བོད་ཀྱི་གཟུགས་བཟོ་རིག་པའི་གནས་ལ་ཇི་ལྟར་འཇུག་པའི་སྐོར་རོབ་ཙམ་གླེང་བ།

  བོད་ཁམས་སྤྱི་ལ་ཁྱབ་པའི་གནས་ལྔ་རིག་པའི་ནང་ཚན་བཟོ་རིག་འདི་ལ་གཙོ་ཕལ་གཉིས་ལས། སྐུ་གསུང་ཐུགས་རྟེན་བཞེངས་པའི་རིག་པ་གཙོ་བོ་དང་བཟོ་སྦྱང་བཅོ་བརྒྱད་ཀྱི་རིག་པ་དག་ཕལ་བ་ཡིན། བོད་རང་ཉིད་ཀྱི་བཟོ་རིག་འདི། གཉའ་ཁྲི་བཙན་པོའི་གོང་རོལ་བོད་གདོད་མའི་སྐབས་ནས་བཟོ་རིག་པ་གཙོ་ཕལ་འདི་དག་ཆ་མི་མཉམ་པར་གནས་ཡོད་པ་ཤ་སྟག་ཡིན་ལ། བོད་གདོད་མའི་སྐབས་ནས་ད་ལྟའི་བར་ས་རྡུལ་བསགས་པས་རི་རྒྱལ་ལྷུན་པོ་ནང་བཞིན་འཕེལ་རྒྱས་བྱུང་བ་ཡིན་མོད། འདིར་གླེང་པར་འདོད་པ་ནི། བོད་ཀྱི་བཟོ་རིག་འདི་ལ་ཚུལ་ཇི་ལྟར་འཇུག་དགོས་པའི་སྐོར་རོབ་ཙམ་གླེང་རྒྱུ་དེའོ། ། གཅིག ཚུལ་དང་ལྡན་པའི་བཤེས་གཉེན་བསྟེན་པ།རིག་པའི་གནས་ཐམས་ཅད་ཀྱི་འབྱུང་ཁུངས་སློབ་དཔོན་གྱི་མཚན་ཉིད་དང་དགེ་བའི་བཤེས་གཉེན་ནི་འཁོར་བའི་འབྱམས་ཀླས་ཀྱི་བྱེ་ཐང་ཆེན་པོ་ལས་ཐར་བྱེད་ཀྱི་ལམ་མཁན་ལྟ་བུ་ཡིན་ལ། དགེ་བསྙེན་མི་གཡོ་བའི་རྣམ་ཐར་ལས། "དགེ་བའི་བཤེས་གཉེན་ནི་བདག་ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པར་སྐྱེལ་མ་ལྟ་བུའོ"ཞེས་གསུངས། དེ་བས་མཚན་ལྡན་གྱི་བླ་མ་བསྟེན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ལ། མཚན་ཉིད་དང་མི་ལྡན་པའི་བཤེས་གཉེན་ཞིག་ཡིན་ཚེ། དེར་ཉེས་ཆ་མི་ཉུང་བ་ཞིག་གནས་སྲིད་དེ། དཔེར་ན། རས་བྲིས་ཕྱོགས་ཀྱི་སློབ་དཔོན་ཞིག་ཡིན་ཚེ། རང་གི་སློབ་མར་ཚོན་གྱི་སྡེབ་ཀ་དང་སྐྱ་སྡེབ་སོགས་ཀྱི་གདམས་ངག་དེ་དག་དང་གསེར་གྱི་འདུལ་སྦྱངས་ཀྱི་གཙོ་བོའི་གནད་ས་དང་བཅད་ཀྱི་ལག་ལེན་དང་བཅད་ཚོན་གྱི་སྡེབ་ཀ་སོགས་རང་གི་སློབ་མ་དེར་མི་འཆད་པའི་སྐྱོན་གང་མང་ཡོད། དེ་བཞིན་དུ་གོས་དྲུབས་ཀྱི་བཟོ་བོ་དང་བྲིས་འབུར་སོགས་ཀྱི་བཟོ་བོ་གང་ཡིན་ཀྱང་ད་ལྟའི་བཤེས་གཉེན་ཁག་ཅིག་ལ་ཉེས་སྐྱོན་འདི་འདྲ་མང་བོ་གནས། དེ་བས་རང་གི་འཇུག་སྒོ་བཟོ་འདི་ལ་མ་ཞུགས་སྔོན་དུ། ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་གཞི་བྱས་ཏེ། ཡོན་ཏན་ཆེ་བའི་མཚན་ལྡན་གྱི་བླ་མའམ་སློབ་དཔོན་ཞིག་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། མདོ་རྒྱུད་རིན་པོ་ཆེའི་མཛོད་ལས་མཚན་ལྡན་གྱི་བླ་མར་མཚན་ཉིད་བརྒྱད་གསུངས་ཡོད་པ་ནི། "དང་བོ་བཤེས་གཉེན་སྤྱིའི་མཚན་ཉིད་ཀྱི་བླ་མ། གཉིས་པ་ཡིད་བཞིན་མཆོག་གི་བླ་མ། གསུམ་པ་རང་བཞིན་ཡོན་ཏན་རྫོགས་པའི་བླ་མ། བཞི་བ་སྲིད་ལས་རྣམ་གྲོལ་གྱི་བླ་མ། ལྔ་བ་ཤེས་རབ་རྒྱ་ཆེ་བའི་བླ་མ། དྲུག་པ་རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ། བདུན་པ་ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ། བརྒྱད་པ་མཐར་ཐུག་སྙིང་བོ་དོན་གྱི་བླ་མ"བཅས་ཡིན། དེ་མིན། ད་དུང་མདོ་སྡེ་རྒྱན་ལས། བཤེས་གཉེན་ཆོས་བཅུ་དང་ལྡན་པ་ཞིག་བསྟེན་ཚུལ་ཡང་གསུང་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་བཀོད། དེང་འདིར་མཚན་ཉིད་ཐམས་ཅད་ཚང་བའི་བཤེས་གཉེན་ཞིག་ཤིན་ཏུ་དཀོན་ནའང་། ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་དང་། ཡོན་ཏན་ཆེ་བའི་མཚན་ལྡན་གྱི་བླ་མ་ཞིག་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། གཉིས། ཀུན་སྤྱོད་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་ཐོས་པའི་ལས་ལ་འཇུག་པ།ཀུན་སྤྱོད་ནི་ཀུན་ཏུ་སྤྱོད་པ་སྟེ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཡིན་ལ། རྣམ་པར་དག་པའི་སྤྱོད་ལམ་ཡིད་ལ་འཛིན་རྒྱུ་ནི་གཞི་མ་ཡིན། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཐོས་པའི་ལས་ལ་འཇུག་ཚུལ་ལས་འདི་སྐད་དུ་གསུངས་ཏེ། "འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ལ་བཤད་ཉན་གྱི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་སྟེ། ཆོས་ཀྱི་ཚིག་སྟེར་བ་དང་དེའི་ཆེད་དུ་ཡོན་འབུལ་བ་སོགས་ཀྱི་སྦྱིན་པ་དང་། ལུས་ངག་དཔྱད་ལ་མི་སྐྱོ་བའི་བཟོད་པ་དང་། ཉན་བཤད་ལ་སྤྲོ་བའི་བརྩོན་འགྲུས་དང་། ཤེས་བྱ་ལ་རྩེ་གཅིག་ཏུ་གཞོལ་བའི་བསམ་གཏན་དང་། ཚིག་དང་དོན་རྣམ་པར་འབྱེད་པའི་ཤེས་རབ་སྟེ་དྲུག་པོ་ཉམས་སུ་ལེན་དགོས། ། "ཞེས་གསུངས། བཟོ་གནས་འདི་ལ་གསར་ཞུགས་པ་དག་གིས་དང་ཐོག་བློ་མིག་སྦྱོང་བ་དང་ཐ་མར་རྣམ་བྱང་གི་རྩལ་སྦྱང་དགོས། འདིར་བཤད་པའི་བློ་ནི་སེམས་ཏེ་སྒོ་གང་ཡིན་རུང་དེའི་ལས་ལ་ཞུགས་ཚེ། སེམས་ཀྱིས་ཤེས་པ་ནི་གནད་ཆེ་ས་ཡིན། བཟོ་བོ་ཞིག་ལ་མཚོན་ན་ལག་ཇི་འདྲ་བྱང་ཡོད་ཀྱང་། སེམས་ཀྱི་ཤེས་པས་ལག་ལ་བཀོད་འདོམས་མ་བྱས་ན། ལག་པས་ཅི་ཡང་འབྲི་མི་ཐུབ། དེ་བས་སྒོ་འདི་ལ་གསར་དུ་ཞུགས་པ་ཞིག་ཡིན་ཚེ། ཐོག་མར་སངས་རྒྱས་ལོངས་སྐུ་དང་སྤྲུལ་སྐུ་དག་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་དངོས་སུ་ཇི་ལྟར་འབྲི་རུང་བ་ཐམས་ཅད་དང་ལྷ་མོ་ཐམས་ཅད་ཆགས་ཤིང་གཞོན་པའི་ཚུལ། ཁྲོ་བོ་ཐམས་ཅད་རྔམ་ཞིང་མི་རྟག་པ། རོལ་བའི་ཁྲོ་བོ་དག་ནི་ཁྲོ་འཛུམ་སྒེག་ཉམས་ཅན། གཞན་གར་གྱི་ཉམས་དགུ་སོགས་ཉམས་ཀྱི་བཀོད་ཚུལ་དེ་དག་རང་གི་བློ་ངོར་ངེས་དགོས་པ་དང་བློ་མིག་སྦྱོང་བ་ལ། དཔེ་དེབ་དང་གཞུང་ལུགས། འདྲ་སྐུ་བཅས་གང་མང་ལ་ཞིབ་ཏུ་བལྟས་ཏེ། དེའི་བཞུགས་སྟངས་དང་རྒྱན་ཆ། ན་བཟའ། ཕྱག་ཆས། སྐུ་མདངས་སོགས་ལ་ཞིབ་ཏུ་བལྟས་ན། སེམས་ལ་འཇགས་ཐུབ་པ་དང་སེམས་ངོར་དེ་དག་བྱང་ན། སེམས་ཀྱིས་ལག་པར་སྐུལ་བ་བྱས་ཏེ་བྲིས་ན་ལེགས་པོར་བཞེངས་ཐུབ་པ་དང་། སེམས་ལ་མ་བྱང་ཚེ་ལག་ཇི་འདྲ་བྱང་ཡང་གཞི་ནས་ཤེས་ཡོད་པ་མ་རེད། བློ་མིག་སྦྱོང་རྒྱུ་ནི་ཚད་མེད་པ་ཞིག་ཡིན་ཏེ། བློ་མིག་ལ་ཇི་འདྲ་བྱང་ན་དེ་འདྲའི་སྐུ་འདྲ་འབྱོན་ལེགས་པའི་གདེངས་ཚོད་ཡོད། ཐ་མར་རྣམ་བྱང་གི་རྩལ་སྦྱོང་བ་ལ། ཐོག་མར་སྡོམ་བྱུང་དང་དུས་འཁོར། ཨེ་རྡའི་ཚད་ཡིག་བཅས་གཞུང་ལུགས་གང་ཡིན་རུང་། དེའི་ཁྲིད་རྒྱུན་གྱི་ལུགས་ལྟར། དང་བོ་སྟོན་པའི་ཐིག་རིས་སྦྱང་ལུགས་ནི་རྟེན་འབྲེལ་གཞི་བྱས་ཏེ་གྲུབ་པ་དང་རྗེས་སུ་གཞན་དག་གི་དབུ་དང་ཕྱག