དུས་འཁོར་ལུགས་ཀྱི་སྐར་རྩིས་དར་ཚུལ་མདོ་ཙམ་བརྗོད་པ་དཔྱིད་ཀྱི་དགའ་སྟོན།

1.jpg

ནང་དོན་གནད་བསྡུས།  བོད་ཀྱི་སྐར་རྩིས་རིག་པའི་ཁུངས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་སངས་རྒྱས་ཀྱིས་གསུངས་ཤིང་ཤམྦྷ་ལའི་ཆོས་རྒྱལ་རིགས་ལྡན་རྣམས་ལ་བརྒྱུད་ཚུལ།  རྒྱ་གར་འཕགས་ཡུལ་དུ་དུས་འཁོར་དར་ཚུལ་དང་བོད་གངས་ཅན་གྱི་ཡུལ་དུ་དུས་འཁོར་གྱི་རྒྱུད་བསྒྱུར་ཚུལ།  རིམ་བྱོན་མཁས་པས་སྐར་རྩིས་ཀྱི་རིག་པ་སྤེལ་ཚུལ། ཡང་དར་གྱི་དུས་སུ་དར་ཚུལ་བཅས་བརྗོད་ཡོད།

གནད་ཚིག།   དུས་འཁོར་སྐར་རྩིས།  རྒྱ་བོད་དུ་དར་ཚུལ།  རྩིས་གཞུང་གྲགས་ཅན།  

རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་དབྱིངས་སུ། །མི་འགྱུར་བདེ་བ་ཆེན་པོས་རྟག་རོལ་པ། །
སྟོང་གཟུགས་ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བ། །དཔལ་ལྡན་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག།
གཞུང་ལུགས་ནམ་མཁའ་མཛོད་ཀྱི་གྲྭ་གཅིག་ན། །གཅེས་པའི་བུ་ལ་མ་ཡི་རྣམ་ཐར་བཞིན། །
ཚུལ་འདིའི་རིག་པ་བདག་ལ་སྦྱིན་མཛད་པ། །ཀུན་གཟིགས་བླ་མ་བསམ་གྲུབ་རྒྱ་མཚོ་རྒྱལ། །
ཕྲ་ཞིབ་ལྷུ་ལག་ཚོགས་པར་མ་བརྟེན་པར། །ནམ་མཁའི་གཟའ་སྐར་འགྲོས་བཞི་ལ་སོགས་པ། །
ཇི་བཞིན་ཚེགས་མེད་རྟོགས་པའི་རིག་གནས་ཞེས། །འཛམ་གླིང་ཁྱོན་འདིར་སྙན་པའི་གྲགས་པ་འབར། །
དེ་ཕྱིར་གང་གི་བྱུང་བ་མདོར་བསྡུས་ཙམ། །སྔོན་བྱོན་མཁས་པའི་གཞུང་ལ་ལེགས་བརྟེན་ནས། །
བཤད་པ་དཔྱིད་ཀྱི་དགའ་སྟོན་ཞེས་བྱ་བ། །དཔྱོད་ལྡན་དགའ་བའི་གསོས་སུ་ཁོ་བོས་སྦྱིན། །
 དེ་ཡང་ས་པཎ་གྱིས། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་གསུངས་ལྟར། ཤིས་བརྗོད་ཕྱག་བྱ་ཅི་རིགས་པའི་ཚུལ་གྱིས་དགེ་ལེགས་སུ་བྱེད་པའི་ཚིགས་སུ་བཅད་པ་དུ་མ་སྔོན་དུ་བཏང་ནས་གང་ཞིག་བརྗོད་པར་བྱ་བ་ནི།  ཇི་སྐད་དུ།   ཁྲོ་རུ་མཁན་པོ་ཚེ་རྣམ་ལགས་ཀྱིས།  ནམ་མཁའི་གོ་ལ་བཅུ་གཉིས་ཁྱིམ་གྱི་གཞིར། །རྒྱུ་སྐར་ལྷ་མོའི་འཛུམ་གྱིས་བསུས་པའི་མོད། །དྲང་སྲོང་གཟའ་དགུས་སྤྱོད་པའི་ལེགས་ཉེས་རྩིས། །དུས་བཞི་བླང་དོར་སྟོན་པའི་ཚན་རིག་ཡིན། །ཞེས་རང་བཞིན་དྲང་བོར་བརྗོད་པའི་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་བྱུང་བ་མདོར་བསྡུས་ཞིག་བརྗོད་པར་བྱ་བ་ལ།
        དང་པོ།  སྟོན་པས་གསུངས་ཤིང་ཆོས་རྒྱལ་རིགས་ལྡན་རྣམས་ལ་བརྒྱུད་ཚུལ།
     དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་འདས་ཀྱི་ལོ་ཚིགས་དང་དུས་འཁོར་གྱི་རྒྱུད་གསུངས་པའི་དུས་ལ་མི་མཐུན་པ་མང་དུ་མཆིས་མོད། འདིར་གྲགས་ཆེ་བ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཕུག་པ་ལྷུན་གྲུབ་རྒྱ་མཚོ་རྣམ་གཉིས་ཀྱི་ལུགས་སོ་སོར་བརྗོད་ན། དང་པོ་བུ་སྟོན་གྱི་ལུགས་ལ། སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ(སྤྱི་ལོ་སྔོན༩༡༦)ལོའི་ས་ག་ཟླ་བའི་ཉར་མཉམ་མེད་བུ་རམ་ཤིང་པ་དགའ་ལྡན་གྱི་གནས་ནས་འཛམ་བུ་གླིང་བའི་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་བཀྲི་བའི་ཕྱིར་དུ་གྲོང་ཁྱེར་སེར་སྐྱར་གཟིགས་པ་ལྔས་འཇམ་དཔལ་གྱི་རྣམ་འཕྲུལ་རྒྱལ་བོ་ཟས་གཙང་མའི་བཙུན་མོ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། དེ་ནས་བགྲངས་པའི་ཟླ་བ་བཅུ་པ་ཟིལ་གནོན་མེ་རྟ་(སྤྱི་ལོ་སྔོན༩༡༥)ལོའི་མཆུ་ཟླའི་ཉར་ལིམྦིའི་ཚལ་དུ་སྐུ་བལྟམས། དེ་ནས་དགུང་ལོ་ཉེར་དགུ་པ་དངོས་པོ་ཤིང་ཁྱི་(སྤྱི་ལོ་སྔོན༨༨༧)ལོར་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཡང་དག་པར་བླངས་པར་མཛད་དོ། །དགུང་ལོ་སོ་དྲུག་པ་ལྕགས་སྦྲུལ་ (སྤྱི་ལོ་སྔོན༨༨༠) ལོའི་ས་གར་ཉར་མངོན་པར་རྫོགས་པའི་སངས་རྒྱས་སོ། །དེ་ལ་རྩ་བའི་རྒྱུད་ལས། དེ་ནས་ཤམྦྷ་ལར་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། ། དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་བཙལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག  །ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང་། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་དང་།  སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཆོས་རབ་གསུངས། །གང་ལ་གང་གནས་བསྟན་པ་ནི། ། སུ་ཡིས་རྒྱུད་ཀྱང་ལུང་གཅིག་བསྟན། ། གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་སུ་ཡིས་རྒྱུ་ཅི་ཡིས། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས་ཀྱི། །ཐབས་གཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམ་མིན་ཤིན་ཏུ་དྭངས། །གོ་སྐབས་མེད་པར་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པ་གནས། །ཆོས་ཀྱི་དབྱིངས་དང་ཡིད་འོང་འབར། །རྒྱུད་ལྡན་སྐྱེས་བུ་རྣམས་ཀྱིས་ནི། །བསོད་ནམས་ཡེ་ཤེས་དགོངས་པའོ། །ཞེས་དང་། འགྲེལ་ཆེན་ལས་ཀྱང་། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་ངྷཱ་ནྱ་ཀ་ཊ་ཀར།  ཞེས་གསུངས་པ་ལྟར། སྟོན་པ་སངས་རྒྱས་ནས་ཟླ་བཅུ་གཉིས་སོང་བ་ནག་ཟླའི་ཉ་ལ་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་འོག་ཏུ་རྒྱང་གྲགས་ལྷག་པའི་དཔག་ཚད་དྲུག་ཡོད་པར་འོག་ཏུ་ཆོས་དབྱིངས་གསུངས་དབང་གི་དཀྱིལ་འཁོར་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ་བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། སྟོན་པ་ཤཱཀྱ་ཐུབ་པ་རྡོ་རྗེ་སེང་གེའི་ཁྲི་ལ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དཀྱིལ་འཁོར་དུ་མ་བཀོད་པའི་འཁོར་སངས་རྒྱས་བྱང་ཆུབ་སེམས་ཁྲོ་བོ་ལྷ་མིའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉན་པ་པོའི་འཁོར་རྒྱལ་བོ་དགུ་བཅུ་རྩ་དྲུག་ལ་སོགས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་དང་། ཞུ་བ་བོ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ནས་ལྷ་དང་ལྷ་མིན་ལ་སོགས་སངས་རྒྱས་ཉིད་དུ་ལུང་བསྟན་ནས་ཆོས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བཀའ་བསྩལ་ཏོ། །དེ་ནས་དགུང་ལོ་གྱ་གཅིག་པ་ཟད་པ་མེ་སྟག་(སྤྱི་ལོ་སྔོན་༨༣༥)ལོར་མྱ་ངན་ལས་འདས་སོ། །                                           
     གཉིས་པ། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་དང་། ལེགས་བཤད་པད་དཀར་ཞལ་ལུང་གཉིས་ཀྱི་རང་ལུགས་ལ། དོན་གྲུབ་ཅེས་པ་ས་མོ་ལུག(སྤྱི་ལོ་སྔོན༩༦༢)གི་ལོའི་ཆུ་སྟོད་ཟླ་བའི་ཉ་ཚེས་ལ་སྟོན་པ་ཤཱཀྱ་སེང་ གེ་ལྷུམས་སུ་ཞུགས་པ་དང་། དེ་ནས་ཟླ་བ་བཅུ་འདས་པ་དྲག་པོ་ལྕགས་སྤྲེལ་(སྤྱི་ལོ་སྔོན༩༦༡)ལོའི་ས་ག་ཟླ་བའི་ཚེས་བདུན་ཟླ་སྐར་རྒྱལ་གྱི་དུས་སུ་ལིམྦིའི་ཚལ་དུ་སྐུ་འཁྲུངས། དེ་ནས་བགྲངས་པའི་ལོ་ཉེར་དགུ་པ་ས་བྱི(སྤྱི་ལོ་སྔོན༩༣༣)ལོའི་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་ཁབ་ནས་བྱུང་ཏེ་རབ་ཏུ་བྱུང་བར་མཛད། དགུང་ལོ་སོ་ལྔ་པ་ཤིང་རྟ་(སྤྱི་ལོ་སྔོན༩༢༧)ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བདུད་བཞི་མ་ལུས་པ་བཅོམ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དགུང་ལོ་གྱ་གཅིག་པ་དཔའ་བོ་ལྕགས་འབྲུག་(སྤྱི་ལོ་སྔོན༨༨༡)ལོའི་ནག་པའི་ཉར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཟླ་བ་བཟང་པོ་ལ་སོགས་པར་དུས་ཀྱི་འཁོར་ལོ་གསུངས་ཤིང་། དེའི་ཕྱི་མ་ས་ག་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའོ། །
    དེ་ནས་རྩ་རྒྱུད་བསྡུས་པའི་ཚུལ་ནི། སྟོན་པས་རྩ་རྒྱུད་གསུངས་པ་ཟླ་བ་བཟང་པོས་ཐུགས་འཛིན་མཛད་ནས་ཤམྦྷ་ལར་བྱོན། ཤམྦྷ་ལའི་ཡུལ་སྐད་ཀྱིས་རྩ་རྒྱུད་དང་། རང་གིས་མཛད་པའི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ཡང་གླེགས་བམ་ལ་བྲིས་ཏེ་གྲོང་ཁྱེར་བྱེ་བ་དགུ་ཕྲག་བཅུ་རྩ་དྲུག་གི་ས་སྤྱོད་དགུ་བཅུ་རྩ་དྲུག་སོགས་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་ལྕགས་འབྲུག་ནས་ཆུ་རྟའི་བར་ལོ་གསུམ་བསྟན་ཅིང་། དེའི་ཕྱི་ལོ་ཆུ་ལུག་ལ་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་གཤེགས་སོ། །ཟླ་བཟང་གཤེགས་པའི་རྗེས་སུ་མཆོག་མི་འགྱུར་གྱི་མདོར་བསྡུས་ལས། འཇམ་དབྱངས་ཀྱང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཤཱཀྱའི་རིགས་ལ་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་ལྷའི་དབང་ལྡན་གྱི་སྲས་རིགས་ལྡན་གྲགས་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་ལོ་དྲུག་བརྒྱའི་ཐོག་མ་ཤིང་སྤྲེལ(སྤྱི་ལོ་སྔོན༨༧༧)ནས་བཟུང་སྟེ་ལྷ་དབང་དང་།  གཟི་བརྗིད་ཅན།  ཟླ་བས་བྱིན།  ལྷའི་དབང་ཕྱུག །སྣ་ཚོགས་གཟུགས།  ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་གིས་ལོ་བརྒྱ་རེར་རྩ་རྒྱུད་བསྟན་ཏོ།  །དེ་ནས་ཉི་སྒྲོལ་བྱེད་ཤིང་སྤྲེལ(སྤྱི་ལོ་སྔོན༢༧༧)ལ་རིགས་ལྡན་རྣམས་ཀྱི་ཐོག་མ་འཇམ་དཔལ་གྲགས་པ་བྱང་ཆུབ་སེམས་དཔའི་སེང་གེའི་ཁྲི་ལ་འཁོད་ནས་ལོ་བརྒྱའི་བར་དུ་རྩ་རྒྱུད་བསྟུན་ནས་ལོ་བརྒྱ་རྫོགས་པའི་རྗེས་ཀྱི་མིག་དམར་ཞེས་པ་ཤིང་བྱི(སྤྱི་ལོ་སྔོན༡༧༧)ལོའི་ནག་ཉར་ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་སྨིན་པར་བྱས།  རྩ་རྒྱུད་ལས།  དེས་ན་སྙིང་བོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔ་པ། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། །སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་ལུང་བསྟན་པ་ལྟར།  དུས་ཀྱི་འཁོར་ལོ་སྟོང་ཕྲག་བཅུ་གཉིས་པ་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡི་གེ་ཉེར་གཅིག་པ་འཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་སྟོང་དང་སུམ་ཅུ་ལེའུ་ལྔའི་བདག་ཉིད་ཅན་དུ་བསྡུ་བར་མཛད་ནས་གཤེགས་སོ། །དེ་ཡང་ལོ་བརྒྱའི་བར་དུ་རིགས་ལྡན་མ་ཡིན་ཀྱང་རིགས་བཞི་རིགས་གཅིག་ཏུ་མཛད་པ་ནས་རིགས་ལྡན་ཞེས་གྲགས་སོ། །གྲགས་པ་གཤེགས་པའི་ཤིང་བྱི་ལོར་རིགས་ལྡན་པད་མ་དཀར་པོ་ཁྲིར་འཁོད་དེ། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པོ་པད་དཀར་འཛིན། །ཞེས་ལུང་བསྟན་པ་ལྟར་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་འདི་མཛད་དོ། །དེ་ནས་བཟུང་སྟེ་ལོ་བརྒྱད་བརྒྱའི་བར་དུ་པདྨ་དཀར་པོ་དང་། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། རིན་ཆེན་ཕྱག  ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ་སྟེ་རིགས་ལྡན་བརྒྱད་ཀྱིས་བསྡུས་རྒྱུད་འགྲེལ་བ་དང་བཅས་པ་བསྟན་ཏོ། །དེ་ཡང་རྒྱུད་ལས། མེ་མཁའ་རྒྱ་མཚོའི་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས། ཀླ་ཀློའི་ལོར་ནི་རབ་ཏུ་འགྲུབ། ཞེས་པ་ལྟར།  ཤིན་ཏུ་བཟང་འདས་མ་ཐག་གི་རྗེས་ཉི་སྒྲོལ་བྱེད་ཤིང་སྤྲེལ་(སྤྱི་ལོ་སྔོན༦༢༤)ལ་རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་ཕེབས་དང་། མེ་མཁའ་རྒྱ་མཚོའི་ཐོག་མ་འདྲེན་པ་དང་། འཕགས་ཡུལ་གྱི་མ་ཁར་སྦྲང་རྩིའི་བློ་གྲོས་ཀྱིས་རྒྱལ་བའི་བསྟན་པ་ལ་གནོད་པ་ཆེན་པོ་བྱས་ཏེ་ལྷ་མིན་གྱི་ཆོས་དར་བར་བྱས་པས་མུ་སྟེགས་རྣམས་ཀྱང་དེའི་རྗེས་སུ་འབྲངས་ཏེ་གཞན་ལ་གནོད་པའི་བསམ་པས་ཉུང་ངུའི་བྱེད་པ་ཞེས་པའི་རྩིས་འགོ་ཟུག་པ་རྣམས་དུས་མཉམ་ལ། དེ་དང་བསྟུན་ཏེ་ཀླ་ཀློ་ཞུགས་པ་དང་ཀླ་ཀློའི་ལོ་ཞེས་གསུང་གི  