བོད་བརྒྱུད་ནང་བསྟན་སོག་ཡུལ་དུ་དར་ཚུལ་སྐོར་རགས་ཙམ་གླེང་བ།

   དང་པོ། སོག་ཡུལ་དུ་ནང་བསྟན་གྱི་དབུ་བརྙེས་ཚུལ།

    བོད་ནས་སོག་ཡུལ་དུ་དམ་པའི་ཆོས་དར་བའི་ཚུལ་ལ་བོད་ཀྱི་མཁས་པ་ཚང་མ་མགྲིན་གཅིག་དབྱངས་གཅིག་ཡིན། སུམ་པའི་ཆོས་འབྱུང་དུ“སོག་ཡུལ་དུ་དམ་པའི་ཆོས་དར་བའི་དུས་ནི་རྒྱ་ནག་གི་ཧན་རྒྱལ་རབས་ཀྱི་དུས་རབས་ལྔ་པའི་ནང་ཧོར་གྱི་རྫས་ཁྲོད་དུ་རྙེད་པ་དེ་ཡིན”ཞེས་བརྗོད་མོད། དེར་དཔྱད་གཞི་ཤིན་ཏུ་ཆེ། རྒྱུ་མཚན་ནི་སྟོན་པ་འདས་ནས་ལོ་བརྒྱ་ལོན་པ་ན་ལི་ཡུལ་ནས་སོག་ཡུལ་དུ་དར་བར་བཤད་ལ་རང་རེ་བོད་པ་རྣམས་ཀྱིས་ཧོར་ལི་དང་ཧོར་ཏིང་ཞེས་འབོད་པའི་སྐུ་དང་མཆོད་ཆས་སོགས་ཀྱང་བྱུང་བར་བཤད། འོན་ཀྱང་ཀུན་གྱིས་ཁས་ལེན་པ་ནི་མེ་ཕོ་སྟག་སྟེ་སྤྱི་ལོ1206ལོར་ཇིང་གིར་རྒྱལ་པོས་སོག་ཡུལ་གཅིག་གྱུར་བྱས་ནས་ཡོན་རྒྱལ་ཁབ་བཙུགས་པ་དང་དཔུང་གི་དྲག་སྟོབས་ཀྱིས་ཡུལ་གྲུ་མང་པོ་དབང་དུ་བསྡུས་ཤིང་དབུས་གཙང་དུ་མི་སྣ་མངགས་ནས་ས་སྐྱ་ཀུན་དགའ་སྙིང་བོ་ལ་འབུད་ནོར་སོགས་བགྱིད་ཅིང་མཆོད་ཡོན་གྱི་འབྲེལ་བ་ཐོག་མ་བཙུགས། རྟེན་སོགས་སོག་ཡུལ་དུ་གདན་དྲངས་པར་བརྟེན་ནས་སོག་པོ་རྣམས་བསྟན་པ་ལ་དད་པའི་མགོ་ཚུགས། དགེ་བསྙེན་སོགས་ཀྱི་སྡོམ་པ་ལེན་པའང་མང་དུ་བྱུང་ནས་དམ་པའི་ཆོས་ཀྱི་དབུ་དངོས་བརྙེས་སོ། ། དེ་ལ“ཧོར་གྱི་རྒྱལ་ཁམས་ཀྱི་རྟོགས་བརྗོད་ངོ་མཚར་གསེར་གྱི་དེབ་ཐེར”སོགས་སུ་བསྟན་པ་སྔ་དར་ཟེར།
    གཉིས་པ། ས་སྐྱ་པའི་སྐབས་སུ་བོད་བརྒྱུད་ནང་བསྟན་ཐོག་མར་སོག་ཡུལ་དུ་དར་ཚུལ།
    ཇིང་གིར་རྒྱལ་པོས་ལོ་ངོ་ཉེར་གཉིས་རིང་ལ་སོག་པོའི་རྒྱལ་ས་བཟུང་རྗེས་སྐུ་འདས་པ་དང་། ས་མོ་གླང་སྟེ་སྤྱི་ལོ1221ལོར་ཇིང་གིར་གྱི་སྲས་གསུམ་པ་ཨོ་གོ་ཏེ་ཡིས་སྲིད་བསྐྱངས། སྐབས་དེར་ལང་ཇུའི་ཕྱོགས་ཀྱི་དཔོན་པོ་སྟེ་རྒྱལ་པོ་ཨོ་གོ་ཏེའི་སྲས་གཉིས་པ་གོ་དན་གྱིས་དབུས་གཙང་ཕྱོགས་སུ་དམག་དཔུང་དོར་རྟ་ནག་པོ་མངགས། ལྕགས་ཕོ་བྱི་སྟེ་སྤྱི་ལོ1240ལོར་དོར་རྟ་ནག་པོའི་དམག་དཔུང་གིས་ར་སྒྲེང་དང་འཕན་ཡུལ་སོགས་སུ་གསོད་འཕྲོག་གི་འཇིགས་སྐྲག་རབ་ཏུ་བསྐུར་ཞིང་། དགེ་འདུན་པ་མང་པོ་བཀྲོངས་ཤིང་དགོན་པ་མེར་བསྲེགས་པ་སོགས་ཀྱི་གདུག་རྩུབ་ཀྱིས་ཡུལ་དཔོན་རྣམས་སྤ་བཀོང་བར་བྱས། སྐབས་དེར་བོད་ཀྱི་གྲུབ་མཐའ་ཁག་སྟེ་ས་སྐྱ་པ་དང་། ཕག་གྲུ་པ། འབྲི་གུང་པ། ཚལ་པ། སྟག་ལུང་པ། གཡའ་བཟང་པ་སོགས་ཀྱིས་སྔ་གཞུག་ཏུ་སོག་པོ་ལ་མགོ་བཏགས་ཞུས། ཤིང་ཕོ་འབྲུག་སྟེ་སྤྱི་ལོ1244ལོར་གདན་འདྲེན་གྱི་ཆབ་ཤོག་བསྐུར་བས།ས་པཎ་རང་ཉིད་དགུང་ལོ་བགྲེས་ཀྱང་བོད་འབངས་སྤྱིའི་བདེ་སྡུག་དང་སངས་རྒྱས་བསྟན་པའི་ཆེད་དུ་ལོ་དེར་རང་གི་ཚ་བོ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དང་ཕག་ན་རྡོ་རྗེ་དགུང་ལོ་དྲུག་ལོན་པ་ཁྲིད་དེ་མདོ་སྨད་བརྒྱུད་ནས་མེ་ཕོ་རྟ་སྟེ་སྤྱི་ལོ1246ལོར་ལང་ཇུ་རུ་འབྱོར།དེའི་ཕྱི་ལོར་གོ་དམ་དང་མཇལ་འཛོམས་བྱུང་། ཁོང་གཉིས་ཀྱིས་ཆོས་སྲིད་ཀྱི་བགྲོ་གླེང་མང་པོ་མཛད་པས། གོ་དམ་གྱིས་ས་པཎ་གྱི་ཡོན་ཏན་མཐོང་ནས་དད་པ་སྐྱེས་ཤིང་ཀུན་གྱི་གྲལ་མགོར་བཞུགས་སུ་བཅུག དུས་དེ་ནས་བཟུང་སོག་ཡུལ་དུ་རབ་བྱུང་བའི་གོ་འཕང་མཐོ་རུ་ཕྱིན། དེ་ནས་ཁོང་རྣམ་གཉིས་ཀྱིས་བོད་སོག་པོའི་མངའ་འོག་ཏུ་འདུ་བའི་སྐོར་ལ་བཀའ་གྲོས་མཛད་མཐར་ས་པཎ་གྱིས་བོད་ཀྱི་སེར་སྐྱ་དཔོན་ཡོན་དང་བཅས་པ་སོག་པོའི་མངའ་འོག་ཏུ་འདུ་དགོས་པའི་བསླབ་བྱའི་བཀའ་ཤོག་གནང་། ཆུ་མོ་གླང་སྟེ་སྤྱི་ལོ1253ལོར་སེ་ཆེན་གྱིས་འགྲོ་མགོན་འཕགས་པ་གདན་དྲངས་ནས་དབང་ཞུས་ཤིང་ཏི་ཤྲི་སྟེ་གོང་མའི་དབུ་བླ་དང་། གུ་ཤྲི་སྟེ་རྒྱལ་ཁབ་ཀྱི་སློབ་དཔོན་གྱི་མཚན་གསོལ་ཅིང་རིན་པོ་ཆེ་གསེར་དངུལ་སོགས་མང་པོ་ཕུལ་ནས་བླ་རུ་བཀུར། ཤིང་ཕོ་རྟ་སྟེ་སྤྱི་ལོ1254ལོར་སེ་ཆེན་གྱིས་འཇང་ས་བནྡེ་ཤེད་བསྐྱེད་མ་གནང་། ལྕགས་ཕོ་སྤྲེལ་ཏེ་སྤྱི་ལོ1260ལོར་སེ་ཆེན་ཁྲིར་བཀོད་ཅིང་རྒྱལ་ས་པེ་ཅིན་དུ་སྤོས་ནས་རྒྱལ་ཡོངས་ནང་བསྟན་ལས་ཁུངས་དང་བོད་རིགས་ས་ཁུལ་ཆོས་སྲིད་ལས་དོན་སྒྲུབ་མཁན་གྱི་ལས་ཁུངས་ཙུང་ཀྲི་ཡོན་ཏེ་སྤྱི་བཀོད་ཁང་བཙུགས་ཤིང་འགྲོ་མགོན་འཕགས་པ་གཙོ་འགན་པར་བསྐོས། ས་ཕོ་བྱི་སྟེ་སྤྱི་ལོ1288ལོར་སྲིད་སྒྲོག་ཁང་དུ་མིང་བསྒྱུར་ནས་བོད་ཁྲི་སྐོར་བཅུ་གསུམ་ས་སྐྱ་པས་སྤྱི་ཁྱབ་དབང་འཛིན་བྱ་དགོས་པའི་བཀའ་ཕབ། ས་མོ་སྦྲུལ་ཏེ་སྦྱི་ལོ1269ལོར་སེ་ཆེན་གྱི་བཀའ་ལྟར་འགྲོ་མགོན་འཕགས་པས་སོག་ཡིག་གསར་གཏོད་གནང་། ལྕགས་ཕོ་འབྲུག་སྟེ་སྤྱི་ལོ1280ལོར་འགྲོ་མགོན་འཕགས་པ་སྐུ་གཤེགས་རྗེས་ཕག་ན་རྡོ་རྗེས་ས་སྐྱ་པའི་བླ་མ་དང་མཁས་པ་མང་པོ་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་མུ་