ལོ་མ། མེ་ཏོག ཕྱག་རྒྱའི་སྐོར་སོགས་རེ་རེ་བཞིན་སྦྱང་དགོས། དེ་ནས་ཆ་ཚད་ཀྱི་རྩ་ཚིག་བློར་བཟུང་སྟེ་ཐིག་ཆེན་དང་ཐིག་ཆུང་ཐམས་ཅད་བྱང་ཆུབ་དགོས། ཐོག་མར་བཟོ་སྦྱང་གི་ལུགས་ལ་སྟོན་པའི་ཐིག་རིས་དང་ཐོག་སྦྱང་བ་ལ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་མ་གའི་རྒྱལ་བོ་གཟུགས་ཅན་སྙིང་བོ་དང་སྒྲ་སྒྲོག་རྒྱལ་བོ་ཨུཏྲ་ཡ་ན་གཉིས་མ་མཐོང་མཛའ་བོར་གྱུར་ཏེ་ཕན་ཚུན་སྐྱེས་ཀྱིས་འགྲུལ་བ་ལས། སྒྲ་སྒྲོག་རྒྱལ་བོས་རྒྱལ་བོ་གཟུགས་ཅན་སྙིང་བོར་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་ཁྲབ་ཅིག་སྐྱེས་སུ་བསྐུར་བ་ལ། རྒྱལ་བོའི་གཟུགས་ཅན་སྙིང་བོས་དེའི་སྐྱེས་ལན་དུ་སྟོན་པ་སངས་རྒྱས་ཀྱི་སྐུ་རས་གཞི་ལ་བྲིས་ཏེ་བསྐུར་བར་བརྩམས་པ་ན། སྟོན་པའི་གཟི་བྱིན་མ་བཟོད་པར་བཟོ་བོས་བྲི་མ་ནུས་པ་ལ། ཁྲུས་རྫིང་ཞིག་གི་གམ་དུ་སྟོན་པ་བཞུགས་ནས་ཆུའི་ནང་དུ་ཁོང་གི་སྐུ་བརྙན་འཆར་བ་ཇི་ལྟ་བཞིན་རས་གཞིར་བྲིས། སྟེང་འོག་ཏུ་རྟེན་འབྲེལ་ལུགས་འབྱུང་ལྡོག སྐྱབས་འགྲོ་བསླབ་པའི་གཞི་ལྔ་ཕན་ཡོན་དང་བཅས་པ་བྲིས། དེ་བསྐུར་བས་རྒྱལ་བོ་ཨུ་ཏྲ་ཡ་ནས་བདེན་པར་མཐོང་བ་འདི་ལ་ཐུབ་པ་ཆུ་ལོན་མར་གྲགས་པའི་དུས་དེ་ནས་བཟུང་གསར་སྦྱོང་གི་བཟོ་བོ་ཞིག་ཡིན་ཚེ་ཐོག་དང་བོར་སྟོན་པའི་ཐིག་རིས་སྦྱོང་བའི་ལུགས་སྲོལ་དར་བ་ཡིན་ཤས་ཆེ།གངས་ལྗོངས་འདིའི་ཚོན་སྡེབ་ཀྱི་ལུགས་མང་བོ་ལས། རང་རེའི་ཡུལ་གྲུ་འདིར་བཀོལ་ཆེ་བའི་ཚོན་སྡེབ་ཀྱི་སྐོར་ཟུར་ཙམ་ཞིག་གསར་སྦྱོང་བ་དག་ལ་ཆེད་དུ་བཀོད་པ་གཤམ་ལྟར། རྩ་བའི་ཚོན་ནི་ལྔ་སྟེ་ཀ་རག་དང་། བབ་ལ་མཚལ་དང་ལྗང་མཐིང་བཅས་རྣམས་སོ། ། རྩ་བའི་ཚོན་ལྔ་ཕུད་རྗེས་ཡན་ལག་གི། ། ཚོན་རྣམས་སྡེབ་ཚེ་ཡང་ལག་འདི་དག་འབྱུང་། ། ཀ་རག་ལ་བསྲེས་བབ་ལ་སེར་སྐྱ་དང་། ལི་ཤུན་ཀ་རག་སྡེབ་པས་ལི་སྐྱ་མཛེས། ། ཀ་རག་མཚལ་ཤུན་