དེའི་སྔ་རོལ་དུ་ཀླ་ཀློ་སྟེ་མུ་སྟེགས་བྱེད་མེད་པ་མ་ཡིན་ཏེ། དེ་ཡང་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཀྱི་བར་དུ་ཆོས་བསྟན། དེའི་མཇུག་ཏུ་རིགས་ལྡན་རྒྱལ་དཀས་ལོ་ཉིས་བརྒྱ་དང་ཉེར་གཅིག་གི་བར་དུ་ཆོས་བསྟན་པ་ཡིན་པས། ཆོས་རྒྱལ་དྲུག་དང་རིགས་ལྡན་ཉེར་གསུམ་པོ་གཞན་རྣམས་ལོ་བརྒྱ་རེར་རྒྱལ་ས་བཟུང་ནས་ཆོས་བསྟན་པ་མཚུངས་ཀྱང་། དེ་གཉིས་ཀྱིས་ལོ་བརྒྱ་རེ་ལས་མང་བར་རྒྱལ་ས་བཟུང་ནས་ཆོས་བསྟན་པས་དེ་གཉིས་ཀྱི་ལོ་གྲངས་བྱེ་བྲག་ཏུ་རྟོགས་པའི་ཆེད་དང་། ཀླ་ཀློ་ཞུགས་ནས་ཇི་ཙམ་སོང་གི་འདས་ལོའི་གྲངས་རྟོགས་པའི་ཕྱིར་མེ་མཁའ་རྒྱ་མཚོའི་རྣམ་བཞག་མཛད་དོ། །དེ་ཡང་མེ་མཁའ་རྒྱ་མཚོའི་ཐོག་མ་ནས་བཟུང་སྟེ་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་འདས་པ་མི་ཟད་པ་མེ་ཕོ་ཁྱི་(སྤྱི་ལོ༨༠༦)ལ་རང་ལུགས་ཀྱི་ཉུང་ངུའི་བྱེད་པའི་རྩིས་མགོ་ཟུག  དུས་དེར་རིགས་ལྡན་རྒྱལ་དཀས་མུ་སྟེགས་རྣམས་ཀྱི་ང་རྒྱལ་དགག་པ་ལ་དགོངས་ནས། སྟོན་པས་མ་འོངས་པ་ལུང་བསྟན་པ་ལྟར་བསྡུས་རྒྱུད་ལས་རྩིས་འཕྲོ་སྦས་པའི་ཚུལ་དང་། དངོས་བསྟན་ངེས་པ་གསལ་བོ་མ་མཛད་པའི་ཚུལ་དང་། དེའི་རྗེས་སུ་འགྲེལ་ཆེན་གྱི་རྩིས་འཕྲོ་སྦས་པ་རྣམས་དངོས་སུ་མ་བྱུང་ཡང་། རང་ལུགས་ཀྱི་བྱེད་པ་འདིར་ངེས་ལ་གསལ་བར་བསྟན་པའི་ཚུལ་དང་།  རྩིས་འཕྲོ་རྣམས་ལའང་ཕལ་ཆེར་མ་དག་པའི་ཁ་བྱང་མཛད་པས་གྲུབ་མཐའ་དང་བསྟུན་ན་རྩིས་འཕྲོ་སྦས་པ་རྣམས་འབྱིན་དགོས་པ་ལ་སོགས་པའི་ཚུལ་དང་། ཇི་ལྟར་གསལ་བར་བྱེད་པ་དང་། འབྱིན་པའི་ཚུལ་ཡང་གྲུབ་མཐའི་རྩིས་ལ་རག་ལས་པའི་རྒྱུ་མཚན་གྱིས་རྩ་རྒྱུད་དྲངས་ཏེ་གྲུབ་མཐའི་རྩིས་གསུངས་པའི་ཚུལ་དང་། བྱེད་པ་འདི་ཉིད་ཀྱིའང་ལག་རྩིས་ཇི་ལྟར་བྱ་བའི་ཚུལ་ལ་སོགས་པ་བསྟན་ནས། རང་ལུགས་ཀྱི་ཉུང་ངུའི་བྱེད་པ་འདི་སྦྱོར་བར་མཛད་དོ། །དེ་ནས་ལོ་ཉིས་བརྒྱ་ཉེར་གཅིག་འདས་པ་ཟད་པ་མེ་སྟག་(སྤྱི་ལོ༡༠༢༦)གི་ལོར་མེ་མཁའ་རྒྱ་མཚོའི་འདས་ལོ་རྫོགས། དེ་རྗེས་དེ་མ་ཐག་གི་མེ་ཡོས་(སྤྱི་ལོ༡༠༢༧)ལ་རབ་བྱུང་དང་པོའི་འགོ་ཚུགས། ལོ་དེ་ནས་རིགས་ལྡན་ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེང་གེ །རྣམ་གནོན། སྟོབས་པོ་ཆེ་རྣམས་ཀྱིས་ལོ་བརྒྱ་རེར་ཆོས་བསྟན་ཏོ། །དེ་ནས་རིགས་ལྡན་མ་འགག་པ་རབ་རྒྱལ་མེ་ཡོས(སྤྱི་ལོ༡༩༢༧)་ལོར་རྒྱལ་སར་ཕེབས་ནས་རབ་བྱུང་བཅུ་བདུན་པའི་མེ་བྱ་(སྤྱི་ལོ༢༠༡༧)ཡན་ལ་ལོ་གྲངས་དགུ་བཅུ་ སོང་ངོ་། །དེ་ནས་རིགས་ལྡན་མ་འགག་པས་ཆོས་སྟོན་པའི་ལོ་ལྷག་བཅུ་དང་། མིའི་སེང་གེ  དབང་ཕྱུག་ཆེན་པོ །མཐའ་ཡས་རྣམ་རྒྱལ་གསུམ་གྱིས་ཆོས་སྟོན་པའི་ལོ་བརྒྱ་བརྒྱ་འདས་པའི་རྗེས་སུ། དེ་ཡང་ཁམས་ལེ་གོ་སླ་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་འགྱུར། །ཞེས་དང་། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་ཟླ་བཟང་ནས་བགྲངས་པའི་རྒྱལ་པོ་སོ་གཉིས་པ་དང་། རིགས་ལྡན་འཇམ་དཔལ་གྲགས་པ་ནས་བགྲངས་པའི་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་ནི་འབྱུང་བར་འགྱུར་ལ། དེ་ལྟ་བུའི་དྲག་པོ་འཁོར་ལོ་ཅན་དེས་སྟོན་པ་ཤཱཀྱའི་རྒྱལ་པོའི་སྔགས་ཀྱི་བསྟན་པ་རྩོད་ལྡན་གྱི་མཐར་གྱུར་བ་ཀླ་ཀློ་མ་ཁར་ཞུགས་ནས་ལོ་སྟོང་དང་བརྒྱད་བརྒྱ་སོང་བའི་མཐར་རིགས་ལྡན་དྲག་པོ་རང་ཉིད་ཀྱིས་ལོ་གོ་བདུན་བཞེས་པའི་དུས་དེར་ལྷ་ཆེན་བཅུ་གཉིས་ལ་སོགས་པའི་གྲོགས་དང་བཅས་པའི་དམག་དཔུང་གིས་བསྐོར་ཏེ། ཤམྦྷ་ལའི་གནས་ནས་འཐོན་ཏེ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་འཕགས་པའི་ཡུལ་དུ་བྱོན་ཏེ་ཀླ་ཀློ་རྣམས་དང་། དེ་དག་གི་དཔུང་གྲོགས་ལྷ་མ་ཡིན་ལ་སོགས་པའི་དམག་ཚོགས་རྣམས་འཛམ་གླིང་ཆུང་ངུ་འདིར་གཡུལ་དུ་བཅོམ་སྟེ་རང་གི་ཆོས་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཀླ་ཀློ་རྗེས་འཇུག་དང་བཅས་པ་བཀོད། དེ་ནས་འཛམ་གླིང་ཆུང་དུ་འདི་ནས་གཡས་བསྐོར་གྱིས་ས་དུམ་བུ་བཅུ་གཅིག་པོ་གཞན་རྣམས་སུ་ཡང་རིམ་གྱིས་བྱོན་ཏེ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་རྩོད་ལྡན་གྱི་མཐར་སོང་བ་རྣམས་ཀྱི་ཉམས་པ་གསོས་ཏེ་གླིང་བཅུ་གཉིས་པོ་ཐམས་ཅད་ལ་རྒྱལ་བའི་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་རྫོགས་ལྡན་དུ་བྱེད་དོ།  །དེ་ལྟ་བུའི་འཁོར་ལོ་ཅན་རང་ཉིད་ཀྱི་སྐུའི་ཚེ་ཚད་ལོ་བརྒྱ་རྫོགས་པའི་རྗེས་སུ་རང་ཉིད་ཀྱི་སྲས་འཇམ་དཔལ་གྱི་སྤྲུལ་པ་ཚངས་པ་དང་།   སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྷའི་དབང་བོ་གཉིས་རྡོ་རྗེ་ཐེག་པའི་ཆོས་སྟོན་པ་པོར་བསྐོས་ནས་མྱ་ངན་ལས་འདའ་འོ། །ཚངས་པས་ནི་ཤམྦྷ་ལར་ལོ་བརྒྱད་བརྒྱའི་བར་དང་། ལྷའི་དབང་པོས་འཕགས་ཡུལ་ལ་སོགས་པར་ཆོས་སྟོན་པར་འགྱུར་རོ། །དེ་ལྟར་འཁོར་ལོ་ཅན་གྱིས་རྒྱལ་བའི་རྡོ་རྗེ་ཐེག་པའི་བསྟན་པ་རྩོད་ལྡན་གྱི་ཐ་མར་སོང་བ་དེ་རྫོགས་ལྡན་དུ་བྱས་པའི་བསྟན་པ་དེ་ཡང་།  ས་དུམ་བུ་རེ་རེར་ཡང་ལོ་སྟོང་དང་བརྒྱད་བརྒྱ་རེར་གནས་པ་ཡིན་ཏེ། ཁམས་ལེའི་གོ་སླ་ལས། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱི་ས་གཞི་དག་ལ་ངེས་པར་རྒྱུ། །ཞེས་གསུངས་པ་ལྟར་བསྟན་པ་གསོ་བའི་དུས་བཞི་གནས་གླིང་བཅུ་གཉིས་པོ་ཐམས་ཅད་བསྡོམས་ན་ནུས་པ་སྟེ་འོག་མིན་གྱི་ཞག་གཅིག་གི་ཚད་ཡོད་ལ། དེ་ནི་མི་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལ་བཅུ་གཉིས་ཀྱིས་བགོས་ན་ཆིག་སྟོང་བརྒྱད་བརྒྱ་ཐོབ་བོ། །
སྨྲས་པ།
དང་པོའི་སངས་རྒྱས་རྒྱུད་ཆེན་གང་གཱའི་ཀླུང་། །
ཆོས་རྒྱལ་རིགས་ལྡན་རྣམས་ལ་བརྒྱུད་པའི་ཚུལ། །
མདོར་བསྡུས་ཚིག་གི་གསལ་བར་བཤད་པ་འདིས། །
དོན་གཉེར་སྐོམ་པའི་གདུང་བ་སེལ་མིན་ནམ། །
དེ་ལྟར་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པས་གསུངས་ཤིང་ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་སྤེལ་ཚུལ་བཤད་ཟིན་ཏོ། །
གཉིས་པ།  དུས་འཁོར་འཕགས་ཡུལ་དུ་དར་ཚུལ།
  དེ་ཡང་དྲི་མ་མེད་པའི་འོད་ལས། འདིར་བྱེད་པ་ལ་ངེས་པ་ནི་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། ། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། ། ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས་སོ། ། དུས་དེ་ཉིད་ནི་བྱེད་པ་ལ་ངེས་པར་འགྱུར་ཏེ་ཀླ་ཀློའི་ལོ་ལས་སོ། ། རབ་བྱུང་ལ་སོགས་འདས་པ་ཞེས་པ་ནི་ལོ་དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་སྟེ། དེ་དག་ལས་སོ་སོར་ད་ལྟར་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལ་སོགས་འདས་པའོ། །ཞེས་གསུངས་པ་ལ་བརྟེན་ནས་དུས་ཕྱི་མའི་མཁས་པ་ཕལ་ཆེར་དུས་ཀྱི་འཁོར་ལོ་ཡུལ་དབུས་སུ་བྱོན་པ་དང་། འདས་ལོའི་ཐོག་མའི་རབ་བྱུང་འཇུག་པ་དུས་མཚུངས་པར་བཞེད་ལ།  ལ་ལས་དེ་ལས་དྲུག་ཅུ་སྐོར་གཅིག་གི་སྔ་མ་མེ་ཡོས༼ སྤྱི་ལོ༩༦༧ ༽ལོར་དུས་འཁོར་ཡུལ་དབུས་སུ་ཕེབས་པར་བཞེད་དོ། །དེ་ལྟ་མོད་ཀྱི་དུས་ཀྱི་འཁོར་ལོ་ནི་སྔ་རབས་ཤིག་ནས་འཕགས་པའི་ཡུལ་དུ་བྱུང་བར་མངོན་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་མཛད་པའི་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ལས། དྲི་མ་མེད་པའི་འོད་ཀྱི་མཆོད་བརྗོད་ཚིགས་བཅད་གཉིས་པ་རྣམ་པར་བཅས་ཀྱང་ཞེས་བྱ་བ་ལ་སོགས་དེ་གསལ་བོ་ཉིད་དུ་བྲིས་སྣང་བའི་ཕྱིར་དང་། དྲིལ་བུ་པའི་རྗེས་སུ་རུས་སྦལ་ཞབས། དེས་ཛལནྡྷ་རིཔ། དེས་ནག་པོ་པ། དེས་བཟང་པོ་ཞབས། དེས་རྣམ་རྒྱལ་ཞབས།  དེས་ཏིལླི་པ། དེས་ནཱ་རོ་པ་ཞེས་དྲིལ་བུ་པ་ནས་ནཱ་རོ་པའི་བར་བླ་མའི་རིམ་པ་བརྒྱད་བྱུང་ཞིང་། ནཱ་རོ་པ་དང་དུས་ཞབས་ཡབ་སྲས་དུས་མཚུངས་པའི་ཕྱིར་རོ། ། དེས་ན་དུས་འཁོར་འཕགས་ཡུལ་དུ་དར་ཚུལ་ཡོངས་གྲགས་སུ་ལུགས་གཉིས་ལས། རྭ་པའི་ལུགས་ལ། དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྐོར་དུ་གྲགས་པའི་ཆོས་སྐོར་འདི་རྣམས་རྒྱ་གར་དུ་རྒྱལ་པོ་པཱ་ལ་རྣམ་གསུམ་གྱི་རིང་ལ་བྱོན་པ་ཡིན་དེ།  དེ་ཡང་རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ཕྱོགས་ན་ག་ཛ་པཱ་ལ་སྟེ་གླང་པོ་སྐྱོང་བའི་རྒྱལ་པོ་དང་། ལྷོ་ཕྱོགས་ན་ན་ར་པཱ་ལ་སྟེ་མི་སྐྱོང་བའི་རྒྱལ་པོ། ནུབ་ཕྱོགས་ན་ཨ་ཤྭ་པཱ་ལ་སྟེ་རྟ་སྐྱོང་བའི་རྒྱལ་པོ་གསུམ་ཡོད་པའི་རིང་ལ་བྱུང་། དེའི་ཚེ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ཆེན་པོ་ལྔ་ཡོད་པའི་ནང་ནས་ཨོ་པི་པར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་ལ་ཐུགས་སྦྱངས་པའི་ཙི་ལུ་པཎྜི་ཏ་ཞེས་བྱ་བས་རཏྣ་གི་བི་ཧཱ་ར་དང་། བི་ཀྲ་མ་ཤཱི་ལ། ནཱ་ལེནྡྲ་ལ་སོགས་པའི་གཙུག་ལག་ཁང་རྣམས་དང་། ཁྱད་པར་དུ་དུ་རུ་ཀའི་གནོད་པ་མེད་པའི་རིན་ཆེན་རི་བོར་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་པས། སྤྱིར་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་དགོས། ཁྱད་པར་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་བས་གསལ་བར་བྱས་པ་ཞིག་ལ་བརྟེན་དགོས། དེ་ཤམྦྷ་ལ་ན་ཡོད་པར་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་པ་ལྟར་རྒྱ་མཚོར་ནོར་བུ་ལེན་པའི་ཚོང་བ་དང་འགྲོགས་ནས་རྒྱ་མཚོ་བརྒལ་བ་དང་། ཚོང་བ་རྣམས་ཟླ་བ་དྲུག་གིས་འཛོམས་དུས་བྱས་ཏེ་ལམ་སོ་སོར་སོང་། དེ་ནས་སློབ་དཔོན་རིམ་གྱིས་བྱོན་ཏེ་བྱང་གི་རི་བོ་ཆེན་པོ་ཞིག་གི་སྟེང་དུ་འཛེགས་པ་དང་མི་ཞིག་དང་འཕྲད་པ་དེས་ཁྱོད་གང་དུ་འགྲོ་ཟེར་བ་ལ་ཤམྦྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་འཚོལ་དུ་འགྲོ་གསུངས་པས། དེར་ནི་ཤིན་ཏུ་བགྲོད་པར་དཀའ་སྟེ་ཤེས་པ་བྱུང་ན་འདི་གར་ཉན་པས་ཆོག་མོད་གསུངས་པས། དེ་འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ་ཕྱག་བྱས་མཎྚལ་ཕུལ། གསོལ་བ་བཏབ་པས་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་རྗེས་སུ་བཟུང་། མེ་ཏོག་སྤྱི་བོར་བཞག་སྟེ་བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག ཅེས་བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་སེམས་འགྲེལ་གྱི་སྐོར་མ་ལུས་པ་ལེགས་པར་ཁོང་དུ་ཆུད་ནས་ཚུར་བྱོན་པ་དང་། ཚོང་བ་རྣམས་དང་འཛོམས་ཏེ་སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་རིམ་གྱིས་འཕེལ་བར་བཤད། ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་ཞིག་གི་བུ་ཡིན་པས། ཕ་དེས་རྫུ་འཕྲུལ་གྱིས་ཤམྦྷ་ལར་ཁྲིད་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཞིག་ལ་སྤྲད། དེས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་ཟིན་པར་གྱུར་ཏེ་རྒྱུད་དང་སེམས་འགྲེལ་ཐམས་ཅད་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན། རབ་ཏུ་བྱུང་པའི་མཚན་ལ་ཙི་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་དེས་ཀ་ཏ་ཀའི་རྒྱལ་པོའི་རྩར་བཞུགས་པས་སློབ་མ་གསུམ་བྱུང་སྟེ་གཅིག་ཐ་མལ་བ་ཞིག་དང་། གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་བྱ་བ་གྲུབ་ཐོབ་ཞིག གཞན་ཞིག་ཤར་ཕྱོགས་བྷངྒ་ལར་སྐུ་འཁྲུངས་པའི་པཎྜི་ཏ་ཨཱ་ཙརྱ་ཞེས་མཁས་པ་ཞིག་བྱུང་། དེ་གསུམ་གྱིས་རྒྱུད་འགྲེལ་གླེགས་བམ་དུ་བྲི་བར་ཞུས་ནས་བྲིས་སོ། ། དེས་རྒྱུད་འགྲེལ་མཐའ་དག་ཐུགས་སུ་ཆུད་ནས་ཉམས་སུ་བཞེས་པའི་སྐབས། ཡུལ་དེར་རྒྱལ་པོ་ གཞན་གྱི་དམག་བྱུང་བས་རྒྱུད་འགྲེལ་གྱི་དཔེ་རྣམས་དོང་དུ་སྦས་ཏེ་བྲོས་སོ། །དམག་གྱེས་ནས་སླར་ལོག་སྟེ་བཏོན་པས་བདེ་དགྱེས་གཉིས་ཀྱི་འགྲེལ་བའི་སྨད་མི་འདུག་པ་སླར་འབྲི་བར་ཞུས་པས། དེ་མཁའ་འགྲོ་མས་སྦས་པར་གསལ་བས་འབྲིར་མི་རུང་གསུངས་ནས་མ་གནང་ངོ་། །དེ་ནས་ཙི་ལུ་པ་ཤར་ཕྱོགས་མེ་ཏོག་གི་ཁྱིམ་དུ་གཤེགས་སོ། ། དེ་ནས་པཎྜི་ཏ་ཨཱ་ཙརྱས་བ་རེནྡྲར་སྐུ་འཁྲུངས་པའི་དུས་ཞབས་པ་ཆེན་པོ་གནང་ཞིང་། དེས་ཀྱང་སྔར་བཞིན་ཏུ་མཁྱེན་ནས་ཐུགས་ཉམས་སུ་བཞེས་སོ། ། ཡང་འགའ་ཞིག་དུས་ཞབས་པ་ཆེན་པོ་དེ་སྒྲོལ་མའི་ཞལ་གཟིགས་ནས་ཅི་འདོད་པ་ཞུ་རུ་ཡོད་པས་སྒྲོལ་མས་ལུང་བསྟན་ནས་ཤམྦྷ་ལར་བྱོན། སྤྱན་རས་གཟིགས་ཀྱིས་ལམ་ནས་བསུས་ཏེ་མ་ལ་ཡའི་ཚལ་གྱི་ཁང་པར་ཁྲིད་དེ་སྤྱན་རས་གཟིགས་ཀྱིས་དབང་བསྐུར། རྒྱུད་འགྲེལ་རྣམས་བཤད་ནས་དཔེ་ཐམས་ཅད་ཀྱང་གནང་སྟེ་རྒྱ་གར་དུ་བྱོན། ཤར་ཕྱོགས་མེ་ཏོག་གི་ཁྱིམ་དུ་བཞུགས་པས་སློབ་མའི་མཆོག་བཞི་བྱུང་སྟེ་མཉྫུ་ཧ་སྟེ་ཤར་ཕྱོགས་སུ་སྐུ་འཁྲུངས་པ་དུས་ཞབས་པ་ཆུང་བའམ་བོ་དྷི་པའམ་ན་ལེན་དཱ་པ་ཞེས་ཀྱང་གྲགས་པ་དེ་དང་། འདུལ་བ་འབྱུང་གནས་སྦས་པ། སང་གེ་རྒྱལ་མཚན་མཐའ་ཡས་རྣམས་སོ། ། དུས་ཞབས་པ་ཆུང་བས་རྒྱུད་འགྲེལ་མན་ངག་དང་བཅས་པ་ནཱ་ལེནྡྲར་དར་ན་ཐམས་ཅད་དུ་དར་བར་འགྱུར་རོ་དགོངས་ནས། མ་ག་དྷའི་རྒྱལ་པོ་ཤིང་སྟན་ཅན་གྱིས་བྱེད་ཅིང་སེནྡྷ་བས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ནཱ་ལེནྡྲར་བྱོན་ནས་གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། དེའི་འོག་ཏུ་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། ། ཞེས་པ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་པའོ། ། ཞེས་པའི་བར་བྲིས་པས་དེར་པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་ནས་བརྩད་པས་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་བཏུད་ནས་བཟོད་པར་གསོལ་ཞིང་དུས་འཁོར་ཞུས་ནས་ཐམས་ཅད་སློབ་མར་གྱུར། ཁྱད་པར་དུ་མཉྫུ་ཀཱིརྟི་དང་། ཨ་བྷི་ཡུཀྟ། པཎྜི་ཏ་རི་བོ་བ། ངྷཱ་བྱང་སེམས། ཨ་བྷ་ཡ། པུནྱ་ཆེན་པོ། ཁ་ཆེ་གམྦྷིར། ཤཱནྟ་གུཔྟ། གུ་ཎ་རཀྵི་ཏ། ཟླ་མགོན། ཙ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང་། རྒྱལ་རིགས་རྗེ་རིགས་ཚོང་བ་ལ་སོགས་པ་རྣམས་ཀྱང་ཆོས་འདི་ལ་ཤིན་ཏུ་དད་ནས། དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ་ཤིན་ཏུ་དར་བར་གྱུར་ཏོ། ། དེ་ནས་བལ་བོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ས་མནྟ་ཤྲཱི་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང་ཁྱད་པར་མཉྫུ་ཀཱིརྟི་རྗེས་སུ་འབྲངས་ནས་དར་བར་བྱས་སོ། །
   འབྲོ་བའི་ལུགས་ནི་རྒྱ་གར་ཡུལ་དབུས་སུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཡབ་ཡུམ་གཉིས་ཀྱིས་གཤིན་རྗེ་གཤེད་ཀྱི་རྒྱུད་ལས་འབྱུང་བ་བཞིན་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་ཞིག་འཁྲུངས། དེ་ཆེར་སྐྱེས་པ་ན་ཡོན་ཏན་རིག་པའི་གནས་ལྔ་ལ་མཁས་པ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་ཡང་གྲགས་པ། རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པས་དེའི་ཞལ་དངོས་སུ་གཟིགས་པ། ཐུན་མོང་གི་དངོས་གྲུབ་མཐའ་དག་བརྙེས་པ་ཞིག་ཡིན་པ་ལས། དུས་ལན་ཅིག་གི་ཚེ་ན། རྗེ་བཙུན་མའི་ཞལ་ནས། བྱང་ཕྱོགས་ཤམྦྷ་ལ་ན་སངས་རྒྱས་ཀྱིས་གསུངས་ཤིང་ལུང་བསྟན་པའི་རྒྱུད་འགྲེལ་མང་པོ་བཞུགས་པས་དེ་འཚོལ་དུ་སོང་ཞིག་གསུང་ནས། ཆོས་ལེན་དུ་བྱོན་པ་ལ། ཁྱེའུ་དེའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། ཆོས་ལ་འདུན་པ་དང་། ཤམྦྷ་ལར་འོངས་ན་ཆུ་མེད་པའི་མྱ་ངམ་ཐང་ལ་ཟླ་བ་བཞིར་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྱུར་པར་བྱང་ཆུབ་སེམས་དཔས་དགོངས་ནས། ས་སྟེང་གི་སྤྲུལ་པ་རིགས་ལྡན་གྱི་རྒྱལ་པོ་དཔལ་སྐྱོང་གི་སྤྲུལ་པ་བཟུང་ནས་བྱོན་ཏེ་ཁྱེའུ་ལ་ཁྱོད་གང་དུ་འགྲོ ། ཅིའི་ཕྱིར་འགྲོ་གསུངས་པ་ལ། སྔར་གྱི་རྒྱུ་མཚན་ཞུས་པས། དེར་བགྲོད་པ་ནི་ཤིན་ཏུ་དཀའ་བས་ཁྱོད་ཀྱིས་འགྲོ་བར་མི་ནུས། ཤེས་པ་བྱུང་ན་འདིར་ཉན་དུ་རུང་ངམ་ཞེས་གསུངས་པ་དང་། དེ་རིགས་ལྡན་གྱི་སྤྲུལ་པར་ཤེས་ཏེ་གསོལ་བ་བཏབ་པས་དེར་ཟླ་བ་བཞིའི་བར་དུ་གསུངས་པས་དབང་རྒྱུད་སེམས་འགྲེལ་དང་བཅས་པ་དང་། གཞན་ཡང་རྒྱུད་སྡེ་མཐའ་དག་གནང་བ་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ནང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན་པས་དེ་ནི་འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་དུས་ཞབས་པ་ཆེན་པོ་ཡིན་ནོ། །
  དེ་ནས་ཡུལ་དབུས་སུ་བཞུགས་ཏེ་་པཎྜི་ཏ་ལྔ་ལ་གསུངས་ཏེ། པིཎྚོ་ཨཱ་ཙརྱ། འདུལ་བ་འབྱུང་གནས་བློ་གྲོས། ཐར་བ་འབྱུང་གནས་སྦས་པ། སེང་གེ་རྒྱལ་མཚན། མཐའ་ཡས་རྣམ་པར་རྒྱལ་བ་ཞེས་བྱའོ། ། དེ་དག་གིས་ཤེས་པ་དང་པུཥྤ་ཧ་རིར་གཤེགས་ནས་ནཱ་རོ་པཎ་ཆེན་ལ་སོགས་པ་ལ་གསུང་ཞིང་བཞུགས་སོ། ། སློབ་མ་འདི་དག་རྣམས་ཀྱང་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པ་ལས། ཁྱད་པར་དུ་ཡང་བིཎྚོ་ཨཱཙརྱ་ཞེས་པ་འདི་མཆོག་ཏུ་གྱུར་པ་སྟེ། འདི་ཉིད་ཐོག་མར་དགེ་སློབ་བློ་རྟུལ་པོ་ཞིག་ཡིན་པ་ལས། བློ་རྣོ་བའི་ཆེད་དུ་སྒྲུབ་པ་མཛད་པ་ལས་ལྷས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱུ་རུ་ལ་ཀུ་རུ་ཀུལླེའི་སྐུ་ཞིག་མཛད་ནས་བུད་མེད་ཀྱི་རོ་ཞིག་གི་ཁར་བཅུག་པའི་སྟེང་དུ་སྐྱིལ་མོ་བཀྲུང་བཅས་ནས་ཞག་བདུན་དུ་བསྒྲུབས་པས། གྱེན་དུ་བལྟས་ནས་ཁྱོད་ཅི་འདོད་ཅེས་ཟེར་རོ། ། དེའི་དུས་ན་མཐོང་ཚད་ཟིན་པར་འདོད་ཅེས་སྨྲས་ཀྱང་དེ་ལྟར་འབྱུང་བ་ལས། སྔར་གྱི་བློ་རྟུལ་བའི་སྟོབས་ཀྱིས་ཞུ་མ་ནུས་ནས་བྲིས་ཀྱིས་ཟིན་པ་ཐམས་ཅད་བློ་ལ་ཟིན་པར་འདོད་དོ་ཞེས་སྨས་པས། དེ་ལྟར་བྱུང་ནས་པཎྜི་ཏ་བིཎྚོ་ཨཱ་ཙརྱ་ཞེས་བྱ་སྟེ། ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་པཎ་ཆུང་བཅུ་གཉིས་ཀྱིས་བསྐོར་བ་ཞིག་ཏུ་གྱུར་ཏོ། ། དེས་སློབ་དཔོན་དུས་ཞབས་པ་ལ་ཆོས་གསན་པས་ཐམས་ཅད་ཀྱང་ལན་རེས་འཛིན་ནུས་པར་གྱུར་ཏེ་དཀའ་འགྲེལ་པདྨ་ཅན་དང་སྦས་པ་མིག་འབྱེད་རྩ་འགྲེལ་དང་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་ཆོག་སོགས་མཛད། དེའི་བརྒྱུད་པ་འཛིན་པ་ནི་དགེ་བསྙེན་བྱང་ཆུབ་ཅེས་བྱ་བ་སྟེ། འདི་ལ་སྲས་པཎྜི་ཏ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལས། དེས་ནི་ཡབ་ཀྱི་མཆེད་པོ་དགོན་པ་བ་ལ་ཡང་ཞུས་ཞིང་། ནཱ་རོ་པ་དང་སྟབས་ཤིག་ཏུ་དུས་ཞབས་པ་ཆེན་པོ་ལས་དུས་འཁོར་གསན་པས་དུས་ཞབས་པ་ཆུང་ངུ་ཞེས་ཀྱང་གྲགས་ཏེ། ཡབ་སྲས་གཉིས་ལ་འདོད་པ་མི་མཐུན་པ་ཡང་ཡོད་པར་སྣང་ངོ་། ། དེ་ལྟ་བུའི་ཡབ་སྲས་གཉིས་ཀྱིས་དཔལ་དུས་ཀྱི་འཁོར་ལོ་མི་ཤེས་ན་གསང་སྔགས་མི་ཤེས་སོ་ཞེས་སྨྲ་ཞིང་ཡུལ་དབུས་སུ་བཞུགས་པ་ལས། པཎྜི་ཏ་ཐམས་ཅད་མ་རངས་ནས་ཡུལ་དབུས་སུ་འདུས་ཏེ། བི་ཀྲ་མ་ལ་ཤྲཱི་ལར་ཁྲི་བཤམས་ནས་རྩོད་པ་བྱས་པས་ཇོ་བོ་ཆེན་པོ་དེ་མ་ཐུབ། ཐམས་ཅད་ཀྱིས་ཁྲི་བོར་ཞིང་ཞབས་སྤྱི་བོར་བླངས་ནས། ད་བྱང་ཆུབ་སེམས་དཔའ་མ་གཏོགས་པ་ཐམས་ཅད་ཀྱིས་དུས་ཀྱི་འཁོར་ལོ་མ་ཞུས་པ་མེད་དེ། མཚན་ཡང་དུས་འཁོར་བ་ཞེས་གྲགས་ནས་ཤིན་ཏུ་དར་རྒྱས་སུ་མཛད་དོ། ། དེའི་ཚེ་ཁ་ཆེའི་ཡུལ་ན་བྲམ་ཟེ་ཞབས་བཟང་པོ་ཞེས་ཀྱང་བྱ། སུརྱ་ཀེ་ཏུ་ཞེས་ཀྱང་བྱ། མཁས་པའི་ཕུལ་ཏུ་ཕྱིན་པ་དེ་པཎྜི་ཏ་སོ་ན་ས་ཧི་དང་། ལཀྵྨཱི་ཀ་ར། དཱ་ན་ཤྲཱི། ཙནྡྲ་རཱ་ཧུ་ལ། སོ་མ་ནཱ་ཐ་ལ་སོགས་པ་ལ་ཆོས་གསུང་ཞིང་བཞུགས་པ་ལ། པཎྜི་ཏ་འདུལ་བ་འབྱུང་གནས་བློ་གྲོས་ཀྱིས་མདོར་བསྟན་དང་དབང་རབ་བྱེད་ཀྱི་དཔེ་གཉིས་བསྐུར་ནས་གཟིགས་སུ་ཕུལ་བས་ཐམས་ཅད་ངོ་མཚར་སྐྱེས་སོ། ། ཁྱད་པར་བླ་མ་ཁ་ཆེ་ཟླ་མགོན་ཤིན་ཏུ་དད་པ་སྐྱེས་ནས་དེར་ཆོས་གསན་པ་འཕྲོ་བཅད་དེ། ཆོས་དེ་རྩད་གཅོད་དུ་བྱོན་པ་དང་། ཡུལ་དབུས་སུ་དུས་འཁོར་བ་དང་མཇལ་ནས་དེ་ལ་དུས་ཀྱི་འཁོར་ལོ་ཞུས་པས་གནང་སྟེ། དབང་གདམས་ངག་རྒྱུད་འགྲེལ་མ་ལུས་པར་རྫོགས་པར་མཛད་དོ། ། བླ་མ་འདི་ནི་ཁ་ཆེར་བྲམ་ཟེ་ཆེན་པོའི་རིགས་སུ་སྐུ་འཁྲུངས་། ལོ་བཅུའི་བར་དུ་ཡབ་ཀྱི་ཆོས་ལུགས་སླབས་ཏེ་ཚིགས་སུ་བཅད་པ་བཅུ་དྲུག་ལན་རེས་འཛིན་ནུས་པ་ཞིག་བྱུང་ངོ་། ། དེ་ནས་ཡུམ་གྱིས་ནང་བའི་ཆོས་ལ་བཅུག་ནས་ཁ་ཆེ་ཉི་མ་རྒྱལ་མཚན་དང་དུས་ཞབས་ཆུང་བ་གཉིས་ཀྱི་མཁྱེན་པ་ལོན་པར་མཛད་དེ་པཎྜི་ཏར་གྱུར་ཏེ་སློབ་མའང་མཁས་པ་ལྔ་ཙམ་བྱུང་། རིགས་ལྡན་པདྨ་དཀར་པོས་ལུང་བསྟན་ཏེ་བོད་ལ་བྱོན་པ་ཡིན་ནོ། །
  སྨྲས་པ།
             བསྟན་འཛིན་དམ་པའི་ཉིན་མོར་བྱེད་པ་ཡིས། །
             སྣ་ཚོགས་རིག་པའི་འདབ་བརྒྱ་ལྷུག་པོར་གྲོལ། །
             སྐལ་བཟང་བུང་བ་མྱོས་པའི་གླུ་དབྱངས་ནི། །
              བར་མེད་སྒྲོགས་པས་འཕགས་པའི་ཡུལ་ཞེས་གྲགས། །
                དེ་ལྟར་དུས་འཁོར་གྱི་རྒྱུད་འཕགས་ཡུལ་དུ་དར་ཚུལ་བཤད་ཟིན་ཏོ། །
        གསུམ་པ།   བོད་གངས་ཅན་གྱི་ཡུལ་དུ་དུས་འཁོར་གྱི་རྒྱུད་བསྒྱུར་ཚུལ།
  སྤྱིར་རང་རེ་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱི་སྐུ་དུས་ནས་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད། ད་ལྟའི་དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པ་འདི་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས་སོགས་དུས་བརྟགས་ཀྱི་རྩིས་རིག་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དང་།  དེ་ནས་རིམ་གྱིས་འཕེལ་ཏེ་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས་དང་། ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་རྩི་སྲོལ་གྱི་སྒྲོམ་གཞི་ཆགས།  ལྷོ་ཁ་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་། ཟླ་བའི་འཕེལ་འགྲིབ་དང་། དུས་ཚིགས་ཀྱི་འགྱུར་བ། དངོས་པོ་དང་གནམ་གཤིས་པར་གྱི་འབྲེལ་བ་བཅས་འཁོད་ཡོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་གཡང་ཤེས་ཕྱྭ་བོན་དང་། འགྲོ་ཤེས་གླུད་གཏོང་། ཕན་ཤེས་སྨན་དཔྱད།  སྐོས་ཤེས་རྩིས་མཁན། འཕུར་ཤེས་ཇུ་ཐིག །སྒྲོལ་ཤེས་འཕྲུལ་བོན་སོགས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བར་བཤད་ལ། དེ་ལས་སྐབས་དེ་ནས་ཀྱང་མོ་རྩིས་སོགས་དར་ཟིན་པ་ཤིན་ཏུ་གསལ། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་ནག་ནས་འུན་ཤིང་ཀོང་ཇོ་ཁབ་ཏུ་བསུས། དེས་སྨན་རྩིས་ཀྱི་གཞུང་ལུགས་ཁག་ཅིག་བསྣམས་ཕེབས་པ་བོད་སྐད་དུ་བསྒྱུར། ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་གྱིམ་ཤིང་ཀོང་ཇོས་བསྣམས་ཕེབས་པའི་རྒྱ་ནག་ལུགས་ཀྱི་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྒྱུར་ཐོག་མཉམ་དུ་དར་སྤེལ་བཏང་ནས་སྨན་རྩིས་ཀྱི་གཞུང་ལུགས་དར་རྒྱས་སུ་འགྲོ་བའི་ཐབས་ལམ་རྒྱ་ཆེར་བཏང་། རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་བོད་དུ་ཐེངས་འགའ་ཕེབས་པ་དང་། དེའི་སློབ་མ་ཁྱུང་ནག་ཤག་དར་རྣམས་ཀྱིས་རྩིས་གཞུང་མང་དུ་བརྩམས་ནས་སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་མ་ཧཱ་ཙི་ནའི་ལུགས་ཀྱི་ཧོང་ལེ་བརྩི་བའི་སྲོལ་ཡང་ཆགས། ལོ་ཆེན་བེེ་རོ་ཙ་ནཱས་རྒྱ་གར་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར་བ་དང་། གངས་ཅན་སྨན་པའི་རྗེ་བོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྨན་གྱི་ཕྱག་ལེན་རྒྱ་ཆེར་གནང་བ་དང་ཆབས་ཅིག །ནག་རྩིས་འཁོར་འདས་གཏན་འབེབས་ལ་ལེའུ་བརྒྱ་དང་ཉི་ཤུ། འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་ལ་ལེའུ་ཉེར་ལྔ། སྐར་རྩིས་རི་བོ་རྡུལ་འབེབས་ལ་ལེའུ་དྲུག་ཅུ་པ་སོགས་མཛད་ཅིང་སྨན་རྩིས་ཀྱི་སློབ་མ་མང་པོ་གསོ་སྐྱོང་གནང་བར་གྲགས་ལ། གཞན་ཡང་མདོ་སྡེ་ཕལ་པོ་ཆེའི་བྱེ་མ་རྡུལ་རྩིས་སུ་གྲགས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས་རྩིས་ལ་སྦྱོང་ཚུལ་བསྟན་པ་སོགས་ལས་བརྩམས་ཏེ་བོད་ཀྱི་མཁས་པ་རྣམས་ཀྱིས་གྲངས་དང་རྩིས་ཀྱི་རིག་པ་སྣ་ཚོགས་ལག་ལེན་མཛད་ཀྱི་ཡོད་པ་རེད། 
   ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལྗོངས་འདིར་དར་བ་ནས། འཇིག་རྟེན་ཁམས་ཀྱི་ལེའུ་ལས་གསུངས་པའི་སྐར་རྩིས་ཀྱི་རྣམ་པར་གཞག་པ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་བརྟག་དཔྱད་མཛད་ནས་གཏན་སྐར་ལ་ཕབ་པ་ལ་སྐར་རྩིས་ཞེས་སུ་གྲགས་ལ། དུས་འཁོར་ལྗོངས་འདིར་ཐོག་མར་དར་བའི་ལོ་ཚིགས་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། རབ་བྱུང་དང་པོའི་མེ་ཡོས(སྤྱི་ལོ༡༠༢༧)ལོར་བོད་དུ་བསྒྱུར་བར་འདོད་པ་རྣམས་ཀྱིས་རྒྱ་གར་དུ་དྲུག་ཅུ་སྐོར་གཅིག་གི་སྔོན་གྱི་མེ་ཡོས(སྤྱི་ལོ༩༦༧)ལོར་ཕེབས་པར་འདོད། གཞན་ཞིག་གིས་རབ་བྱུང་དང་པོའི་མེ་ཡོས་ལ་འཕགས་ཡུལ་དུ་ཕེབས་པ་དང་དེའི་ཕྱི་ལོ་ས་འབྲུག་ལ་བོད་དུ་བསྒྱུར་བར་འདོད་ལ། བོད་དུ་འགྱུར་བའི་ཐོག་མ་ཡང་གྱི་ཇོ་ལོ་ཙཱ་པ་ཟླ་བའི་འོད་ཟེར་གྱི་འགྱུར་ཡིན་ནོ། ། རྒྱུད་འདི་བོད་དུ་བསྒྱུར་བཤད་མན་ངག་གི་སྒོ་ནས་སྤེལ་བའི་བརྒྱུད་པ་རྣམས་ཀྱི་གཙོ་བོ་ནི་རྭ་འབྲོ་གཉིས་ཡིན་པས། འདིར་དེ་གཉིས་ཀྱི་ལུགས་ལྟར་འགོད་པ་ལ།  དང་པོ་རྭ་པའི་ལུགས་ཀྱི་ལོ་རྒྱུས་ནི། སློབ་དཔོན་ཙི་ལུ་བས་དུས་འཁོར་གསར་དུ་བླངས། དེའི་སློབ་མ་བསོད་སྙོམས་པ། དེའི་སློབ་མ་དུས་ཞབས་ཆེ་བ། དེའི་སློབ་མ་དུས་ཞབས་པ་ཆུང་བ། དེའི་སློབ་མ་མཉྫུ་ཀཱིརྟཱི། དེའི་སློབ་མ་བལ་བོ་ཡེ་རང་གི་པཎྜི་ཏ་སནྟ་ཤྲཱིའོ། ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ་རྭ་ཆོས་རབ་ཅེས་བྱ་བ་རྒྱུད་སྡེའི་མཁྱེན་པ་ཆེ་ཞིང་ཁྱད་པར་དུ་རྭ་རྡོ་རྗེ་གྲགས་པ་ལ་མངའ་བའི་ཆོས་རྣམས་ལ་ཤིན་ཏུ་མཁས་པར་གྱུར་པ་དེས་པཎྜི་ཏ་སནྟ་ཤྲཱི་བོད་དུ་སྤྱན་དྲངས་ནས་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད། འགྲེལ་བ་དྲི་མ་མེད་པའི་འོད་དང་བཅས་པ་ལེགས་པར་བསྒྱུར་ཅིང་གསན། དུས་ཀྱི་འཁོར་ལོའི་ཆ་ལག་མང་པོའང་བསྒྱུར། པཎྜི་ཏ་འབུལ་བས་མཉེས་པར་མཛད་ནས་བལ་བོ་བར་དུ་བསྐྱལ། པཎྜི་ཏ་ཡང་མཉེས་ནས་འབུམ་ཕྲག་གསུམ་པའི་དབུ་ཞྭ་གནང་། དབུས་ཕྱོགས་སུ་ཡང་ཕེབས་ནས་ཁམས་དབུས་ཀྱི་སློབ་མ་མང་པོའི་དོན་མཛད། དེས་དུས་ཀྱི་འཁོར་ལོས་གཙོས་ཆོས་རྣམས་རྭ་ཡེ་ཤེས་སེང་གེ་ལ། དེས་རྭ་འབུམ་སེང་ལ། དེས་རྗེ་བཙུན་རྒྭ་ལོ་ལ་གསུངས་པ་ཡིན་ཏེ། རྒྭ་ལོ་ནི་ཆུ་མོ་ཕག(སྤྱི་ལོ༡༢༠༣)ལ་འཁྲུངས། མཚན་དངོས་རྣམ་རྒྱལ་རྡོ་རྗེ། ཆུང་ངུའི་དུས་སུ་ངུར་སྨྲིག་ཏུ་ཁ་ཆེ་པཎ་ཆེན་དང་མཇལ་བས་སྐྱེས་བུ་ཁྱད་པར་ཅན་འབྱུང་བར་མཁྱེན་ནས་ཕྱག་གིས་གཞལ་ཤིང་ཤིས་བརྗོད་མཛད།  གཞོན་ནུས་སློབ་གཉེར་མཛད་པའི་ཚེ་རྒྱལ་པོའི་བར་ཆད་བྱུང་བ་ཐར་པར་དཔྱལ་གྱི་དྲུང་དུ་བྱོན་པས་བར་ཆད་དང་བྲལ། དེར་ལོ་གསུམ་དུ་རྒྱ་ཡིག་དང་རྒྱ་ཀློག་ལ་སྦྱངས། ཕག་དགྱེས་གཉིས་གསན་ནས་བཤད་གསར་མཛད་པས་ཀུན་ངོ་མཚར་སྐྱེས། རྭ་འབུམ་སེང་ལས་དུས་འཁོར་གཙོ་བོར་གྱུར་བའི་རྭ་ལུགས་ཀྱི་ཆོས་རྣམས་གསན། བསྒོམས་པས་ཚིག་གི་མཆོག་གྲུབ་སྟེ་གསང་སྔགས་གསར་དུ་རྩོམ་པའི་ཤེས་རབ་ཀྱི་མཐུ་གྲུབ། དུས་འཁོར་བཤད་པས་སློབ་མ་མཁས་པའང་མང་དུ་བྱུང་སྟེ་བརྒྱད་ཅུ་པ་ཆུ་རྟ(སྤྱི་ལོ༡༢༨༢)ལོར་གཤེགས། དེའི་སློབ་མའི་མཆོག་ནི་རྗེ་བཙུན་མན་ལུང་པ་ཆེན་པོ་སྟེ། དེ་ནི་ས་མོ་ཕག (སྤྱི་ལོ༡༢༣༩)ལ་འཁྲུངས་ནས་ལྕགས་ཕོ་བྱི་བའི(སྤྱི་ལོ༡༣༠༠)ལོ་ལ་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོའི་དྲུང་དུ་ཉི་མ་རེ་ལ་འབྲས་ཉག་མ་རེ་དང་། ཆུ་ཐིགས་པ་རེ་ལས་མི་གསོལ་བའི་དམ་བཅའ་མཛད་ནས་ལུང་བསྟན་བསྒྲུབ་ས་པས། ཞག་བཅུ་གཉིས་ན་གནས་པོས་མགོ་ལ་ཆུ་བླུགས་པ་ཚོར་བ་ཙམ་བྱུང་། བཅོ་བརྒྱད་པའི་ཚེ་བྱང་ཆུབ་ཆེན་པོའི་ཞལ་ནས། རིགས་ཀྱི་བུ་པོ་ཏ་ལའི་རི་བོར་སོང་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དྲུང་བྱང་ཆུབ་སེམས་དཔའ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་ཅིག །ཅེས་པའི་ལུང་བསྟན་བྱུང་བས་ལངས་ཏེ་ལྷོ་ཕྱོགས་སུ་བྱོན། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་བཞུགས་པ་ན་ཞབས་ལ་སེང་ལྡེང་གི་ཚེར་མ་ཟུག་པས་ཁྲག་མང་པོ་འཛགས། དེ་སོས་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡང་དག་པར་བརྙེས། དེ་ནས་རྒྱ་གར་བའི་རྣལ་འབྱོར་བའི་ཆ་བྱད་ཀྱིས་རྒྱ་མཚོའི་སྟེང་ན་ཕར་ས་ལ་བྱ་བ་བཞིན་དུ་མཛད་ནས་པོ་ཏ་ལར་གཤེགས་སོ། ། གཞན་བླ་མ་འཕགས་པ་དང་། རིན་ཆེན་ཁྲོ་ཕུ་བ་དང་། ལྷོ་པ་གྲུབ་སེང་དང་། ཐང་སྟོན་ལོ་ཙཱ་བ་ལ་སོགས་པའི་མཁས་གྲུབ་མང་དུ་བྱུང་ངོ་། ། སྲས་ཀྱི་ཐུ་བོ་རྒྱ་གར་གྲགས་པ། རབ་ཏུ་བྱུང་བའི་མཚན་ལ་བློ་གྲོས་ནམ་མཁའ་དཔལ། དེས་དུས་ཀྱི་འཁོར་ལོ་ལ་སོགས་ལ་ཡབ་ཀྱི་ཡོན་ཏན་རྣམས་ཕལ་ཆེར་ཐུགས་སུ་ཆུད་ནས་དབེན་དམར་གྱི་གདན་ས་བཟུང་། གཙུག་ལག་ཁང་བརྩིགས། ཆོས་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་ནས་འདས་སོ། ། སྲས་གཉིས་པ་ཤེས་རབ་སེང་གེ་ལྕགས་མོ་ཕག (སྤྱི་ལོ༡༢༥༡)ལ་འཁྲུངས། གཞོན་ནུའི་དུས་ནས་འབྲི་ཀློག་ལ་སོགས་འབྱོངས་ནས་དུས་འཁོར་ལ་སློབ་གཉེར་མཛད་དེ་དགུང་ལོ་བཅུ་དྲུག་པ་ལ་དུས་འཁོར་གསུངས། ཉི་ཤུ་ལ་ཐར་པར་བྱོན་ནས་དཔྱལ་བའི་ཆོས་རྣམས་ཞུས། ཉི་ཤུ་རྩ་གཉིས་པ་ལ་སྟག་སྡེ་སངས་རྒྱལ་གྱི་དྲུང་དུ་བྱོན་ཏེ་ལོ་ལྔའི་བར་དུ་ཕར་ཚད་ལ་སྦྱངས། ཁྱད་པར་དུ་ཚད་མ་ལ་མཁས་པར་གྱུར་ཏེ་དབུས་གཙང་དུ་གྲྭ་སྐོར་ཡང་མཛད། སུམ་ཅུ་པ་ལ་བླ་མ་ཆོས་རྒྱལ་འཕགས་པ་དང་མཁན་པོ་མཆིམས་ཀྱི་དྲུང་དུ་རབ་བྱུང་བསྙེན་པར་རྫོགས་ཤིང་ཆོས་མང་དུ་གསན། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བའི་དབང་། འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་རྒྱུད་དང་སྨན་དཔྱད་ཡན་ལག་བརྒྱད་པ་སོགས་གསན། དབེན་དམར་གྱི་གདན་ས་བཟུང་ནས་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དགའ་ར་བ། ཤངས་རྩེ་གདོང་། ཆུ་མིག །སྟོན་མོ་ལུང་། གཡུས་དགའ་ལྡན་ལ་སོགས་དགོན་པ་སྣ་ཚོགས་པ་རྣམས་སུ་ཆོས་མང་པོ་གསུངས། དགུང་ལོ་བཞི་བཅུ་རྩ་གཅིག་པ་ལ་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ལ་གཏད་ནས་དམུ་རུ་ཕྱུགས་ཕབ། ཤམྦྷར་བཏབ་ནས་གཙུག་ལག་ཁང་བཞེངས། རྒྱུད་འབུམ་དང་འདུལ་བ་ལུང་བཞེངས་ཏེ་སེམས་ཅན་མང་པོའི་དོན་མཛད། མཐར་ཆོས་རྗེ་བསོད་ནམས་རྒྱལ་མཚན་འཁྲུངས་མ་ཐག་པ་ལ་དབང་བསྐུར་མཛད་ནས་དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་ལྔ་པའི་ཤིང་མོ་ཡོས(སྤྱི་ལོ༡༣༡༥)ལ་གཤེགས། སློབ་མ་ཡང་ཏི་ཤྲཱི་ཀུན་བློ་ལ་སོགས་ས་སྐྱ་པའི་གདུང་བརྒྱུད་མང་པོ་དང་། གཞན་ཡང་མི་ཆེ་བའི་སློབ་མ་མང་པོ་དང་། ལོ་ཙཱ་པ་ཡར་ཐར་དཔང་གསུམ་གྱིས་དབུ་མཛད་མཁས་བཙུན་བཟང་གསུམ་གྱི་སློབ་མ་ཤིན་ཏུ་མང་པོ་དང་། ཁྱད་པར་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་། སྲས་གསུམ་པ་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས། སྲས་བཞི་པ་བླ་མ་ཨཱ་ཀ་ར་སིངྡྷི་དུས་འཁོར་རྭ་ལུགས་འབྲོ་ལུགས་དཔྱལ་བ་དང་ས་སྐྱ་པའི་ཆོས་སྐོར་མ་ལུས་པ་མཁྱེན་ནོ། ། དེའི་སྲས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ནི་རབ་བྱུང་ལྔ་པའི་ཆུ་མོ་ལུག(སྤྱི་ལོ༡༢༨༣)གི་ལོ་ལ་འཁྲུངས།  གཞོན་ནུའི་དུས་ནས་འབྲི་ཀློག་བསླབས།  འཇམ་དཔལ་རིན་རྒྱལ་དང་། སློབ་དཔོན་ཤེར་རྒྱལ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་ལ་དབེན་དམར་གྱི་གདན་ས་གཟུང་། དུས་འཁོར་གྱི་བཤད་གྲྭ་བསྐྱངས། མཁན་པོ་བཀའ་བཞི་པ་དང་། མཁན་པོ་ཞལ་སྔ་བ་ལས་བསྙེན་པར་རྫོགས། ཐར་པ་ལོ་ཙཱ་བ་ལ་སྒྲ་ཙནྡྲ་པ་དང་ཡི་གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་མང་པོ་གསན། བླ་མ་ཤེས་རབ་སེང་གེ་བ་ལ་དུས་འཁོར་གྱིས་གཙོ་བྱས་པའི་དབང་གི་བཀའ་ཐམས་ཅད་ཞུས་ཤིང་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། གཞན་ཡང་མཁན་པོ་ཞལ་སྔ་བ་ལ་འདུལ་བ་དང་མཛོད། ཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག ལམ་འབྲས་ལ་སོགས་པའི་མན་ངག་དང་། གཞན་ཡང་རྒྱུད་མང་པོ་ཞུས། སྲེའུ་ཆུང་བ་བློ་ལྡན་སེང་གེ་ལ་གསང་འདུས། ཡོ་ག །གསང་ལྡན། གདན་བཞི་ལ་སོགས་པའི་རྒྱུད་མང་པོ་གསན། བླ་མ་ཤེས་རབ་སེང་གེ་གཤེགས་ནས་ཤམྦྷར་དང་གཉིས་ཀ་གཟུང་སྟེ། དུས་འཁོར་གྱི་བཤད་མཉན་ཡུན་རིང་པོ་མཛད། དེ་ནས་སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་པས། རྒྱལ་པོ་ཆེན་པོས་གདན་དྲངས་ཏེ་ཁྱིའི་ལོ་ལ་གོང་དུ་བྱོན་ཏེ།  རྒྱལ་པོ་ཆེན་པོ་དང་བློན་པོ་མ་ལུས་པ་དད་པར་མཛད་ནས་བཞི་བཅུ་རྩ་གསུམ་པ་རབ་བྱུང་ལྔ་པའི་ཤིང་མོ་གླང(སྤྱི་ལོ༡༣༢༥)ལ་གཤེགས། དེ་ལ་བུ་སྟོན་རིན་པོ་ཆེས་གསན་ཏེ།  དང་པོར་ཐར་པ་ལོ་ཙཱ་བ་ལ་ཙནྡྲ་པ་བསླབས་ནས་ལོ་ཙཱ་ཡང་མཁས་པར་མཁྱེན། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དཔེ་མེད་འཚོ་ནས་བརྒྱུད་པ་གསན་ནས་བསྒོམས་པས་ཁྱད་པར་ཅན་གྱི་མྱོང་བ་ཡང་འཁྲུངས། དུས་ཀྱི་འཁོར་ལོའི་དཀའ་གནས་མང་པོ་ལ་དྲིས་ཤིང་ཐུགས་ལ་བཟུང་། ཕྱིས་ཤམྦྷར་དུ་བླ་མ་རྡོ་རྗེ་རྒྱལ་མཚན་པའི་དྲུང་དུ་བྱོན་ཏེ། ཟླ་བ་དགུའི་བར་དུ་བཞུགས་རིང་ཉིན་རེ་བཞིན་རྒྱུད་འགྲེལ་གྱི་གསན་པ་དང་དྲི་རྟོག་ཞིབ་ཏུ་མཛད། རྩིས་ལ་ཡང་ལེགས་པར་སྦྱངས། དུས་ཀྱི་འཁོར་ལོའི་ཡན་ལག་ཕྲ་མོ་རྣམས་ཀྱང་གསན། རྡོ་རྗེ་རྒྱལ་མཚན་པས་བཀའ་གནང་ནས་དབང་མདོར་བསྟན་གྱི་འགྲེལ་བ་སུམ་བརྒྱ་དྲུག་ཅུ་པ་ཡང་བསྒྱུར། ཞ་ལུར་ཕེབས་ནས་དུས་ཀྱི་འཁོར་ལོ་ལ་་དུས་ཆོས་མཛད་དེ་གསུངས། དུས་འཁོར་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་བརྩམས། ཕྱིས་བླ་མ་འཕགས་འོད་པ་ལ་ཀུན་སྤངས་བའི་སྦྱོར་དྲུག་གི་མན་ངག་མང་དུ་བཞུགས་པ་རྣམས་གསན། རྒྱུད་འགྲེལ་ལ་མཆན་བུ་མཛད་པ་ན། ཤོང་འགྱུར་ལ་འགྱུར་བཅོས་མང་དུ་མཛད་དེ། ཇོ་ནང་དུ་ལོ་ཙཱ་བ་གཉིས་ཀྱིས་འགྱུར་མཛད་པ་ན་ཇི་ལྟ་བ་བཞིན་དུ་བྲིས། སྤྱིར་དུས་ཀྱི་འཁོར་ལོའི་བརྒྱུད་པ་ལ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱུང་མོད་ཀྱི། རྒྱུད་ཀྱི་བཤད་པ་ཕྲ་མོ་ཡན་ཆོད་ལ་བུ་སྟོན་རིན་པོ་ཆེ་མཆོག་དང་གཙོ་བོ་དང་རབ་མཆོག་ཡིན་ནོ། ། དུས་རྒྱུན་གྱི་བཤད་པ་མཛད་པས་སློབ་མ་མང་དུ་བྱུང་ཡང་གཙོ་བོར་གྱུར་པ་ནི་དཔལ་ལྡན་བླ་མ་དམ་པ་ཡིན་ཏེ། དེས་ནི་བརྩོན་པ་ཆེན་པོས་ས་ཡར་མར་དུ་འབྱོན་བཞུད་མཛད་པ་ན་ཡང་དུས་ཀྱི་འཁོར་ལོའི་གླེགས་བམ་དང་མ་བྲལ་བར་གཟིགས། སྔོན་གྱི་འགྱུར་མི་གཅིག་པའི་གླེགས་བམ་མང་པོ་དང་བཤད་པའི་ཡིག་རྙིང་མཐའ་དག་ལ་ཡང་བརྟགས་ནས། དུས་ཀྱི་འཁོར་ལོའི་མངོན་དཀྱིལ་སོགས་ཆ་ལག་དང་ཊཱིཀྐ་ཆེན་མོ་ཡང་བརྩམས་ཏེ་སྙེ་ཐང་དུ་བཤད་པ་མཛད་པའི་ཚེ་དཔེ་འགྲེམས་བློ་དང་ལྡན་པ་ལྔ་བརྒྱ་ལྷག་ཙམ་བྱུང་། ཕྱིས་ཊཱིཀྐ་ཆེན་མོ་ཉིད་ལ་བཟོ་བཅོས་ཕྲ་མོ་ཡང་མང་དུ་མཛད། སྐུ་ཚེའི་མཐར་ཡང་དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་ལ་མཉེས་བཞིན་པའི་ངང་ནས་དུས་ཀྱི་འཁོར་ལའི་དབང་ཡོངས་སུ་རྫོགས་པར་བསྐུར་རོ། ། ཆོས་རྗེ་བུའི་གདན་ས་པ་ལོ་ཙཱ་བ་ཐུགས་སྲས་རིན་ཆེན་རྣམ་རྒྱལ་པས་ཀྱང་དུས་ཀྱི་འཁོར་ལོ་དུས་ཆོས་མཛད་དེ་གསུངས་ཤིང་། ཐམས་ཅད་མཁྱེན་པ་བུའི་སློབ་མ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་ཤངས་པ་ཀུན་མཁྱེན་པས་དུས་ཀྱི་འཁོར་ལོའི་སྐོར་མཐའ་དག་གསན་ནས་དབང་དང་བཤད་པ། མན་ངག་གིས་འགྲོ་བ་མང་པོ་དོན་མཛད་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་གོང་གསུམ་བདེ་ཆེན་པ་ལ་དུས་ཀྱི་འཁོར་ལོའི་སྐོར་གསན་པ་དང་། བསྟན་པའི་བདག་པོ་ཡིན་ཕྱིར་གཞན་གྱིས་བཤད་པ་བརྒྱ་ཚར་བས། རྗེ་ཐམས་ཅད་མཁྱེན་པའི་བཤད་པ་ཚར་གཅིག་བསྟན་པ་མི་ནུབ་པའི་རྒྱལ་མཚན་ཏུ་གྱུར་ཏོ། ། དེ་ལྟར་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པས་ཆོས་རྒྱུད་འདི་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་ནས་དེང་སང་ཡང་རྒྱུན་བཞུགས་པ་འདིའོ། །
