་པས་ནི་བླ་ན་མེད་པའི་མཆོད་པ་བསྟན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཅེས་པས་ནི་ཕུང་པོ་གསུམ་པའི་མཆོད་པ་བསྟན་ཏོ། ། གཞུང་གཞན་གྱིས་མི་མཆོད་པ་དེ་དག་གི་བསྔོ་བ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །ཡང་བླ་མ་དམ་པ་ཁ་ཅིག་གི་ཞལ་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་གསུངས་ཏེ། འདི་ལྟར་མེ་ཏོག་དམ་པ་དང༌། ཕྲེང་བ་དམ་པ་དང༌། སིལ་སྙན་དམ་པ་དང༌། བྱུག་པ་དམ་པ་དང་། མར་མེ་དམ་པ་དང༌། བདུག་སྤོས་དམ་པ་དང༌། ན་བཟའ་དམ་པ་རྣམས་སོ། །དྲི་མཆོག་དམ་པ་དང༌། ཕྱི་མའི་ཕུར་མ་གཉིས་ནི་བྱུག་པ་དམ་པ་དང༌། བདུག་པ་གཉིས་ཀྱི་ནང་དུ་འདུས་པ་ཉིད་ཡིན་ལ་བཀོད་པའི་ཁྱད་པར་ཞེས་པ་ནི་སྔ་མ་དེ་དག་རེ་རེ་ཞིང་ཡང་བརྗོད་དུ་མེད་པའི་བཀོད་པ་བྱའོ་ཞེས་གསུང་ངོ། །བླ་མ་མཁས་པ་གཞན་དག་ནི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་དུ་གསུངས་པ་ནི་འདི་ལྟར་ཡན་ལག་བདུན་པར་འདུས་ཏེ། སྒྲུབ་པའི་མཆོད་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ཉིད་ལས་བདུན་པོ་དེ་དག་རྫོགས་པའི་རྗེས་ལ་འདི་སྐད་དུ། འདས་པའི་སངས་རྒྱས་རྣམས་དང་ད་ལྟར་གྱི། །ཕྱོགས་བཅུ་དག་ན་གང་བཞུགས་མཆོད་པར་གྱུར། །ཞེས་མཆོད་པ་ཉིད་ཡིན་པར་གསལ་བར་གསུངས་སོ་ཞེས་གསུང་ངོ།།དེ་དག་ནི་གར་ཡང་འགལ་བ་མེད་པ་དེ་རང་ཉིད་གང་ལ་མོས་པ་དེ་གཟུང་བར་བྱའོ། །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།