བསྲེས་པས་དམར་སྐྱ་དང་། རྒྱ་ཚོས་ཀ་རག་སྡེབ་པས་ན་རོས་འབྱུང་། ། སྤང་མ་ཀ་རག་འདུས་པས་སྔོ་སི་མངོན། ། ལྗང་སྐྱ་ཀ་རག་བསྲེས་ཐོན་སྤང་སི་དང་། ། སྤང་སྐྱ་རམ་དང་ཞུན་ཁུ་སྡེབ་པས་ལྗང་། ། སྤང་མ་བབ་ལ་འདུས་པས་ལྗང་སེར་བརྗིད། ། ལི་ཁྲི་བབ་ལ་བསྲེས་པས་བཙོ་མ་དང་། ། བབ་ལ་ལི་ཁྲི་སྤང་མ་སྣག་ཚ་བཅས། ། སྡེབ་པས་ཇ་སྨུག་མདོག་ནི་སྨུག་ནག་གོ། ། དེ་བཞིན་གོང་མའི་ལི་བབ་སྤང་གསུམ་ལ། ། དཀར་བོ་བསྲེས་པས་ཇ་སྐྱ་ལྷག་པར་མངོན། ། དེ་ལ་སྔོ་སངས་བསྲེས་པས་མུན་ཁ་དང་། ། སྣག་ཚ་ལ་སྡེབ་དཀར་བོ་ནག་སི་འབྱུང་། ། མཐིང་དང་སྤང་མ་བསྲེས་ན་སྦང་སྨུག་དང་། ། ལི་ཁྲི་དང་བསྲེས་སྣག་ཚ་ལི་སྨུག་ཐོབ། ། ནག་སི་ལ་སྡེབ་བཙོ་མ་དུད་ཁ་འབྱུང་། ། མཚལ་དང་སྣག་ཚ་བསྲེས་པས་མཚལ་སྨུག་དང་། ། ན་རོས་སྔོ་སངས་སྡེབ་པས་མཆིན་ཁ་ཡག། དེ་ལ་ཉུང་བསྲེས་མཚལ་གྱི་ཁ་བུན་ཕྱིར། ། ཐོབ་པའི་ཟི་ཧུན་བརྗིད་མདངས་རབ་ཏུ་དགོད། ། ན་རོས་ལ་སྡེབ་རམ་ཁུ་ཉུང་ངུ་ཡིས། ། ཐོབ་འབྲས་ན་རོས་ཁ་སྨུག་ཤིན་ཏུ་མཛེས། ། བབ་ལ་ལི་ཁྲི་ཀ་རག་སྣག་ཚ་བཅས། ། སྡེབ་པས་ཇ་ཁ་དང་ནི་བབ་ལའི་སྟེང་། ། མཚལ་གྱི་ཁ་བུན་བླུགས་ན་ལི་རྫུས་འབྱུང་། ། བབ་ལའི་སྟེང་དུ་ལི་ཁྲི་ཉུང་བསྲེས་ན། ། མདོག་ལྡན་ལི་སེར་རིན་ཆེན་ལྟ་བུ་ཐོབ། ། ཇ་ཁ་དང་བསྲེས་ལི་སྐྱ་སྤུ་ཁ་མདོག ། དཀར་བོ་སྔོ་སི་བབ་ལ་ཅུང་ཟད་ཙམ། ། སྡེབ་པས་འོ་ཁ་མདོག་ནི་མཛེས་ཤིང་སྡུག ། ཀ་རག་ལི་ཁྲི་ཉུང་དུས་ཤ་ཁ་མདོག ། དེ་ལ་བབ་ལ་རྒྱ་ཚོས་སྔོ་གསུམ་དག ། སོ་སོར་སྡེབ་ན་སེར་སྨུག་སྔོའི་ཤ་མདོག ། ཤ་ཁ་ལ་བསྲེས་མཚལ་གྱི་ཁ་བུན་འདིས། ། ཐོབ་པའི་ཤ་དམར་མདོག་གིས་ཡིད་དབང་འཕྲོག ། ཤ་ཁ་ལ་བསྲེས་ལྗང་སྐྱ་གསུམ་བསྡུར་གཅིག། ལྟ་བུར་སྡེབ་ན་ཐོབ་པ་ལྗང་མདོག་གོ། སྔར་ཐོན་ཚོན་བཟང་ལག་ཏུ་སོན་དཀའ་བས། ། དེང་ཚོན་ཐད་བཀོལ་སྤྱོད་བདེ་གང་ཡིན་ཀྱང་། ། ཐོན་སྐྱེད་བྱེད་སའི་ཡུལ་དེ་མ་གཅིག་ཕྱིར། ། སྡེབ་སྦྱོར་བྱས་ཚེ་ཞིབ་ཆ་ཐོན་དཀའ་འོ། ། བཅད་འཐེན་རྒྱུ་ནི་གལ་ཆེ་བའི་གནད་ས་ཞིག་ཡིན་ཏེ། རང་གི་སློབ་དཔོན་དང་ཕུལ་བྱུང་བཟོ་བོ་དག་གི་བཞེངས་བརྟེན་དང་དེ་དག་གི་བཅད་ཀྱི་འཐེན་ཚུལ་བློ་མིག་ལ་བྱང་རྒྱུ་དེ་ཡིན་པ་དང་ལག་བྱང་ལ་འགྲོ་རྒྱུར་ཀྱང་མཐོང་ཆུང་བྱེད་མི་རིགས། བཅད་རིས་ཀྱི་ཚོན་སྡེབ་ཡང་གནད་ཆེ་ས་ཡིན་ལ། དཀོན་མཆོག་བསྟན་འཛིན་ལགས་ཀྱི་བཟོ་གནས་སྐྲ་རྩེའི་ཆུ་ཐིགས་སུ་བཅད་ཚོན་གྱི་སྡོམ་ལ"དམར་སེར་སྨུག་དང་མི་ཤ་ཁ། ། དེ་དང་དེ་ལས་འཕྲོས་པའི་རིགས། ། སྐག་གིས་བཅད་པས་གྲ་སྡེབ་ཡིན། ། མཐིང་སྤང་གཡུ་ཁ་ཡན་ལག་ཚོན། །སྣག་གིས་མཐའ་རྒྱ་བཅད་པ་དང་། ། དཀར་པོ་མཐིང་ཀ་ལ་སོགས་པ། ། བྱེའུ་སྒང་བ་མ་གཏོགས་པ། ། རམ་གྱིས་བཅད་པ་བོད་ཀྱི་ལུགས། ། དཀར་པོ་དང་ནི་མི་ཤ་ཁ། ། གློ་སྨུག་གིས་བཅད་རྒྱ་ནག་སྲོལ། ། གཞན་ཡང་གསེར་གྱིས་བཅད་པ་དང་། བཅད་ལ་ཕྱི་ནང་ཉིས་རིས་དང་། བཅད་མདངས་དབྱེར་མེད་འདྲེས་པ་དང་། དཀར་བཅད་སུམ་མདངས་ལ་སོགས་པ། ། དཀར་གྱིས་བཅད་དང་མཛེས་ཆེད་སོགས། ། ངེས་པ་ཅན་དུ་མ་མཆིས་པས། ། སྐབས་དང་བསྟུན་པ་ཁོ་བོས་འདོད་། ། "ཞེས་བཀོད་པ་ལྟར་རོ། །སྤྱིར་རྟེན་བཟོའི་ལག་ཉེས་གང་ཡིན་ཀྱང་དངོས་ཀྱི་འདུ་ཤེས་འཇོག་དགོས་ཞེས་སློབ་དཔོན་དག་གིས་གསུངས་པར་མ་ཟད། རྟེན་ཚད་ལྡན་བཞེངས་པའི་ཕན་ཡོན་ཀྱང་གསུངས་ཡོད་པ་ནི། ལི་ཁྲིའི་ཐིགས་པ་ལས"སྐུ་གཟུགས་མཚན་ཉིད་ཐམས་ཅད་ནི། ། རབ་རྫོགས་བདེ་བ་སྟེར་བའོ། ། བདེ་བ་ཅི་ཞེ་ན། དེ་བཤད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ་ཡང་ཕྲ་རབ་རྡུལ་གྱི་ཇི་སྙེད་པ། ། དེ་སྙེད་དེ་དག་བྱེད་པོ་ནི་ལྷ་ཡི་ས་གཞི་ངེས་པར་ཉིད་དུ་རྒྱལ་སྲིད་དང་། ། གཟུགས་དང་གཟུགས་མེད་ཏིང་ངེ་འཛིན་གྱི་ཕུན་སུམ་ཚོགས་པ་མཐའ་དག་སྤྱད་པར་གྱུར་ནས་ཀྱང་། ། བདེ་བ་ཀུན་རྫོགས་མཐར་ནི་སྐྱེ་རྒུའི་ལྟུང་བ་དང་བྲལ་སངས་རྒྱས་གོ་འཕངས་འཐོབ་པར་འགྱུར། ། "ཞེས་བྱ་བ་སོགས་རྒྱ་ཆེར་གསུངས་ཡོད་དོ། ། གསུམ། བརྩོན་འགྲུས་ཀྱི་ཆུ་བོའི་རྒྱུན་ལ་བརྟེན་དགོས་པའི་སྐོར།