  གཉིས་པ་འབྲོའི་ལུགས་ཀྱི་ལོ་རྒྱུས་ནི། ཁ་ཆེ་པཎྜི་ཏ་ཟླ་བ་མགོན་པས་དུས་འཁོར་བོད་དུ་སྤེལ་བར་དགོངས་ནས་བོད་དུ་བྱོན། ཁ་རག་གཉོས་ལ་བབས། འགྲེལ་བ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་འབུལ་བར་ཆད་བྱས། ཁ་རག་གཉོས་ལ་བབས། འགྲེལ་བ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་འབུལ་བར་ཆད་བྱས། པཎྜི་ཏ་མ་མགུ་བར་ཕྱེད་ཙམ་འགྱུར་བ་ན་བྲོས། འགྱུར་བྱེད་འཕྲོ་བསྣམས་ཏེ་འཕན་ཡུལ་གྲབ་དུ་བྱོན། ཞང་ཕུ་ཆུང་པས་བླ་མར་བཟུང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་བོས་ཏེ་དེས་རྒྱུད་འགྲེལ་རྫོགས་པར་བསྒྱུར། དེ་ཁ་རག་གཉིས་ཀྱིས་ཐོས་ཏེ་ཞང་ལ་ཁྱོད་ཀྱིས་ངའི་བླ་མ་འཕྲོགས་པ་ཡིན་པས་ཝ་བའི་གསེབ་ཏུ་ཡུངས་ཀར་ཚང་ངེ་བ་ཞིག་དགོས་ན་མ་གཏོགས་བླ་མ་སྐྱོལ་ཟེར་བའི་ཡེ་གེ་བསྐུར་བ་ལ། ཞང་གིས། ང་ལྷ་མོ་བརྒྱས་འཛུམ་བསྟན་ཀྱང་མི་ཆགས། ཁྲོ་བོ་བརྒྱས་མཆེ་བ་གཙིགས་ཀྱང་མི་འཇིགས་པ་ཡིན་ཟེར་ནས་མ་བསྐྱལ་བར་ཡུན་རིང་དུ་ཞབས་ཏོག་བྱས། གསེར་སྲང་བཅོ་བརྒྱད་ཕུལ། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲྭ་བ་མངོན་ཤེས་ཀྱིས་ལོ་གསུམ་ཆོས་སྟོན་དྲངས། ནམ་མཇལ་དུས་ཕྱག་རྟེན་མ་ཆད་པར་བྱས། ཇོ་བཙུན་ཚུལ་རིན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་བ་འགར་སྟོན། མང་ཡུལ་སྟོན་མ་སྲི་ཐར། སྨོན་འགྲོ་བ་འཇམ་སྒོམ་ལ་སོགས་པས་ཞབས་ཏོག་ཆེ་བར་བྱས་ཀྱང་སོར་སྡུད་ཙམ་ལས་མ་གནང་། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་བསྲུངས་ཞེས་བྱ་བ་མངོན་པ་དང་། ས་སྡེ་དང་། སྨན་དཔྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང་ཡོན་ཏན་ཆེ་བར་གྲགས་པ་དེ་ཉིད་ཀྱིས་རང་གི་འབྱོར་བ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དེ་དང་། རང་གི་མགུལ་ལ་དར་ཡུག་བཏགས་ནས་པཎྜི་ཏའི་ཕྱག་ཏུ་གཏད་དེ། རང་གི་ལུས་ངག་ཡིད་གསུམ་ཕུལ་བས་རྒྱུད་འགྲེལ་གྱི་བཤད་པ་མན་ངག་རྫོགས་པར་གནང་ངོ་། །དེ་ལ་བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་ཀྱིས་གསན། སྒྲོ་སྟོན་གནམ་ལ་བརྩེགས་ནི།  སྐུ་ཚེ་སྟོད་ལ་སྡེ་སྣོད་སྦྱངས་པའི་མཁས་པ་སྐུ་ཡང་བགྲེས་སུ་གྱུར་པ་ཞིག་ཟླ་བ་མགོན་པོའི་དྲུང་དུ་ཕྱིན་ནས་དུས་འཁོར་ཞུས་པས་ཀྱང་ངའི་དངོས་པོ་རྣམས་མང་ཡུལ་དུ་ཁྱོད་ཀྱིས་བསྐྱལ་ན་ཕྱིས་བོད་དུ་འོངས་དུས་ཁྱོད་ལ་ཆོས་སྦྱིན་ནོ་གསུང་བས་དེར་གྲོགས་གཞན་གྱིས་པཎྜི་ཏ་ལ་ཆོས་མི་ཁུགས་ངེད་ཀྱི་སྒོམ་པ་ལ་ཞུ་བ་འཐད་བྱས་པས།  དེ་ཁོ་ན་བཞིན་དུ་སྒོམ་པ་དཀོན་མཆོག་བསྲུངས་ལ་རྒྱུད་འགྲེལ་གདམས་པ་དང་བཅས་པ་ཞུས་པས་རྫོགས་པར་གནང་། ཐུགས་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་ཡང་དག་པར་འཁྲུངས། རྟིང་དུ་པཎྜི་ཏ་བོད་དུ་བྱོན་དུས་པཎྜི་ཏ་མཇལ་དུ་ཕྱིན་པས་ངས་སྦྱིན་ནོ་གསུང་པ་ལ་གཞོན་དུས་གནང་དུ་ནི་མ་འདོད། ད་རྒས་པས་མི་ཞུ་བྱས་པས། ཁྱོད་དཀོན་མཆོག་བསྲུངས་ཀྱི་གདམས་པས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུང་ནས་ཕྱག་ཕབ། བླ་མ་ཆེན་པོའི་བཀའ་དྲིན་ལགས་ལགས་བྱས་པས། གང་གང་སྦྱིན་གསུང་། འདི་དང་འདི་བྱིན་ལགས་བྱས་པས། དེ་ལས་ང་ལ་ཡང་མེད། ད་གཞན་ལ་སྟེར་རི་མནའ་སྐྱོལ་གསུང་ནས་མགུལ་ལ་ཕྲེང་བ་བཅུག དེར་བླ་མས་གནང་བ་ནི་མ་ལགས་བྱས་པས། ངན་པ་འདི་གསུང་ནས་དབུ་ལ་བྱེ་མ་སྤར་གང་བརྒྱབ། རེ་ཞིག་ན་ད་འོ་ན་ཁྱོད་ཀྱིས་གཞན་ལ་སྟོན་ལ་མགོ་ལུས་ཚང་བར་བྱིན་ཅིག་ཅེས་རྗེས་སུ་གནང་པའང་འཐོབ། དེ་བཞིན་དུ་ཡུ་མོས་ཀྱང་པཎྜི་ཏ་ལ་ཞུས་པ་ན་ཁྲེས་པོ་བསྟན་ནས་འདི་བལ་ཡུལ་དུ་སྐྱོལ་དང་ཕྱིས་སྟེར་གསུངས་ལ། ཡང་གྲོགས་ཀྱིས་གྲོས་བཏབ་སྟེ་སྒྲོ་སྟོན་ལ་ཞུས་ནས་རྒྱུད་འགྲེལ་མན་ངག་དང་བཅས་པ་དང་། སྒྲོན་གསལ་མན་ངག་དང་བཅས་པ་གནང་། དེ་ནས་འུ་ཡུག་ཏུ་བྱོན་ནས་བསྒོམས་པས་གྲུབ་པ་ཡང་བརྙེས། སློབ་མ་ཁྱད་པར་ཅན་ཡང་བྱུང་སྟེ་བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། ། དེ་ལ་སློབ་མ་ཝ་བྲག་དཀར་བ་བྱ་བ་དང་། གཉལ་བ་གྲོ་བྱ་བ་གཉིས་ཀྱིས་བཀའ་གདམས་ལ་འདག་སྦྱར་ཡུན་རིང་དུ་བྱས་ནས། ཕྱིས་བླ་མ་ཆེན་པོའི་དྲུང་དུ་འོངས་ཏེ་གདམས་ངག་བསྒོམས་པའི་ཞག་དང་པོ་ལ་རྟགས་ཐམས་ཅད་རྫོགས་ཏེ། ལམ་གྱི་མཆོག་ཏུ་ངེས་པ་རྙེད། བསྒོམས་པས་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་ནོ། ། གཉོས་སྐྱི་ཁུང་བ་བྱ་བས་ནི། ལོ་བདུན་ཅུ་ལོན་ནས་བླ་མ་ཆེན་པོ་ལ་གཏུགས། དེས་ངོར་རྗེ་བཙུན་ལ་གསུངས། དེས་དོལ་བ་འགར་སྟོན་དབང་ཕྱུག་གྲུབ་པ་ལ་གསུངས་སོ། ། གྲུབ་ཐོབ་དྷརྨ་བོ་དྷི་ཡང་མོའི་སློབ་མ་ཡིན་ལ། ཏྲེ་བོ་མགོནས་པོས་གཞུང་གདམས་ངག་ཐམས་ཅད་མནོས་ནས་རྒྱ་ཆེར་བཤད་ཅིང་། དེའི་རྒྱུན་ཡང་རིམ་པ་མང་དུ་བྱུང་ངོ་། ། མཁས་པ་དྷརྨེ་ཤྭ་ར་ནི། བླ་མ་ཆེན་པོའི་དགུང་ལོ་ལྔ་བཅུ་རྩ་དྲུག་པའི་སྲས་ལོ་བཅུ་གཉིས་ལ་དབང་མདོར་བསྟན་གསུངས། ལོ་བཅུ་དྲུག་པ་ལ་རྒྱུད་འགྲེལ་ཆེན་མོ་བཤད། རྒྱ་གླིང་བ་ལ་སོགས་པའི་མཁས་པ་དག་ཀྱང་རྩོད་པས་ཟིལ་གྱིས་གནོན་པར་ནུས་པ་ཞིག་གོ །དེའི་སློབ་མ་ཁང་གསར་བ་ནམ་མཁའ་འོད་ནི། རིགས་ཚོགས་ལ་སོགས་པའི་སྡེ་སྣོད་ལ་ཡང་མཁས། རྒྱུད་འགྲེལ་ཆེན་མོའི་བཤད་པ་བྱེད། ཏིང་ངེ་འཛིན་ཡང་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་གོ །དྷརྨེ་ཤྭ་རའི་སྲས་མོ་ཇོ་འབུམ་ཞེས་པ་གཞོན་ནུའི་དུས་ན་མས་བསྐུལ་ཏེ་མཐུ་བསླབས་ནས་དགྲ་མང་པོ་བརླགས་པར་བྱས། དེ་རྟིང་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམས་པས་ཚེ་དེ་ཉིད་ལ་རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པའི་འཕགས་མར་གྱུར་ཏོ། །དེའི་མིང་པོ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ནི། གཞོན་ནུའི་དུས་ན་རྣ་བ་དང་ལྕེ་ངག་མི་བདེ་བས་རེ་བ་ཆེར་མེད་ཀྱང་། ཕྱིས་ཁང་གསར་བ་ནམ་མཁའ་འོད་བརྟེན་ནས་རྒྱུད་འགྲེལ་མཁས་པར་མཁྱེན། ཡན་ལག་དྲུག་དང་ནཱ་རོའི་ཆོས་དྲུག་ཉམས་སུ་བླངས་པས་ཡང་དག་པའི་ཏིང་ངེ་འཛིན་བརྙེས།  སྔོན་གྱི་སྐྱེ་བ་དཔག་ཏུ་མེད་པ་ཡང་དྲན། སེ་མོ་ཆེར་བཞུགས་པས་གྲུབ་ཐོབ་སེ་མོ་ཆེ་བར་གྲགས་སོ། ། དེའི་སློབ་མ་འཇམ་གསར་ཤེས་རབ་འོད་ཟེར་ནི། འཁྲུངས་ཡུལ་མྱང་སྟོད་པ། གཉལ་ཞིག་ལ་སོགས་པ་ལ་བརྟེན་ནས་སྡེ་སྣོད་མང་པོ་ལ་མཁས་པའི་ཕུལ་དུ་གྱུར་པ། ལོ་མང་པོར་དཀའ་ཐུབ་ཀྱིས་ལུས་སྦྱངས། ཕྱག་ན་རྡོ་རྗེ་ལ་རིང་དུ་བསྙེན་པས་ལྷ་འདྲེ་སུས་ཀྱང་བཀའ་ལས་འགོང་བར་མི་ནུས་སྙམ་པའི་གདེང་དང་ལྡན་པས། རྐྱང་འདུར་དུ་བཤད་མཉན་མཛད་པའི་འཕྲོ་ལ་སེ་མོ་ཆེ་བ་གྲོང་ཆུང་དགོན་པ་ན་བཞུགས་པའི་སར་བྱོན་པའི་ལམ་དུ་གཙང་བོ་བརྒལ་བའི་ཚེ་མི་མ་ཡིན་གྱིས་རྡོ་ཆར་ཕབ་པ་ལ་ཆོས་བརྒྱད་རོ་མཉམ་པས་སྐྲག་པ་མེད་པའི་མགུར་ཡང་གསུངས། སེ་མོ་ཆེ་བའི་དྲུང་དུ་དུ་དབང་རྒྱུད་འགྲེལ་ཆ་ལག་དང་བཅས་པ་མཁས་པར་བསླབས། རྫོགས་པའི་རིམ་པ་བསྒོམས་པས་ཞག་གཅིག་ལ་རྟགས་རྫོགས་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ། གདམས་ངག་ལ་ཤིན་ཏུ་ཡིད་ཆེས་པས་དྭགས་པོ་བཀའ་བརྒྱུད་ཀྱི་སྒོམ་ཆེན་པའི་སྒོམ་བསྲན་ལ་གདམས་ངག་འདི་ཡོད་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་ཞེས་གསུངས་པ་དང་། ཕྱིས་ཐུབ་པའི་དབང་བོ་འཁོར་དང་བཅས་པ་ཞལ་གཟིགས་པ་ལ་ཡན་ལག་བདུན་པ་ཞིག་ཕུལ། སངས་རྒྱ་བའི་རྒྱུ་ལམ་འབྲས་བུ་ཐམས་ཅད་བླ་མ་སངས་རྒྱས་ཀྱི་དྲུང་དུ་སྒྲོ་འདོགས་བཅད་ཟིན་པས་ཆོས་ནི་མ་ཞུས་གསུང་བ་དང་། སྡེ་སྣོད་གསུངས་པའི་ཚེའང་མཉམ་པར་བཞག་པའི་སྟོབས་ཀྱིས་གསུང་། བདེ་བ་ཅན་ལ་སོགས་པའི་ཞིང་དག་པ་མང་པོར་མནལ་ལམ་དུ་བགྲོད། རི་ཁྲོད་རྣམས་སུ་སྒོམ་གྲྭ་བཙུགས་ནས་གདམས་ངག་གིས་བསྐྱངས་ཏེ་བཤད་སྒྲུབ་ལ་མངའ་བསྙེས་པར་གྱུར་ཏོ། །དེ་ལས་རྗེ་བཙུན་རྒ་ལོས་གསན་ནས་རིམ་པར་བརྒྱུད་པ་དང་། འཇམ་གསར་བའི་སློབ་མ་ཆོས་སྐུ་འོད་ཟེར་ནི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི་སྦས་པའི་སྲས་སུ་ཤིང་ཁྱི(སྤྱི་ལོ༡༢༡༤)ལོར་འཁྲུངས། གསེར་སྡིངས་པའི་གསུང་གིས་འཇམ་གསར་བ་དང་ལས་འབྲེལ་ཡོད་པས་དེར་སོང་ཅིག་གསུང་ནས་བྱོན། གཤིན་རྗེའི་གཤེད་ཀྱི་དབང་དང་ལུང་རིགས་མན་ངག་མཐའ་ཡས་པ་གསན། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་དབང་གསན་པའི་ཚེ་བླ་མ་རྡོ་རྗེ་ཤུགས་སུ་གཟིགས་འདི་ལྟར་གདའ་ཞུས་པས། རྡོ་རྗེ་ཤུགས་ཡིན་ནམ་སྙམ་པའི་ང་རྒྱལ་ཡང་ཡོད་པ་ཡིན། འོ་སྐོལ་དཔོན་སློབ་ལ་བགེགས་ཀྱིས་མི་ཚུགས་གསུང་། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས། བཞི་བའི་སྐབས་སུ་ང་བཞིན་ཏུ་ལུས་གནད་ཆོས་ལ་སེམས་མི་རྟོག་པར་ཞོག་གསུངས་པ་ཙམ་གྱིས་འགྱུ་བ་ཕྲ་རགས་ཆད་དེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དུ་གྱུར། ཕྱིས་སྒོམ་ཁང་དུ་བསྒོམས་པས་ཀྱང་ཉམས་རྟོགས་འུར་ལངས་ཏེ། ཆོས་རྗེའི་གསུང་གིས་གསལ་བ་རབ་ཀྱི་མཐར་ཕྱིན་གདའ་གསུང་། ཆོས་གྲྭ་དེར་རྣམ་ངེས་ལ་སོགས་པའི་ཆོས་བཤད་མཛད་པས་ཆོས་རྗེས་ཚད་མེད་པའི་བསྔགས་པ་མཛད། སེ་མོ་ཆེ་བ་ལ་ཆོས་འབྲེལ་ཞུར་བྱོན་པས་ཀྱང་ཁྱེད་གཉིས་སྐྱེ་བ་མང་པོའི་དཔོན་སློབ་ཡིན་གསུང་། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཕྲན་དང་བཅས་པ་མ་ལུས་པ་གསན། གཞན་ལ་དབང་རྒྱུད་གདམས་ངག་གིས་ཕན་པ་མང་དུ་མཛད་དོ། ། དེའི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ནི། ལ་སྟོད་བྱང་གི་རབ་ཁ་ཕྱར་སྤང་སྒང་དུ་རབ་བྱུང་བཞི་བའི་ཆུ་ཡོས(སྤྱི་ལོ༡༢༤༣)ལོར་སྐུ་འཁྲུངས། གཞོན་དུས་སུ་སྡེ་སྣོད་མང་པོ་ལ་མཁས་པར་སྦྱངས་ཤིང་རྩོད་པ་ཡང་ཤིན་ཏུ་བཟང་བར་གྲགས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལ་དུས་འཁོར་གྱི་བཤད་པ་རྫོགས་པར་གསན། མན་ངག་ཞུས་ནས་བསྒོམས་པའི་ཚེ་ཏིང་ངེ་འཛིན་མང་པོའི་སྒོ་ཕྱེ། ཇོ་མོ་ནགས་རྒྱལ་གྱིས་ཇོ་མོ་ནང་དུ་སྤྱན་དྲངས་པས་ལོ་གསུམ་ན་འབྱོན་པར་ཞལ་གྱིས་བཞེས་ཏེ། དུས་ལ་བབ་པ་ན་བྱོན་ནས་དགོན་པ་བཏབ། བཤད་པ་དང་གདམས་པ་གཉིས་ཀའི་སློབ་མ་མང་དུ་བསྐྱངས། དེ་དག་གི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་པའི་བུ་བཞི་ཞེས་གྲགས། བྱང་སེམས་རྒྱལ་ཡེ་བ་ནི། རབ་