མཐུད་དུ་རྒྱ་ཆེར་སྤེལ། ལྷག་པར《ས་སྐྱ་ལེགས་བཤད》སོགས་སོག་ཡིག་ཏུ་བསྒྱུར་བ་དང་དེ་དག་གིས་སོག་ཡུལ་གྱི་རིག་གནས་དང་བསམ་བློ་སོགས་ཡར་རྒྱས་ཡོང་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འདིའི་རིང་ལ་ནང་བསྟན་སོག་ཡུལ་དུ་དར་བ་ལ་སོག་པོའི་ལོ་རྒྱུས་སོགས་སུ་བསྟན་པ་བར་དར་ཟེར་རོ། །
    གསུམ་པ། དགེ་ལུགས་པའི་གྲུབ་མཐའ་སོག་ཡུལ་དུ་དར་ཚུལ།
    དགེ་ལུགས་པ་དང་སོག་ཡུལ་ལ་འབྲེལ་བ་བྱུང་བའི་དུས་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་ཡིན། རྒྱལ་པོ་ཡན་ཏཱ་ཧན་གྱིས་སོག་ཡུལ་གྱི་བདེ་འཇགས་དང་སྲིད་དབང་སྲ་བརྟན་གྱི་ཆེད་དུ་ས་ཕོ་སྟག་སྟེ་སྤྱི་ལོ1578ལོར་རྒྱལ་དབང་བསོད་ནམས་རྒྱ་མཚོ་གདན་དྲངས་ནས་མཚོ་སྔོན་གྱི་ལྷོ་ནུབ་ཟད་མཚམས་ཆབ་ཚ་བྱ་བའི་ས་ཆར་ཞལ་འཛོམས་བྱུང་ནས་ཡན་ཏཱ་ཧན་གྱིས་རྒྱལ་དབང་མཆོག་ལ་ཐོག་མར་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་ཐམ་ག་ཕུལ། རྒྱལ་པོ་ལའང་རྒྱལ་དབང་ཉིད་ཀྱིས་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་མཚན་གནང་བ་སོགས་ཕན་ཚུན་བར་མཛའ་བརྩེ་དམ་པོ་ཆགས་ཤིང་། དུས་དེ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་ཞེས་པ་ཡོངས་སུ་གྲགས། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་སོག་ཡུལ་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་པ་དང་དེང་གི་མཁར་སྔོན་པོར་དགོན་སྡེ་ཕག་འདེབས་གནང་བ་སོགས་མཛད་པ་རྒྱ་ཆེར་སྤེལ། ད་དུང་གསོན་གཤིན་གྱི་དགེ་བར་རློམ་པའི་སྲོག་གཅོད་པ་སོགས་ཆོས་ལོག་གི་རྒྱུན་བཅད། དམ་པའི་ཆོས་ཀྱི་སྣང་བ་དཀར་པོས་ཁྱབ་པར་མཛད། རྒྱལ་དབང་རང་ཉིད་ཀྱང་ས་དེ་རུ་སྐུ་གཤེགས་པ་དང་ཡང་སྲིད་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་པས་སངས་རྒྱས་བསྟན་པ་སོག་ཡུལ་དུ་དར་བར་སྨན་པར་གྱུར། དེ་ནས་བཟུང་བོད་སོག་མི་རིགས་གཉིས་པོ་དགེ་ལྡན་བསྟན་པའི་འཁྲི་ཤིང་ལ་གསེར་གྱི་མདུན་པས་དམ་པོར་བཅིངས་པ་ཡིན་ནོ། །
    རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་མཚོ་སྔོན་ཕྱོགས་ཀྱི་སོག་པོའི་དཔོན་པོ་གུ་ཤྲི་ཧན་གྱིས་རྒྱབ་རོགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་དང་སྐབས་དེར་ཀྲུང་གོ་ལ་མཚོན་ན་མིང་རྒྱལ་རབས་འཇིག་ནས་བྱང་ཤར་ས་ཆའི་གྲངས་ཉུང་མི་རིགས་མན་ཇུ་འཕེལ་རྒྱས་བྱུང་ནས་ཆིང་རྒྱལ་རབས་ཚུགས་པའི་སྐབས་དང་ཕྲད་མོད། འོན་ཀྱང་རྒྱལ་ཁབ་གཅིག་གྱུར་དང་བོད་སོག་མི་དམངས་དབང་དུ་བསྡུ་ཆེད་ཆན་ལུང་གོང་མས་བརྩམས་པའི་བླ་མའི་རྣམ་བཤད་ཅེས་པའི་ནང“ཕྱི་ནང་གི་དགེ་ལུགས་པ་གཙོ་བོ་འདི་གཉིས་ཡིན་ཤིས། མོང་གོལ་སྡེ་ཁག་རྣམས་དབང་དུ་འདུ་དགོས་ན་དགེ་ལུགས་པའི་ཆོས་ལུགས་སྤེལ་ནས་དེ་དག་བདེ་གནས་ཡོང་བ་བྱ་དགོས་པ་ནི་བྱ་བ་ཆུང་ངུ་ཞིག་མ་ཡིན། དེར་བརྟེན་དགེ་ལུགས་པའི་ཆོས་ལུགས་ལ་སྲུང་སྐྱོབ་མི་བྱེད་ཐབས་མེད་ཡིན།”ཞེས་བསྟན་པ་ལ་བལྟས་ན། སོག་ཡུལ་དུ་དགེ་ལུགས་པའི་གྲུབ་མཐའ་ཡི་གོ་གནས་ག་འདྲ་ཞིག་ཏུ་གནས་ཡོད་པ་གསལ་བོར་ཤེས་ཐུབ། དེ་ནས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་སོག་ཡུལ་དུ་ནང་པའི་བསྟན་པ་རྒྱ་ཆེར་སྤེལ། ལྷག་པར་བཀའ་འགྱུར་དང་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་པ་དང་སོག་པོའི་དགེ་འདུན་པ་མང་པོ་སེ་འབྲས་དགེ་གསུམ་དུ་ཡོང་ནས་སློབ་གཉེར་གྱི་དཀའ་བ་སྤྱད་ནས་བོད་སོག་རིག་གནས་ཐད་ལ་འབྲེལ་བ་གཏིང་ཟབ་ཆགས་ཡོད། སྒོས་སུ་ཇོ་ནང་ཏ་ར་ནཱ་ཐའི་སྤྲུལ་སྐུ་སྟེ་ཕྱི་སོག་གི་ཧལ་ཧ་རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་དང་རྒྱལ་ནང་གི་ལྕང་སྐྱ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་བོད་སོག་གི་རིག་གནས་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། དེ་བས་དགེ་ལུགས་པའི་གྲུབ་མཐའ་སོག་ཡུལ་དུ་དར་བ་དེས་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར་ཡོང་བའི་ཆེད་ལ་སྔོན་འགྲོའི་ཆ་རྐྱེན་གང་ལེགས་བསྐྲུན། དེ་མ་ཟད་ད་དུང་བོད་ཀྱི་གསོ་རིག་དང་། སྐར་རྩིས། བཟོད་བཀོད། སྒྱུ་རྩལ་སོགས་ཀྱི་རིག་གནས་ཤེས་བྱའང་སོག་ཡུལ་དུ་དར་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད། སྐབས་འདིར་སོག་ཡུལ་དུ་ནང་བསྟན་དར་བའི་ཚུལ་ལ་སོག་ཡུལ་ལོ་རྒྱུས་སོགས་སུ་བསྟན་པ་ཕྱི་དར་ཟེར་རོ། ། རྩོམ་པ་པོ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི2010ལོའི་ཞིབ་འཇུག་སློབ་མ་ཡིན། མཚོ་སྔོན་བོད་ཡིག་གསར་འགྱུར།2013-03-22-19།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།