  བརྩོན་འགྲུས་ནི་དགེ་བ་ལ་མངོན་པར་སྤྲོ་བའི་ཤེས་པའམ་སེམས་སྤྲོ་བ་ཆེ་བའམ་རྩོམ་པ་ཆེ་བ་སྟེ། མི་སུ་དང་སུ་ཞིག་ཡིན་རུང་གང་རུང་ལས་ལ་ཞུགས་པའི་ཚེ། འདོད་ཆེན་སྙིང་ལ་མྱོས་པ་ཡི། །སྐྱེ་བོ་དེ་ཡིས་མི་འགྲུབ་མེད་ཅེས་པའི་དཔེ་ནང་ལྟར། རང་རེའི་གཟུགས་བཟོའི་རིག་པའང་བརྩོན་འགྲུས་གྱི་ཆུ་བོའི་རྒྱུན་ལ་བརྟེན་ཏེ་བཟོ་རིག་པའི་གཞུང་ལུགས་དང་མན་ངག་ལག་ལེན་བཅས་ལ་སྦྱང་བརྩོན་ལེགས་པོ་བྱེད་རྒྱུ་ལས་གཞན། ལེགས་ཉེས་ཀྱི་སྐྱོན་ཡོན་ལ་སོགས་པའི་གཞུང་ལ་ཡང་ལེགས་པོར་སྦྱོང་དགོས། བཟོ་སྦྱང་གི་ཚད་ངེས་ཅན་ཞིག་ལ་སླེབས་ཚེ། གཞན་གྱི་ངག་རྒྱུན་དང་རང་གི་ཉམས་མྱོང་། མན་ངག་སོགས་བསྡུ་ལེན་བྱས་ཏེ་ཉེས་ཆ་ཡོད་ཚད་སྤང་ཅི་ཐུབ་བྱ་དགོས།གསར་སྦྱོང་བའི་བཟོ་བོ་རིག་ལ་མཚོན་ན། རང་གིས་རང་ལ་འཆར་གཞི་འགོད་པ་དང་དམིགས་འབེན་འགོད་པ། རང་ལ་རེ་བ་ནན་མོ་འདོན་རྒྱུ་བཅས་ཚང་མ་རང་ཉིད་གོང་འཕེལ་གཏོང་བའི་རྒྱུ་ཡིན། རང་ཉིད་ཀྱི་ལྟོ་གོས་ཙམ་གྱི་དོན་དུ་བཟོ་གནས་འདི་ལ་ཞུགས་པའི་རེ་བ་བཅངས་ཡོད་པ་ཡིན་ན། བཟོ་རྩལ་ལ་ལེགས་འབྲས་ཐོབ་མི་ཐུབ། དེས་ན། ཚུལ་ཇི་ལྟར་བྱས་ན། ད་གཟོད་བཟོ་རྩལ་འདི་ལ་ལེགས་འབྲས་འབྱུང་ཐུབ་པ་ཡིན་ཞེ་ན། གཅིག ཐོག་མར་བཟོ་སྦྱང་སྐབས་སུ། སྐྱ་ཐིག་གི་རྨང་གཞི་ལེགས་པོར་འདིང་དགོས། སྐྱ་ཐིག་གི་རྨང་གཞི་ལེགས་ན། བཞེངས་སྐུའི་སྐུ་ཉམས་དེ་ལྟར་ལེགས་པ་དང་ཐུན་མོང་མ་ཡིན་པའི་བོད་བཟོའི་ཁྱད་ཆོས་དེ་འབུར་དུ་ཐོན་ཐུབ། གཉིས། གསར་སྦྱོང་བ་ཞིག་ལ་ངེས་པར་དུ་མཁོ་བ་ནི། འཆར་གཞི་དང་དམིགས་འབེན་ཡིན་ལ། དེ་ནི་མཁས་པའི་གོ་འཕང་ཐོབ་བྱེད་ཀྱི་ཟམ་པ་ལྟ་བུ་ཡིན། ཟམ་པ་མེད་ན་དམིགས་ཡུལ་གྱི་གནས་དེར་བགྲོད་དཀའ་བ་དང་མཚུངས་སོ། ། གསུམ་ནི་གོང་སྨྲས་ཀྱི་བློ་མིག་སྦྱོང་བའོ། །(འདིར་བཤད་པའི་བློ་མིག་སྦྱོང་རྒྱུ་ནི། ཕུལ་བྱུང་གི་བཟོ་ཆས་དག་ནས་བློ་མིག་སྦྱོང་རྒྱུ་དེ་ཡིན)བཞི། རྣམ་བྱང་གི་རྩལ་སྦྱང