བྱུང་བཞི་པའི་མེ་སྦྲུལ(སྤྱི་ལོ༡༢༥༧)ལོར་འཁྲུངས། ཆུང་ངུའི་དུས་སུ་ཀརྨ་པཀྵིས་ཕ་དེ་མི་འདོད་བཞིན་དུ་བླངས་ནས་ཀརྨ་པའི་ཆོས་རྣམས་དང་ཟང་ཟིང་གིས་ཀྱང་བསྐྱངས། ཕྱིས་ཇོ་མོ་ནང་དུ་བྱོན་ཀུན་སྤངས་པའི་གཞུང་གདམས་ངག་ཐམས་ཅད་གསན་ཞིང་ཉམས་སུ་རྫོགས་པར་བཞེས། དེའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་བཞི་པའི་ལྕགས་སྤྲེལ(སྤྱི་ལོ༡༢༦༠)ལོར་མདོག་སྟོད་སྤེན་པ་ཞེས་པར་སྐུ་འཁྲུངས། ཆུང་དུས་ནས་ས་སྐྱར་འཇམ་དབྱངས་པ་ལ་སོགས་པའི་མཁས་པ་མང་པོ་བསྟེན་ནས་སྡེ་སྣོད་ལ་ལེགས་པར་སྦྱངས། ཇོ་མོ་ནང་དུ་བྱོན་ནས་ཀུན་སྤངས་པ་དང་བྱང་སེམས་རྒྱལ་ཡེ་བ་གཉིས་ལ་དབང་རྒྱུད་ཁྲིད་དང་བཅས་པ་ལེགས་པར་གསན། ཐུགས་དམ་ཀྱང་ཤིན་ཏུ་མཐོན་པོར་གྱུར་ནས་འགྲོ་བ་མཐའ་དག་གིས་འདུད་པའི་གནས་སུ་གྱུར། མཐར་རབ་བྱུང་དྲུག་པའི་མེ་ཡོས(སྤྱི་ལོ༡༣༢༧)ལོར་འདས། དེའི་སློབ་མར་གྱུར་བ་ཇོ་ནང་བ་ཤེས་རབ་རྒྱལ་མཚན་ནི། དོལ་བོའི་བན་ཚང་ཞེས་པར་རབ་བྱུང་ལྔ་པའི་ཆུ་འབྲུག(སྤྱི་ལོ༡༢༩༢)ལོར་སྐུ་འཁྲུངས། གཞོན་ནུ་ལ་སྐྱི་སྟོན་འཇམ་དབྱངས་པ་ཁུ་དབོན་གྱི་ཞབས་ལ་གཏུགས་ནས་དཀའ་ཆེན་བཞི་ལ་སོགས་པའི་སྡེ་སྣོད་དང་། རྡོ་རྗེ་ཕྲེང་བའི་དབང་ལ་སོགས་པའི་སྔགས་ཀྱི་གསན་པ་དུ་མ་མཛད། ཁྱད་པར་དུ་ཁུ་དབོན་གཉིས་ལ་རྭ་ལུགས་ཀྱི་དུས་འཁོར་བཤད་པ་ལེགས་པར་གསན། གཞན་ཡང་བླ་མ་མང་པོ་ལ་གསན་པ་རྒྱ་ཆེ་བར་མཛད་ཅིང་། ཇོ་མོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། དགུང་ལོ་བདུན་ཅུ་པ་རབ་བྱུང་དྲུག་པའི་ལྕགས་གླང(སྤྱི་ལོ༡༣༦༡)ལོར་འདས། སློབ་མ་ཡང་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་དང་། ཇོ་ནང་བ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ་བ་ལ་སོགས་པ་ཤིན་ཏུ་མང་།  དེ་ལས་བརྒྱུད་པ་རྣམས་ལ་ཇོ་ལུགས་སུ་གྲགས་སོ། །
  ཡང་གཉལ་ཞིག་བུ་དགའི་ཡ་གྱལ་བོ་དོང་བ་རིན་ཆེན་རྩེ་མོས་བླ་མ་སེ་མོ་ཆེ་བ་ལ་དུས་འཁོར་གྱི་བཤད་པ་དང་མན་ངག་ཐམས་ཅད་མནོས་ཏེ།  བོ་དོང་རིན་རྩེའི་དུས་འཁོར་ལྷ་མོ་ཆེ་ཞེས་གྲགས་པའི་སྐུ་ཆེན་པོ་ཞིག་ཀྱང་བཞེངས། སྟན་ཐོག་གཅིག་ཏུ་བཟླས་བསྙེན་བྱེ་བ་རྫོགས་པར་མཛད་པས་སྦྱིན་སྲེག་མཛད་པ་ན་མེ་ལྕེ་དཔལ་བེའུ་དང་གཡུང་དྲུང་འཁྱིལ་བ་ལ་སོགས་པའི་བཀྲ་ཤིས་པའི་མཚན་མ་ཡང་བྱུང་། དུས་ཀྱི་འཁོར་ལོ་བཤད་པས་སློབ་མང་དུ་བྱུང་པ་ལས་སྟག་སྡེ་བ་སེང་གེ་རྒྱལ་མཚན་ནི། ཕ་རི་ལུང་དུ་རབ་བྱུང་བཞི་པའི་ཆུ་སྤྲེལ(སྤྱི་ལོ༡༢༡༢)ལོར་འཁྲུངས། བོ་དོང་རིན་པོ་ཆེ་ལ་ཕར་ཚད་མངོན་པ་དང་། ཁྱད་པར་དུ་དུས་འཁོར་དབང་བཤད་པ་མན་ངག་དང་བཅས་པ་གསན། ལོག་གྲོང་ལ་སོགས་པའི་ཆོས་གཞི་མང་དུ་བཟུང་ནས་བཤད་ཉན་མཛད་པས་ཤོང་སྐུ་མཆེད་ལ་སོགས་སློབ་མ་མང་དུ་བྱུང་། དགུང་ལོ་གྱ་གསུམ་པ་རབ་བྱུང་ལྔ་པའི་ཤིང་རྟ(སྤྱི་ལོ༡༢༩༤)ལོའི་རྒྱལ་ཟླའི་ཚེས་བརྒྱད་ལ་སྐུ་གཤེགས། དེའི་སློབ་མ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནི། སྤྱང་ལུངས་ཤར་ཁའི་བོང་ར་ཞེས་པར་སྐུ་འཁྲུངས། སྟག་སྡེ་བ་ལ་ཚད་མ་ལ་སོགས་པའི་བསྟན་བཅོས་མང་པོ་སློབ་གཉེར་མཛད། དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས་དང་འབྲོ་འགྱུར་གྱི་སྟེང་ནས་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་ཡང་གསན། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་མ་ཧེནྡྲ་བྷ་དྲ་ལོ་ལྔར་བསྟེན་ནས་རིག་གནས་ཆུང་བ་ལྔར་བསླབས། ཁྱད་པར་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་ས་སྐྱར་བྱོན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་པ་ལ་འགྱུར་ལེགས་པར་མཛད། སླར་ཡང་དཔག་བསམ་འཁྲི་ཤིང་ལ་སོགས་པའི་གཞི་འགྱུར་དང་། སྔར་འགྱུར་བའི་འགྱུར་བཅོས་ཀྱང་མཛད་ཅིང་། སྒྲ་སྙན་དངགས་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། དེས་རང་གི་གཅུང་ཤོང་བློ་གྲོས་བརྟན་པ་ལ་ལོ་ཙཱ་ལེགས་པར་བསླབས་ཤིང་དུས་འཁོར་རྒྱུད་འགྲེལ་གསུངས། བློ་བརྟན་གྱིས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་། ལོ་ཙཱ་བ་མཆོག་ལྡན་ལ་ལེགས་པར་གསུངས།  དེ་ལ་འཇམ་དབྱངས་སྐྱི་སྟོན།  དེ་ལ་དོལ་བུ་བ་ཀུན་མཁྱེན་ཆེན་པོས་གསན་ནོ། །
  ཡང་སྟག་སྡེ་བ་ལ་དཔང་བློ་གྲོས་བརྟན་པས་གསན། དཔང་ནི་རབ་བྱུང་ལྔ་པའི་མེ་བྱི(སྤྱི་ལོ༡༢༧༦)ལོར་ལ་སྟོད་ལྷའི་གྱམ་དུ་སྐུ་འཁྲུངས། དགུང་ལོ་བདུན་པ་ལ་རབ་ཏུ་བྱུང་ནས་འདུལ་བ་མདོ་རྩ་བསླབས། སྟག་སྡེ་བའི་སྙན་པ་གསན་ནས་ཚ་སྣར་བྱོན་ཏེ་སྔགས་མཚན་ཉིད་ཀྱི་སྡེ་སྣོད་མང་པོ་བསླབས། ལོ་ཙཱ་བ་མཆོག་ལྡན་ལ་ཀ་ལཱ་པ་དང་ཙནྡྲ་པ། སྙན་ངག་མེ་ལོང་མ་ཡང་བསླབས། བལ་བོར་ལན་བདུན་བྱོན་སྔགས་མཚན་ཉིད་ཀྱི་གཞུང་ཤིན་ཏུ་མང་པོ་ལ་གཞི་འགྱུར་དང་འགྱུར་བཅོས་མཛད། ཚད་མ་དང་མངོན་པ་ལ་སོགས་པའི་ཊཱི་ཀ་ཡང་མང་དུ་བརྩམས། གཞན་དོན་གྱི་བྱ་བ་རྫོགས་ནས་དྲུག་ཅུ་རྩ་བདུན་པ་རབ་བྱུང་དྲུག་པའི་ཆུ་རྟ(སྤྱི་ལོ༡༣༤༢)ལོར་ཞི་བར་བཤེགས།  དེའི་སློབ་མ་དཔལ་ལྡན་བྱང་ཆུབ་རྩེ་མོ་ནི་རབ་བྱུང་ལྔ་པའི་ཆུ་ཡོས(སྤྱི་ལོ༡༣༠༣)ལོར་ལ་སྟོད་ལྷོར་འཁྲུངས། ཆུང་དུས་ནས་རྗེ་བཙུན་དཔང་གི་ཞབས་ལ་གཏུགས་ནས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་རིན་པོ་ཆེ་རྣམས་དང་། ལེགས་པར་སྦྱར་པའི་སྐད་ལ་བྱང་བར་བསླབས། དབོན་པོ་ནམ་མཁའ་དཔལ་བཟང་པོ་ལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པ་མང་དུ་གནང་བས་མཁས་པ་ཆེན་པོར་གྱུར།  ཕྱིས་ལོ་ཆེན་གྱིས་ཡར་ཀླུངས་དང་། གདན་ས་ཐེལ། གུང་ཐང་དུ་བཞུགས་ནས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་ཆོས་ཀྱི་ཆར་བས་མཁས་པ་མང་པོ་ཚིམ་པར་མཛད། དེ་ནས་གཙང་ཕྱོགས་ལ་ཕེབས་ཏེ་ཆུ་མིག་རིང་མོར་བཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་དགུང་ལོ་དོན་བདུན་པ་ལྕགས་སྤྲེལ(སྤྱི་ལོ༡༣༨༠)ལོར་ཞི་བར་བཤེགས་སོ། ། ལོ་ཆེན་འདིའི་སློབ་མ་སྒྲ་ཚད་དུས་ཀྱི་འཁོར་ལོ་ལ་མཁས་པའི་ལོ་ཙཱ་བ་ནམ་མཁའ་བཟང་པོས་ཀྱང་དུས་ཀྱི་འཁོར་ལོའི་བཤད་པ་མང་དུ་མཛད་ལ། འདིའི་དབོན་པོ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན།  དེའི་དབོན་པོ་བོ་དོང་འཇིགས་མེད་གྲགས་པ་ཡིན་ནོ། །
  སྤྱིར་དུས་ཀྱི་འཁོར་ལོ་ལ། གྱི་ཇོ་ཟླ་བའི་འོད་ཟེར། བློ་གྲོས་སྙིང་པོ། རྨ་དགེ་བའི་བློ་གྲོས། མང་འོར་བྱང་ཆུབ་ཤེས་རབ། བསོད་ནམས་ཡེ་ཤེས། འ་ཞ་རྒྱ་གར་བརྩེགས། ཙ་མི་སངས་རྒྱས་གྲགས། ལྡི་རི་ཆོས་གྲགས། གཉན་ལོ་ཙཱ་བ། གཉོས་ལོ་ཙཱ་བ། འབྲོ་ཤེས་རབ་གྲགས། སྟེངས་པ་ལོ་ཙཱ་བ། རེང་ལོངས་ལོ་ཙཱ་བ། རྭ་ཆོས་རབ། ཆག་ལོ་ཆོས་རྗེ་དཔལ། ཤོང་སྟོན། ཡར་ཀླུང་ལོ་ཙཱ་བ་གྲགས་རྒྱན། དཔང་བློ་གྲོས་བརྟན་པ། དཔང་གི་སློབ་མ་བློ་གྲོས་རྣམ་གཉིས་ལ་སོགས་པ་སྟེ། གླེགས་བམ་གཅིག་ལ་དུས་ཀྱི་འཁོར་ལོ་ཁོ་ན་སྒྱུར་བྱེད་མང་ངོ་། ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལ། གཉན་ལོ་དང་ཤེའུ་ལོ་ཙཱ་བའི་འགྱུར། ཕྱིས་ཀླུབས་ལོ་ཙཱ་བ་བློ་གྲོས་དཔལ་གྱི་འགྱུར་ཏེ། དེས་ཚིགས་སུ་བཅད་པ་བཅུ་གཅིག་གི་ཆད་པ་གསབས་སོ། ། དབང་མདོར་བསྟན་ལ། འབྲོ། རྭ། མན་ལུངས་པ། སྒྲ་ཚད་པ། དཔང་། ཡར་ཀླུང་ལོ་ཙཱ་བ་རྣམས་ཀྱི་འགྱུར་ཡོད་ཅིང་། བུ་ཧྲངས་ལོ་ཆུང་གིས་བསྒྱུར་བ་ལ་མཚན་དབང་ཉེར་བསྟན་ཟེར་རོ། ། རྡོ་རྗེ་སྙིང་པོའི་འགྲེལ་བ་ནི་ཅོག་གྲུ་ཏིང་འཛིན་བཟང་པོ། གཉེར་ཅོར་ཤེས་རབ་གྲགས། ཁྱུང་པོ་ཆོས་བརྩོན། ཡར་ཀླུངས་ལོ་ཙཱ་བ། དཔང་རྣམས་ཀྱིས་བསྒྱུར་རོ། །བདེ་མཆོག་སྟོད་འགྲེལ་ནི། ཅོག་གྲུ་ཏིང་འཛིན་བཟང་པོའི་འགྱུར་ལས་ཤོང་གིས་བཅོས་པ་དང་།  ཁུ་དངོས་གྲུབ་ཀྱིས་བསྒྱུར་བ་ཞིག་ཀྱང་ཡོད་ལ།  དེ་དག་གིས་བསྒྱུར་པའི་གཞུང་བཀའ་བསྟན་ཏུ་བཞུགས་པའི་རྣམ་གྲངས་ནི།  དབང་མདོར་བསྟན་དང་།  ཉི་མའི་སཐཉིང་པོའི་མདོ།  སྟག་རྣའི་རྟོགས་བརྗོད།  མིག་བཅུ་གཉིས་པའི་མདོ།  བསྡུས་བརྒྱུད།   འགྲེལ་ཆེན་དྲི་མེད་འོད།  དུས་འཁོར་ལ་འཇུག་པ།  དུས་འཁོར་རྩིས་ཀྱི་མན་ངག །ཉི་ཟླ་འཛིན་པའི་རྩིས།   གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག  །དབྱངས་འཆར་གྱི་རྒྱུད།  ཚེ་རྩིས་འབྲས་བུ་གསལ་བར་བཤད་པ།  དབྱངས་འཆར་དོན་བསྡུས།   དབྱངས་འཆར་དུས་སྦྱོར་གྱི་འབྲས་བུ་ཉེར་མཁོ།  ཕྱག་རྡོར་སྟོད་འགྲེལ་སོགས་ཡོད་དོ།  །  
   སྨྲས་པ།   
              རྒྱུད་འགྲེལ་གཞུང་ལུགས་རྣམ་མང་ནོར་བུའི་གཏེར།  །
              འཕགས་ཡུལ་རྒྱ་མཚོའི་གླིང་ནས་འདྲེན་པ་ཡི།  །
              འཇིག་རྟེན་མིག་གྱུར་རྭ་འབྲོ་ཤོང་སོགས་ཀྱི།  །
              མཛད་པ་བསམ་ཀྱིན་དད་པ་གཏིང་ནས་འཕྱོ།  །
  ཞེས་དུས་འཁོར་བོད་དུ་བསྒྱུར་ཤིང་རིམ་པར་བརྒྱུད་ཚུལ་བཤད་ཟིན་ཏོ།    །
           བཞི་བ།  བོད་ཀྱི་རིམ་བྱོན་མཁས་པས་སྤེལ་ཚུལ།
  དེ་ཡང་མཁན་པོ་ཚེ་རྣམ་མཆོག་གིས། རྩིས་ཀྱི་ཡོལ་གོ་གྲུ་བཞི་ཐང་ཡངས་པོར། ། ངོ་མཚར་རི་མོའི་རྣམ་འགྱུར་ངོམ་ཙམ་གྱིས། ། གནམ་ས་གོ་ལའི་ལྐོག་གྱུར་གནད་རྣམས་ཀུན། ། ཇི་བཞིན་སྟོན་མཛད་གངས་ཅན་རྩིས་སྟོན་ཆེ། །ཞེས་གསུངས་པ་ལྟར་གངས་ཅན་གྱི་རྩིས་རིག་སྨྲ་བ་རིམ་བྱོན་གྱིས་སྤེལ་ཚུལ་ཙམ་བཤད་ན། རབ་བྱུང་གསུམ་པའི་མེ་ཡོས་(སྤྱི་ལོ༡༡༤༧)ལོར་རྗེ་བཙུན་གྲགས་པ་རྒྱལ་མཚན་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་དུ་ཡབ་ས་ཆེན་ཀུན་དགའ་སྙིང་པོའི་དྲུང་དུ་ཐོས་བསམ་མཛད། དགུང་ལོ་བཅུ་གཉིས་པ་ལ་ཡབ་འདས་པས་བཅུ་གསུམ་ནས་ས་སྐྱའི་གདན་ས་མཛད། དགུང་ལོ་ང་བརྒྱད་པ་ཤིང་བྱི་ལོར་དུས་ཚོད་ངེས་པར་བཟུང་བའི་རྩིས་དང་། གཟའ་སྐར་གྱི་འཕྲོད་བརྟག་པ་སོགས་མཛད། མེ་བྱི(སྤྱི་ལོ༡༢༡༦)ལོར་འདས། རབ་བྱུང་བཞི་པའི་ཤིང་ལུག(སྤྱི་ལོ༡༢༣༥)ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་ནས་དགུང་ལོ་ཉེར་དྲུག་པ་ནས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་དེར་བོད་ལ་གནམ་རིག་སྐར་རྩིས་ཡར་རྒྱས་སྔར་ལས་ཆེ་བ་བྱུང་། འགྲོ་མགོན་འཕགས་པ་ཉིད་ཀྱིས་ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མེད་པ།  ཉི་ཁྱིམ་འཕོ་བའི་ངེས་པ།  དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་བསྡུས་དོན་དང་བཅས་པ།  གདོད་མའི་དུས་གསལ་བར་བྱེད་པའི་རྩིས།  རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པའི་རྩིས། དྷྲུ་ཝ་གཉིས་པའི་རྩིས།  ལོ་བརྟག་ཉེར་གཉིས་ཀྱི་རྩིས།  རྟེན་འབྲེལ་གྱི་རྩིས་རིན་ཆེན་སྒྲོན་མེ། རྒྱལ་བུ་ཇིམ་གྱིས་ཆོས་འཁོར་བསྐོར་བའི་རྩིས། སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་སོགས་རྩིས་ཀྱི་བསྟན་བཅོས་མང་དུ་མཛད། གཞན་ཡང་གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། ཀུན་དགའ་དཔལ་བ་སོགས་རྩིས་རིག་སྨྲ་བ་མང་པོ་སྔ་ཕྱིར་ཐོན། རྡོ་རྗེ་དཔལ་གྱིས་བསྟན་རྩིས་སོགས་མཛད། བོད་རང་གི་གནམ་གཤིས་དང་། ས་ཆའི་དུས་བབ་ལ་ཞིབ་ཏུ་དཔྱད། རྒྱ་རྩིས་ཧོང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་བ་ས་སྐྱའི་ལོ་ཐོ་ཞེས་པ་ཐོག་མར་བཏོན་ནས་བོད་ཀྱི་ལོ་ཐོའི་སྲོལ་སྔར་ལས་གོང་འཕེལ་བྱུང་། དེ་ནས་རབ་བྱུང་ལྔ་བའི་ཤིང་སྤྲེལ(སྤྱི་ལོ༡༢༨༤)ལོར་ཀརྨ་པ་རང་བྱུང་རྡོ་རྗེ་འཁྲུངས། དགུང་ལོ་ལྔར་ཕེབས་དུས་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་དང་མཇལ། བདུན་པར་མཁན་པོ་ཀུན་ལྡན་ཤེས་རབ་ལས་རབ་ཏུ་བྱུང་སྟེ་མཚན་ལ་རང་བྱུང་རྡོ་རྗེར་གསོལ།  བཅོ་བརྒྱད་ལ་མཁན་ཆེན་གཞོན་ནུ་བྱང་ཆུབ་ལས་བསྙེན་པར་རྫོགས། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ལ་བསྟེན་ནས་རིག་པའི་གནས་ལ་སྦྱངས།  ས་སྐྱ་དང་།  བཙན་བྲག  ཉང་སྟོད།  ཀོང་པོ་སོགས་ཡུལ་ཁག་མང་པོར་ཕེབས་ནས་འགྲོ་དོན་མཛད། རབ་བྱུང་ལྔ་བའི་ས་རྟ(སྤྱི་ལོ༡༣༡༨)ལོར་རྩིས་ཀུན་ལས་བཏུས་པ་བརྩམས། རབ་བྱུང་དྲུག་པའི་ལྕགས་ལུག(སྤྱི་ལོ༡༣༣༡)ལོར་ཡོན་རྒྱལ་རབས་ཀྱི་གོང་མས་པེ་ཅིན་དུ་གདན་དྲངས་ནས་ཧོར་གྱི་རྒྱལ་པོ་ལ་དུས་འཁོར་དབང་ཆེན་བསྐུར། བསྔགས་བརྗོད་དུ།  ཆོས་ཀུན་དེ་ཉིད་གཟིགས་པའི་ཀརྨ་པ། ཞེས་པའི་མཚན་གྱི་འཇའ་ས་དང་གུ་ཤྲཱིའི་ཐམ་ཀ་སོགས་བསྩལ། ཤིང་ཁྱི(སྤྱི་ལོ༡༣༣༤)ལོར་བོད་དུ་ཕྱིར་ལོག དེ་ནས་ལོ་གཉིས་སོང་མཚམས་སླར་ཡང་གོང་མས་གདན་དྲངས་པ་ལྟར་ཕེབས་ཏེ་ལོ་ངོ་གསུམ་ཙམ་བཞུགས་ནས་དགུང་ལོ་ང་དྲུག་པ(སྤྱི་ལོ༡༣༣༩)ལོར་རྒྱ་ནག་ཏུ་སྐུ་བཤེགས། 