་རྒྱུ་དེ་ལ་སྤྱན་འབྱེད་པ་དང་བཅད་རྒྱག་པ་བཅས་ནི་ཤིན་ཏུ་གཙོ་ཆེ་བ་ཞིག་ཡིན་ཏེ། བཅད་ལ་འཇམ་བཅད། རྩུབ་བཅད། ན་བཟའི་བཅད། ལོ་མའི་བཅད། བུན་བཅད། གསེར་བཅད་བཅས་ཡོད། བཅད་རིས་སྟོང་སྐུད་འཐེན་འདྲ་ལ། ། བསྐྱར་བྲི་སྐེ་ཉག་མདུད་པ་སྤོང་། ། བཅད་ཐུང་ཚེས་གསུམ་ཟླ་བ་དེས། ། རྣོན་པོ་རྩེ་ཡིས་མ་བརྟོལ་ལོ། ། ཞེས་བཅད་ཀྱི་སྤང་བྱ་དག་གསུངས་ཡོད་པ་དང་འཇམ་བཅད་ཀྱི་ཚོན་ཁ་སླ་བ་དང་ཕྲ་སྦོམ་མེད་པར་རྟ་རྔ་བཏང་བ་ལྟ་བུ་ཕྲ་བ་ཞིག་རྒྱག་པ་དང་ན་བཟའི་བཅད་ལ་སྒང་སར་སྦོམ་པ་དང་བཅད་སྣེ་ཕྲ་དགོས། ལོ་མའི་བཅད་ནི་ཕྱི་སྦོམ་པ་དང་བཅད་སྣེ་ཕྲ་དགོས། རྩུབ་བཅད་ནི་བྲག་རི་དང་ཤིང་སྡོང་སོགས་ལ་རྒྱག་པའི་བཅད་ཡིན་ཏེ། གློ་བུར་སྦོམ་ལ་གློ་བུར་ཕྲ་བ་འབུར་ཀྱོག་མང་བ་ཞིག་ཡིན། བུན་བཅད་ནི་མདངས་ཀྱི་རྣམ་པ་ལྟ་བུའི་བཅད་ཡིན་ཞིང་། ཅུང་ཟད་སྦོམ་ལ་རྩ་བར་ཚོ་བ་མཐའ་ཡལ་བ་ལྟ་བུ་ཡིན་དགོས་ཟེར། གསེར་བཅད་ལ་ལི་ཁྲིའམ་མཚལ་གྱིས་བཅད་རྒྱག་དགོས་པ་དང་སྤྱན་འབྱེད་པ་ལ། ཐོག་མར་སྤྱན་དཀར་ཕྱེས་པ་སྟེ་གཞི་གདན་ཀ་རག་གཏོང་བ་དང་ལོངས་སྐུའི་སྤྱན་ལ་སྔོ་སངས་ཅུང་ཟད་སྐྱ་བ་ཞིག་གིས་རྫི་མ་དང་སྤྱན་འབྲས་འཁྲིད་ཁར་རམ་ཆུ་ཅུང་སླ་བ་ཞིག་གིས་དེའི་སྟེང་ལ་སྒྲིམ་དགོས། སྤྱན་འབྱེད་པ་ནི་ཆེས་ཞིབ་ཚགས་ཅན་གྱི་ལས་ཀ་ཞིག་ཡིན་པས། དེ་ལ་གཟབ་གཟབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། སྐུ་གཟུགས་ཀྱི་སྤྱན་ཕྱེས་པ་ལེགས་ན། སྐུ་གཟུགས་དེའི་བརྗིད་ཉམས་མངོན་པར་མཐོ་བ་ཡིན། གོང་སྨྲས་ཀྱི་བཅད་སོ་སོའི་རྒྱག་སྟངས་དང་སྤྱན་འབྱེད་ཚང་མ་ལ་བློ་མིག་སྤྱང་རྒྱུ་ནི་སྨྲ་མི་དགོས་པ་ཞིག་ཡིན་ལ། རྣམ་བྱང་གི་རྩལ་དེ་ལག་ལེན་དངོས་ནས་སྦྱང་རྒྱུ་གལ་ཆེའོ། ། (རྩོམ་སྒྲིག་འགན་འཁུར་པ་ཀ་ཤུལ།)མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་བཟོ་རྩལ་ཁང་།
རྩོམ་པ་པོ། མཁའ་འབུམ་ཐར།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།