བུ་སྟོན་རིན་ཆེན་གྲུབ་ནི། རབ་བྱུང་ལྔ་པའི་ལྕགས་སྟག(སྤྱི་ལོ༡༢༩༠)ལོར་ཤབ་སྨད་སྒོམ་གནས་ཞེས་པར་འཁྲུངས། དགུང་ལོ་བཅོ་བརྒྱད་པར་མཁན་པོ་སེང་གེ་དཔལ་དང་། སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་ཏུ་བྱུང་། མཁས་མཆོག་ཚད་མའི་སྐྱེས་བུ་དང་། རིག་པའི་ཐེག་པ། བསོད་ནམས་མགོན་པོ་ཞེས་མཚན་གསུམ་ལྡན་གྱི་དམ་པ་དེའི་དྲུང་ནས་ཕར་ཚད་སོགས་ལ་སྦྱངས།  ཉེར་གསུམ་པར་མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུ་དང་། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་སྙན་ངག བླ་མ་འཕགས་འོད་ལས་གསང་འདུས། རོང་པ་ཤེར་སེང་གི་དབོན་པོ་རྡོ་རྗེ་རྒྱལ་མཚན་ལས་དུས་འཁོར་སོགས་གསན། སུམ་ཅུ་པ་ལ་ཕར་ཕྱིན་རྣམ་བཤད་ལུང་གི་སྙེ་མ་མཛད། སོ་གཅིག་པ་ལ་ཞྭ་ལུའི་འཛིན་སྐྱོང་གནང་།  ཞྭ་ལུ་རི་ཕུག་བཏབ།  སོ་བདུན་པ་མེ་སྟག(སྤྱི་ལོ༡༣༢༦) ལོར་རྩིས་གཞུང་མཁས་པ་དགའ་བྱེད་བརྩམས། གཞན་ཡང་བསྡུས་རྒྱུད་ཀྱི་མཆན། འགྲེལ་ཆེན་དྲི་མེད་འོད་ཀྱི་མཆན། དུས་འཁོར་བསྡུས་དོན་དྲི་མེད་འོད་རྒྱན།  ལྔ་བསྡུས་གཟའ་ལྔ། གཟའ་ལྔའི་རྐང་རྩིས། གོ་ལའི་རྣམ་བཞག དུས་སྦྱོར་གྱི་དྲིས་ལན་སོགས་སྐར་རྩིས་ཀྱི་སྐོར་དང་། ལོ་རྒྱུས། འདུལ་བ། མངོན་པ། ཕར་ཕྱིན། དབུ་མ། ཚད་མ། སྒྲ། སྔགས་ཕྱོགས་བཅས་ཁྱོན་བསྡོམས་པོད་ཉེར་དྲུག་བཞུགས། འདི་བ་ཁྱད་པར་དུ་རྩིས་ལ་སྦྱངས་པས་ས་ཐུར་བཅུ་གསུམ་ཟད་ཅེས་ཞལ་རྒྱུན་ལ་གྲགས། སློབ་མ་ཡང་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་སོགས་མང་དུ་བྱུང་། དགུང་ལོ་དོན་ལྔ་བ་ཤིང་འབྲུག(སྤྱི་ལོ༡༣༦༤)ལོར་སྐུ་གཤེགས། སྐྱོར་ལུང་བ་དོན་དཔལ་བཟང་གི་རྩིས་ཀྱི་བསྟན་བཅོས་དགའ་བྱེད་མཛེས་རྒྱན། ནམ་མཁའ་མགོན་པོའི་ཁྱིམ་དྲུག་སྤྱི་ནོར་དང་རེའུ་མིག་ངོས་འཛིན། སྤྱི་ནོར་རགས་པའི་མགྱོགས་རྩིས་དག་པ། གྲགས་པ་སེང་གེའི་བསྐལ་ལི་དང་སྤྱི་ནོར་ལོ་འཕྲོ་སྒྲ་གཅན་རྟག་ལོངས་སོགས་ཀྱི་ཚད་ལུགས། ཞག་གསུམ་རྣམ་དབྱེའི་དྲི་མ་འཁྲུད་པ། གཟའ་ལྔའི་འབྲས་བཤད་བློ་ལྡན་འདོད་འཇོ། ངག་དབང་གྲགས་པའི་རྩིས་ལ་སྦྱར་པའི་སྙན་ངག་དྲང་སྲོང་རབ་ཏུ་དགའ་བའི་གླུ། རྩིས་ཀྱི་བསྟན་བཅོས་དོན་གསལ་སྣང་བ། ལོ་ཆུང་དཀའ་བཞི་བའི་རྩིས་གཞུང་མཁས་པ་དགའ་བྱེད་ཀྱི་ཉེར་མཁོ་སོགས་མང་ངོ་།  །
  མཁས་གྲུབ་དགེ་ལེགས་དཔལ་བཟང་ནི། རབ་བྱུང་དྲུག་པའི་ཤིང་གླང(སྤྱི་ལོ༡༣༨༥)ལོར་སྐུ་འཁྲུངས། ཆུང་དུས་ནས་ས་སྐྱ་དགོན་པར་རབ་ཏུ་བྱུང་ཞིང་གཞུང་ལུགས་ལ་ཐོས་པ་མཛད། དགུང་ལོ་བཅུ་དྲུག་པར་བོ་དོང་པཎ་ཆེན་དང་རྩོད་པ་མཛད་ནས་རྣམ་པར་རྒྱལ་བའི་གྲགས་པ་འབར།  རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་ཙོང་ཁ་པ་སོགས་བླ་མར་བསྟེན་ནས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན། ཞེ་བདུན་པ་ལྕགས་ཕག་ལོར་རྗེ་ཙོང་པའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་མངའ་གསོལ་ནས་རྗེ་བདག་ཉིད་ཆེན་པོའི་མདོ་སྔགས་ཀྱི་བཤད་སྲོལ་ཐུན་མོང་མ་ཡིན་པ་རྣམས་ལ་རིགས་པའི་ཟུར་ཕྲ་མོ་ཙམ་ཡང་གཞན་དང་མ་འདྲེས་པར་འཆད་རྩོད་རྩོམ་གསུམ་གྱིས་རྗེའི་རིང་ལུགས་འཛིན་པ་རྣམས་སྤྲོ་བ་བསྐྱེད་ཅིང་། ལུང་རིགས་ཁས་མི་ལེན་ཞིང་མདོ་རྒྱུད་ཚད་མར་མི་འཛིན་པའི་ཟོག་པོ་སྨིན་མ་གཟེངས་མཐོ་བའི་ལྟ་སྟངས་ཅན་སྤྱི་བརྟོལ་སྨྲ་བ་རྣམས་ཞུམ་ཞིང་སྤ་བཀོང་བར་མཛད་དེ་ཁྲིར་ལོ་བརྒྱད་བཞུགས།  རབ་བྱུང་བདུན་པའི་ཤིང་སྟག(སྤྱི་ལོ༡༤༣༤)ལོར་དུས་འཁོར་ཊཱིཀ་ཆེན་དེ་ཉིད་སྣང་བ་མཛད་ནས། སྐར་རྩིས་ཀྱི་ས་རིས་ལག་ལེན་དང་བཅས་པ་ཆེས་ཆེར་གསལ་བར་བྱས། དགུང་ལོ་ང་བཞི་བ་རབ་བྱུང་བདུན་པའི་ས་རྟ(སྤྱི་ལོ༡༤༣༨)ལོར་ཞིང་གཞན་དུ་བཤེགས་སོ། །དེ་ནས་བྱང་བ་རྣམ་རྒྱལ་གྲགས་བཟང་གིས་དུས་འཁོར་དཀའ་གནས་ཀྱི་དྲིས་ལན་རིན་ཆེན་ཕྲེང་བ། རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་བླག་ཏུ་འཇུག་པ། མངའ་རིས་ཕྱོགས་ལས་རྣམ་རྒྱལ་གྱིས་གོ་ལ་འཁོར་ཚུལ་བསྒྲོད་པའི་རི་མོ། ཀ་ར་མྱང་རྩིས་དང་ལོ་འཕོ་དང་ལོ་བདག་གཟའི་འཕོ་རྩིས། ཇོ་ནང་བ་རྟོག་ལྡན་བློ་གྲོས་བཟང་བོས་གྲུབ་རྩིས་རྣམ་དག་རིན་པོ་ཆེའི་གཏེར།  རྩིས་ཀྱི་བསྟན་བཅོས་དྲི་མེད་འོད་རྒྱན།  རྩིས་ཀྱི་སྔོན་འགྲོ་ལག་ལེན། ལོའི་རྣམ་བཞག །སྐར་མའི་མིང་གྲངས།  རྩིས་ཀྱི་ཉེར་མཁོ།  ཕྱི་ནང་གཞན་གསུམ་རྩིས་ཀྱི་འབྲས་རྩིས།  སྟག་ཕུ་བ་བློ་གྲོས་དཔལ་ལྡན་པས་མཁས་པ་དགའ་བྱེད་ཀྱི་དཀའ་གནད་ཟིན་བྲིས། དུས་འཁོར་ལས་འཇིག་རྟེན་ཁམས་ཀྱི་ཚད་ལ་སོགས་པ་མཛད་ནས་དར་བར་བྱས། འགོས་ལོ་གཞོན་ནུ་དཔལ་བ་ནི་རབ་བྱུང་བདུན་པའི་ཆུ་སྤྲེལ(སྤྱི་ལོ༡༣༩༢)ལོར་ལྷོ་ཁ་འཕྱོངས་རྒྱས་ཁུལ་དུ་འཁྲུངས།  ཆུང་དུས་ནས་བསྟན་པའི་སྒོར་ཞུགས་ཤིང་མཁན་པོ་སངས་རྒྱས་དཔལ་བ་དང་།  སློབ་དཔོན་ཤེས་རབ་དར་རྒྱས།  མཁན་པོ་བསམ་བཟང་པ།  དགེ་བཤེས་བསྟན་འཛིན་དོན་གྲུབ་སོགས་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཛད།  དགུང་ལོ་ཉེར་བརྒྱད་པར་རྗེ་ཙོང་ཁ་པ་དང་མཇལ་ནས་བཀའ་གདམས་ལམ་རིམ་དང་།   དབུ་མ།  ནཱ་རོ་ཆོས་དྲུག་བཅས་གསན།  གཞན་ཡང་སྤྱན་སྔ་རིན་ཆེན་འཕེལ།  ཤངས་པ་ཀུན་མཁྱེན་སོགས་སྐབས་དེར་བོད་དུ་ཡོངས་སུ་གྲགས་པའི་མཁས་པ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན།   ཁྱད་པར་དུ་ཤངས་པ་ཀུན་མཁྱེན་དང་སྐྱང་ཆེན་པ་ཤཱཀྱ་ཤྲཱིའི་དྲུང་ནས་དུས་འཁོར་རྒྱུད་འགྲེལ་སྐར་རྩིས་དང་བཅས་པ།  སྣར་ཐར་པ་སངྒྷ་ཤྲཱི་ལས་སྒྲ་རིག་པའི་སྐོར་གསན་པ་སོགས་མདོར་ན་བླ་མ་དྲུག་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་།  སྐུ་གཞོན་དུས་ནས་སྐུ་ན་མཐོན་པོར་མ་སླེབས་ཀྱི་བར་ཉིན་ལྟར་ཤོག་བུ་མདའ་ཚད་མ་བཅོ་ལྔ་རེ་ཆག་མེད་དུ་བློར་འཛིན་གནང་ཐུབ།  ཕྱི་རབས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་གསུང་རྩོམ་པོད་བཅུ་ཙམ་མཛད་པ་ལས་སྐར་རྩིས་ཀྱི་སྐོར་དགུང་ལོ་དོན་གསུམ་པ་ཤིང་སྤྲེལ(སྤྱི་ལོ༡༤༦༤)ལོར་རྩིས་ཀྱི་བསྟན་བཅོས་འཁྲུལ་སེལ་དང་།  དུས་འཁོར་དཀའ་འགྲེལ་སོགས་ཡོད།  དགུང་ལོ་དགུ་བཅུ་པ་རབ་བྱུང་བརྒྱད་པའི་ལྕགས་གླང(སྤྱི་ལོ༡༤༨༡)ལོར་སྐུ་གཤེགས་སོ།  །
  རབ་བྱུང་པའི་མེ་ཡོས(སྤྱི་ལོ༡༤༤༧)ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་ཀརྨ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་རྩིས་གཞུང་ཆེན་པོ་མཛད་དེ་མཚུར་ལུགས་ཀྱི་སྲོལ་བཏོད་ནས་མཚུར་ཕུའི་ལོ་ཐོ་ཞེས་པ་བཏོན་པས་དུས་ཕྱིས་བར་དུ་དབུས་གཙང་དུ་དར་ཁྱབ་ཆེ། དེ་མཚུངས་ལྷོ་ཁ་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལ་ཤིན་ཏུ་མཁས་ཤིང་ཁྱད་པར་སྐར་རྩིས་ལ་མཆོག་ཏུ་མཁས་པའི་རྒྱ་མཚོ་རྣམ་གསུམ་ཞེས་མཚན་སྙན་འབྲུག་ལྟར་གྲགས་པ་དེ་དག་ནི་གཙང་ཆུང་གྲགས་རྒྱ་མཚོ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་གསུམ་ཡིན་ལ།  རབ་བྱུང་བརྒྱད་པའི་མེ་ཡོས(སྤྱི་ལོ༡༤༤༧)ལོར་ཕུག་པ་ལྷུན་གྲུབ་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་པད་མ་དཀར་པོའི་ཞལ་ལུང་། དབྱངས་འཆར་འགྲེལ་བ་མཆོག་དགའ། ཆུ་མིག་ཀླུ་མཚོའི་རེའུ་མིག །དྲག་གཟའ་གསུམ་གྱི་དལ་དག །སྐར་མའི་རྐང་བའི་རེའུ་མིག །ཆུ་ཚོད་ཀྱི་རེའུ་མིག །དཀྱིལ་འཁོར་མཐར་སྤེལ་བར་བྱས་པའི་རེའུ་མིག་རྒྱ་མཚོ་སྟེ་རེའུ་མིག་རྒྱས་འབྲིང་བསྡུས་གསུམ།  ཞི་གཟའ་གཉིས་ཀྱི་རྐང་བའི་རེའུ་མིག་སོགས་ཀྱང་རྒྱས་འབྲིང་བསྡུས་གསུམ། གཟའ་ལྔ་ལ་ཐུན་མོང་དུ་མཁོ་བའི་རེའུ་མིག་མན་ངག་གི་ཡིག་ཆུང་དང་བཅས་པ། གཟའ་ལྔའི་མྱུར་དག་ཚེགས་མེད་དུ་བསྒྲུབ་པའི་རེའུ་མིག་དང་བཅས་པ། སྤྱིར་རྩིས་ཀྱི་ཚུལ་ལ་ངེས་པ་རྙེད་པ་ལ་མེད་དུ་མི་རུང་བའི་ཡན་ལག་སྟོང་འཇུག་གི་རེའུ་མིག་ཁ་བྱང་གི་ཡིག་ཆུང་བཅས་པ་གསར་དུ་བརྩམས་ཤིང་། དེའི་སྟེང་དུ་སྔ་མ་དག་གིས་བཀོད་པ་ལྟར་ལྔ་བསྡུས། སྒྲ་གཅན་གྱི་རེའུ་མིག་རྣམས་ཀྱང་བསྣན། མཁས་པ་སྔ་མ་རྣམས་ཀྱིས་བརྩམས་པའི་རྩིས་གཞུང་ལ་ལ་འཐོར་བ་དང་། མི་གསལ་བ་དང་། མ་བཤད་པ་དང་། ལོག་པར་བཤད་པའི་ཆ་མཆིས་པ་རྣམས་དོར་ཏེ་ལེགས་པར་བཤད་པ་རྣམས་ཕྱོགས་གཅིག་ཏུ་བྱས་ནས་སྐར་རྩིས་ཀྱི་རིག་གནས་ཕྱོགས་ཀུན་དུ་དར་བར་བྱས། སྐར་རྩིས་ཀྱི་ལག་ལེན་ཆ་ཚང་བ་ཉི་མ་ལྟར་གསལ་བར་མཛད་པ་དེའི་རྗེས་སུ་འབྲངས་པ་ལ་ཕུག་ལུགས་ཞེས་ད་ལྟའི་བར་དུ་གྲགས་པ་བྱུང་། མཁས་གྲུབ་ནོར་བཟང་རྒྱ་མཚོས། པད་དཀར་ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག པད་དཀར་ཞལ་ལུང་ལས་གཟའ་རྣམས་སྟོང་པར་འཇུག་པའི་ལྷན་ཐབས། རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་གཞུང་མང་པོ་དང་། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་སོགས་མཛད་དེ་སྐར་རྩིས་ཀྱི་རི་མོ་ལག་ལེན་དང་བཅས་པ་ཤིན་ཏུ་སྟབས་བདེ་བ་གོ་བདེ་བར་མཛད་ནས།  རྩིས་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བཙུགས་ཏེ་དུས་སྦྱོར་བརྟག་པའི་སྲོལ་ཡང་རྒྱ་ཆེར་ཕྱེས་སོ། ། མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི་རབ་བྱུང་བདུན་པའི་ཆུ་ཡོས(སྤྱི་ལོ༡༤༢༣)ལོར་སྐུ་བལྟམས་ནས་དགུང་ལོ་དགུ་བཅུ་གོ་གཅིག་བཞུགས། གཙང་ཆུང་ཆོས་གྲགས་རྒྱ་མཚོ་དང་རྒྱལ་བ་དགེ་འདུན་གྲུབ་སོགས་བླ་མ་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་མཐའ་དག་ལ་སྦྱངས་ཏེ་མཁས་པའི་དབང་པོ་འགྲན་ཟླ་དང་བྲལ་བ་རྩིས་ལ་མཆོག་ཏུ་མཁས་པར་གྲགས་སོ། ། དེ་ནས་ཕུག་པ་དཔལ་མགོན་འཕྲིན་ལས་ཀྱིས་ཞལ་ལུང་མཛེས་རྒྱན་དང་། ཞག་གསུམ་གྱི་རྣམ་དབྱེ་མཁས་པའི་ཡིད་འཕྲོག  །འབྲས་རྩིས་རིན་ཆེན་ཕྲེང་བ་སོགས་བརྩམས་ནས་ཕུག་ལུགས་ཕྱི་མའི་སྲོལ་བཏོད།  འདི་ལ་རྗེས་རབས་པས་དགག་པ་བཏང་ཡོད།  ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྟན་རྩིས་ཉུང་ངུ་རབ་གསལ། བསྟན་རྩིས་མཁས་པའི་ཁ་རྒྱན། རབ་བྱུང་དགུ་པའི་མེ་བྱ(སྤྱི་ལོ༡༥༡༦)ལོར་རྩིས་ཀྱི་རྣམ་བཞག་རབ་བརྟན་གསལ་བའི་སྒྲོན་མེ།  བྱམས་པ་ལྷན་བཙུན་གྲགས་པས་དུས་འཁོར་བསྟན་རྩིས་དང་། གྲུབ་རྩིས་ཀྱི་རྣམ་བཞག་སོགས་བརྩམས།
    དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི་ཤིང་བྱི(སྤྱི་ལོ༡༥༠༤)ལོར་ལྷ་ས་སྙེ་ཐང་ནས་སྐུ་འཁྲུངས། དགུང་ལོ་ལྔ་ལ་དགེ་བསྙེན་ཆ་ལུང་པས་དཔའ་བོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་ཕྲེང་གཉིས་པར་ངོས་འཛིན་ཞུས་ཏེ་ལྷོ་བྲག་གྲོ་བོ་དགོན་པའི་གདན་སར་བཀོད། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་དགེ་རྒན་ཏུ་བསྟེན་ནས་བོད་ཡིག་འབྲི་ཀློག་བསླབས། དགུང་ལོ་དགུ་པར་ཀརྨ་ཞྭ་དམར་བ་ཆོས་ཀྱི་གྲགས་པའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་མི་ཕམ་ཆོས་ཀྱི་རྒྱ་མཚོར་བཏགས། བཅུ་གཉིས་ལ་ཤར་དྭགས་པོ་པཎྜི་ཏ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན།  དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་པོའི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་གསན་ཅིང་། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་ལ་ཀརྨ་མི་བསྐྱོད་རྡོ་རྗེ་དང་མཇལ་ནས་ཆོས་འབྲེལ་ཞུས་ཤིང་མཚན་ལ་དཔལ་གཙུག་ལག་ཕྲེང་བ་ཞེས་བཏགས། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱོང་མང་ཆེ་བ་བླ་མ་འདིའི་དྲུང་དུ་མཛད་དེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། རང་ལོ་སོ་བདུན་པ་ལྕགས་བྱི(སྤྱི་ལོ༡༥༤༠)ལོར་རྩིས་ཀུན་ལས་བཏུས་པའི་རྒྱས་འགྲེལ་རིན་ཆེན་གཏེར་མཛོད་དང་། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་ཞེས་བྱ་བའི་ཚིག་ལེའུ་བྱས་པ། ཆུ་ཁྱི(སྤྱི་ལོ༡༥༦༢)ལོར་རྩིས་ཀུན་ལས་བཏུས་པའི་ འདས་ལོའི་རེའུ་མིག་གསལ་བར་བྱེད་པ་བཀླགས་པས་གྲུབ་པ་ཆེན་པ་ཆེན་པོ་རྣམས་བརྩམས། དགུང་ལོ་རེ་གསུམ་པ་རབ་བྱུང་དགུ་པའི་མེ་སྟག(སྤྱི་ལོ༡༥༦༦)ལོར་སྐུ་གཤེགས་སོ། །
   དེ་ནས་འབྲུག་པ་པད་མ་དཀར་པོས་དབྱངས་འཆར་འགྲེལ་བ་གཞན་ཕན་ངོ་མཚར་རྒྱན་གྱི་མེ་ཏོག  རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་འཁོར་གསལ་བྱེད། བག་རྩིས་སྔོན་མེད་ལྗོན་ཤིང་། སྤྱིར་གཟའ་ཐམས་ཅད་སྟོང་བར་འཇུག་ཚུལ་སོགས་དང་།  རབ་ཕྱོགས་ལྕགས་བྱི(སྤྱི་ལོ༡༦༠༠)ལོར་ལྡུམ་བུ་མ་ཎི་པས་གཟའ་ལྔ་ཚེས་ལ་སྤྱོད་ཚུལ་མཁས་པའི་ཡིད་འཕྲོག་མེ་ཏོག་འཕྲེང་བ། ལྡུམ་པོ་ཀུན་དགའ་དབང་རྒྱལ་གྱིས་གཟའ་ཚེས་སྤྱོད་པའི་རྩིས་གཞི་རབ་བྱུང་བཅུ་གཅིག་པར་སྤོས་པ་སོགས་བརྩམས། རབ་ཕྱོགས་ཤིང་བྱི(སྤྱི་ལོ༡༦༢༤)ལོར་དཔལ་མགོན་འཕྲིན་ལས་རབ་རྒྱས་ཀྱིས་རྩིས་དཀར་ནག་གི་དྲི་བ་ཕུལ་བར། རབ་དྲག་མེ་སྤྲེལ(སྤྱི་ལོ༡༦༥༦)ལོར་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་རྩིས་སྐར་ནག་གི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་མཛད། མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱིས་རྩིས་གཞུང་མུན་སེལ་སྒྲོན་མེ། གྲུབ་རྩིས་ལག་ལེན། རྟག་ལོངས་རེའུ་མིག འབྲས་རྩིས་ལེགས་བཤད་ཀུན་འདུས། རྩིས་གཞུང་བླང་དོར་གསལ་བའི་འོད་ཟེར་སོགས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་རབ་ཉི་མེ་སྤྲེལ(སྤྱི་ལོ༡༧༡༦)ལོར་བསྟན་རྩིས་ཉི་འོད་བཀྲ་བ་དང་བསྟན་རྩིས་རེའུ་མིག་སོགས་མཛད།
  སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་རབ་དྲག་ཆུ་སྤྲེལ་(སྤྱི་ལོ༡༦༥༣)ལོར་ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས།  དགུང་ལོ་བརྒྱད་པ་ནས་བཟུང་རྒྱལ་དབང་ལྔ་པའི་ཞལ་མཇལ་གསུང་གི་བདུད་རྩིར་ངོམས་མེད་དུ་ལོངས་སུ་སྤྱད་པ་དང་། སྔ་ཕྱིར་མཁས་དབང་དཔལ་ལྡན་ཕུན་ཚོགས་ལས་མིང་ཚིག་བརྗོད་གཞི་ ཡི་གེ་དང་། འདར་བ་ལོ་ཙཱ་བ་ལས་སྐར་རྩིས་དང་། སྒྲ་རིག་པ། སུམ་རྟགས། ལུ་མགོ་བླ་མཁྱེན་ངག་གི་དབང་པོ་ལས་དཔལ་དབྱངས་འཆར་བའི་རྒྱུད་ཀྱི་འགྲེལ་བ་རྣམས་དང་། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ལས་སྨན་དཔྱད་སྐོར་སོགས་གསན་ནས་རིག་གནས་རྒྱ་མཚོའི་ཕ་རོལ་དུ་སོན་པའི་པཎྜི་ཏར་གྱུར། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་པས་སྲིད་ཀྱི་དབང་བསྐུར་ཏེ་སྡེ་སྲིད་ཀྱི་འགན་བཞེས། སྒྲ་སྙན་ངག་གསོ་རིག་ལ་སོགས་པའི་བསྟན་བཅོས་པོད་ཉེར་དྲུག་ཙམ་མཛད་ལ། ཁྱད་པར་དུ་རབ་དྲག་ཆུ་ཕག(སྤྱི་ལོ༡༦༨༣)ལོར་སྐར་ནག་དབྱངས་གསུམ་གྱི་དོན་བསྡུས་པ་ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བེེཌཱུར་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་ཞེས་པའི་སྔོན་མེད་ཀྱི་བསྟན་བཅོས་བཀའ་རྩོམ་མཛད།  བོད་ཁམས་ཡོངས་ཀྱི་རྩིས་པ་ཚང་མས་འདྲི་ཞིང་རྩོད་པས་དོགས་གཅོད་དགོས་པའི་གསུང་བསྐུལ་མཛད་པར་བརྟེན། མཁས་པ་ཆེན་པོ་ལུ་མགོ་བླ་མཁྱེན་ངག་དབང་གིས་དཀའ་གནས་ཀྱི་དྲི་བ་ཉིས་བརྒྱ་དང་བརྒྱད་ཕུལ་བ་ལ། ལུང་རིགས་མན་ངག་གིས་ཐེ་ཚོམ་གཅོད་པའི་བསྟན་བཅོས་བེེཌཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་པ་མཛད། དེ་ནས་བཟུང་རྩིས་པ་ཚང་མས་ཚད་ལྡན་དུ་འཛིན། མཁས་གྲུབ་ཆེན་པོ་འཇིགས་མེད་གླིང་པས་ཀྱང་། སྟོན་པ་འཁྲུངས་པའི་ལོ་ཟླ་ལ་རྒྱ་བལ་ཁ་ཆེའི་པཎྜི་ཏ་མང་པོ་ཞལ་མ་འཆམ་པའི་འདོད་ཕྱོགས་ཐ་དད་ཡོད་ཀྱང་། འདིར་ནི་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་དྷྲུ་ཝ་ཡར་སློག་གི་དུས་ཚིགས་བརྟག་པའི་འགྲོས་ཅན་དང་སྒོ་བསྟུན་ནས་རྣམ་པར་དཔྱད་པའི་རྗེས་སུ་འབྲངས་པའི་ལེགས་བཤད་བེེཌཱུར་དཀར་པོ་ཞེས་པ་པད་དཀར་ཞལ་ལུང་ལ་ཅོ་འདྲི་བ་དང་། ཞེས་སོགས་ཚད་ཐུབ་ཀྱི་ཁུངས་སུ་མཛད་ཅིང་བསྔགས་བརྗོད་ཆེ། སྔ་ཕྱིར་ལྷ་ས་དང་སྡེ་དགེ་སོགས་སུ་ཤིང་པར་བསྐོས་ཡོད། གཞན་ཡང་ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།  དུ་བ་མཇུག་རིང་བརྩི་ཚུལ་རྒྱུད་འགྲེལ་དགོངས་པ་རབ་གསལ་བློ་གསལ་གཞོན་ནུ་དགའ་བསྐྱེད་ཀྱི་འགྲེལ་པ། དུས་སྦྱོར་གསལ་བའི་མེ་ལོང་། དབྱངས་གསལ་འབྱེད་པའི་ལྡེ་མིག  ཤོག་ཁྲ་མཐོང་བས་རབ་གྲོལ་སོགས་དང་། བེེ་དཀར་བུ་དཔེ་ཉེར་མཁོའི་རེའུ་མིག་གི་སྐོར་པོད་མང་པོ་སོགས་རྩོམ་འབྲི་གནང་། དགུང་ལོ་ང་གསུམ་པ་ཤིང་བྱ(སྤྱི་ལོ༡༧༠༥)པར་ལྷ་བཟང་ཁང་གིས་བཀྲོངས་སོ། །
  རབ་དྲག་ཤིང་རྟ(སྤྱི་ལོ༡༦༥༤)ལོར་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་མཆོག་སྐུ་འཁྲུངས། རྗེ་གཏེར་ཆེན་བླ་མ་དང་། གཅེན་རྒྱལ་སྲས་རིན་པོ་ཆེ། གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་སོགས་བསྟེན་ནས་སྒྲ་ཀ་ལཱ་པ་དང་། སྡེབ་སྦྱོར། མདོ་སྔགས་རིག་པའི་གནས་ལ་ཐོས་པ་བྱས། དགུང་ལོ་བཅུ་བདུན་པར་སྨིན་གྲོལ་གླིང་གི་ཆོས་གྲྭར་ཞུགས་ཏེ་ཕར་ཕྱིན། ས་པཎ་གྱི་སྡོམ་གསུམ། བླ་མ་རྒྱལ་བའི་དགེ་སློང་གི་བསླབ་བྱ་སོགས་གསན། ཁྱད་པར་དུ་རྩིས་རིག་པ་ཆེན་པོ་དོན་གྲུབ་དབང་རྒྱལ་གྱི་དྲུང་ནས་ཞལ་ལུང་མ་བུའི་སྟེང་ནས་སྦྱངས་པས་སྐར་རྩིས་ཀྱི་ས་རིས་གོ་དོན་དང་བཅས་པ་ཐུགས་སུ་ཆུད། དགུང་ལོ་ཉི་ཤུ་པར་གོང་ས་ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས། རབ་ཉི་ཤིང་རྟ་ལོར་(སྤྱི་ལོ༡༧༡༤)རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་དང་། དེའི་ཕྱི་ལོ་ནས་རྣམ་འགྲེལ་གསེར་གྱི་ཤིང་རྟ་མཛད། གཞན་རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་འཕྲེང་བ། སྐར་རྩིས་ཀྱི་གྲུབ་མཐའ་གཏན་འབེབས་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། བེེ་དཀར་དཀའ་གནད་ཀྱི་དོགས་སེལ་ཞུ་རྒྱུ་དད་པའི་མེ་ཏོག་ལན་དང་བཅས་པ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་སོགས་བརྩམས། སྨིན་གླིང་རང་དུ་སྨན་རྩིས་ཀྱི་གཙོས་པའི་རིག་གནས་སློབ་གྲྭ་བཙུགས།  སྨིན་གླིང་ལོ་ཐོ་ཞེས་སྐད་གྲགས་ཅན་དེ་བཏོན་ནས་བར་སྐབས་སུ་དབུས་གཙང་ཁུལ་དུ་ལོ་ཐོ་འདི་གཙོ་བོར་གནང་སྲོལ་ཡོད་པ་རེད། མཐར་དགུང་ལོ་རེ་གསུམ་པ་རབ་ཉི་མེ་བྱ(སྤྱི་ལོ༡༧༡༧)ལོར་ཞིང་གཞན་དུ་གཤེགས་སོ།  ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་བསྟན་རྩིས་འཕྲོས་དོན་དང་བཅས་པ། ཤམྦྷ་ལའི་རྒྱལ་རབས་དང་སྐར་རྩིས་སྐོར་འགའ་ཞིག ལོ་དང་སྤར་སྨེའི་རེའུ་མིག་གི་སྐོར་དང་། རྩིས་ཀྱི་ལྡེ་མིག་གི་སྐོར་དོན་གསལ་སོགས་མཛད། །
  མདོ་ཁམས་སྟོད་དུ་ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་ནག་ནས་ད་ལྟ་ང་ཚོའི་ལོ་ཐོ་ནང་བེད་སྤྱོད་བྱེད་བཞིན་པའི་གླང་རྩིས་སོགས་སྐོར་འགའ་ཞིག་བསྒྱུར་བ་དང་། རྒྱ་གར་དང་བལ་ཡུལ་ནས་འབྲས་རྩིས་སོགས་བསྒྱུར། དཔལ་སྤུངས་དགོན་དུ་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས། མཚུར་ལུགས་གཙོ་བོར་བྱེད་པའི་གཞུང་ལུགས་དང་ལག་ལེན་དར་སྤེལ་གནང་བ་རེད། རབ་ཉི་ཆུ་བྱི(སྤྱི་ལོ༡༧༣༢)ལོར་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་གཙུག་ལག་རྩིས་རིགས་ཚང་མའི་ལག་ལེན་འཁྲུལ་མེད་མུན་སེལ་ཉེར་མཁོའི་འདོད་པ་འཇོ་བའི་བུམ་བཟང་ཞེས་པ་དང་། རྩིས་ཀྱི་ལག་ལེན་ཉེར་མཁོའི་བུམ་བཟང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་སོགས་བརྩམས། དཔལ་སྤུངས་ལོ་ཐོ་ཤིན་ཏུ་རྒྱས་པ་བཏོན། རབ་ཉི་ཤིང་སྟག(སྤྱི་ལོ༡༧༣༤)ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་རྩིས་གཞུང་ལེགས་བཤད་ནོར་ཕྲེང་དང་། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འབྱུང་རྩིས་ལོ་མགོ་འཛིན་ཚུལ་སོགས་ལས་བརྩམས་པའི་དྲིས་ལན།  དུས་སྦྱོར་པད་ཚད་འབྱེད་པའི་ཉི་གཞོན། ཚེ་རྩིས་སོགས་བརྩམས།
  སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ནི་རབ་ཉི་ཤིང་སྤྲེལ(སྤྱི་ལོ༡༧༠༤)ལོར་མཚོ་སྔོན་གཡས་རུའི་ཐོ་ལི་ཞེས་པར་སྐུ་བལྟམས། ཆུང་དུས་ནས་དགོན་ལུང་དུ་ཐོས་བསམ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གསན་སྦྱོང་མཛད་ནས་གཞུང་ལུགས་རབ་འབྱམས་ལ་མཁས་པར་གྱུར། འབྲས་ཡུལ་སྐྱེད་ཚལ་གྱི་མཁན་པོར་བཞུགས། ལྕགས་ཕག་ལོར་དགོན་ལུང་དུ་ཕྱིར་ཕེབས། མེ་སྦྲུལ་ལོར་གོང་མ་ཆན་ལུང་རྒྱལ་པོས་པེ་ཅིང་དུ་གདན་དྲངས། རབ་འདོད་མེ་ཡོས་(སྤྱི་ལོ༡༧༤༧)ལོར་སྐར་ནག་རྩིས་ཀྱི་སྙིང་ནོར་ཉུང་འདུས་གསལ་མེ་ལོང(ཕུག་ལུགས)་དང་། སྟོང་ཆེན་འདས་ལོ་གསར་སྤེལ་གྱི་རྩིས་གཞུང་རྩིས་ཀྱི་བསྟན་བཅོས་ཀུན་གསལ་མེ་ལོང་གི་བུ་གཞུང་ཟླ་བསིལ་རྩི་སྦྱོར་དགེ་ལྡན་རྩིས་གསར། དགེ་ལྡན་རྩིས་གསར་གྱི་རི་མོ་འབྲི་ཚུལ་གཉིད་སློང་གླུ་དབྱངས། གཟའ་དག ཚེ་རྩིས། དུས་སྦྱོར། གཟའ་ལྔ། བོད་དར་འབྱུང་རྩིས་རྡེའུ་བཅུ་གསུམ་པའི་རེའུ་མིག་མཐོང་དགས་འཛུམ་འཆོར་སོགས་བརྩམས་ནས་དར་བར་མཛད། དགུང་ལོ་གྱ་ལྔ་བ་ས་སྤྲེལ(སྤྱི་ལོ༡༧༨༨)ལོར་འདས། དེ་དང་དུས་མཚུངས་སུ་གོ་ཤྲཱི་བློ་བཟང་མི་འགྱུར་རྡོ་རྗེས་ཀྱང་སྟོང་ཆེན་འདས་ལོ་གསར་སྤེལ་གྱི་རྩིས་གཞུང་ཡང་གསལ་སྒྲོན་མེ་ཞེས་པའི་སྔོན་མེད་བསྟན་བཅོས་བརྩམས།
  རབ་ཉི་ཆུ་འབྲུག(སྤྱི་ལོ༡༧༡༢)ལོར་རྔ་རྒོད་ནམ་མཁའ་སེང་གེ་མདོ་སྨད་དུ་སྐུ་འཁྲུངས། རབ་འབྱམས་པ་བློ་བཟང་དཔལ་འབྱོར་ལས་དབང་དང་གདམས་པ་མང་དུ་གསན། རྩིས་རིག་པ་བསོད་ནམས་རྒྱལ་མཚན་ལས་སྒྲ་དབྱངས་ཅན་མ་དང་། སྐར་རྩིས། ནག་རྩིས་སོགས་སྦྱངས།  ས་རིས་གོ་དོན་དང་བཅས་པ་ཐུགས་སུ་ཆུད་ནས་རྩིས་ཀྱི་བསྟན་བཅོས་བརྩམས་པའི་རྣམ་གྲངས་ལ། སྐར་རྩིས་ཀྱི་སྔོན་འགྲོ། ལྔ་བསྡུས་སོགས་ཀྱི་རྩིས་གཞི་གསར་སྤོས་བེེ་དཀར་ལས་འཕྲོས་བདུད་རྩིའི་ཟེགས་མ། ལས་རྩིས་ཟུར་བཀོད་ཕན་བདེའི་དཔལ་སྟེར། ཀེག་རྩིས་ཀྱི་ལྡེ་མིག  ཐང་ཤིང་རིང་མོའི་རྩིས་ལས་ལེགས་པར་བཏུས་པ། བེེ་དཀར་བག་རྩིས་ལས་ཉུང་ངུར་བསྡུས་པ་གསལ་བྱེད་མེ་ལོང་། སྐར་ཡིག་དགོས་འདོད་ཀུན་སྟེར་བློ་གསལ་དགའ་བསྐྱེད་བླང་དོར་ཀུན་གསལ་མེ་ལོང་སོགས་ཡོད། དགུང་ལོ་རེ་དགུ་བ་ལྕགས་བྱི(སྤྱི་ལོ༡༧༨༠)་ལོར་གཤེགས། དེ་ནས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས། སྐར་རྩིས་ལས་བྱུང་བའི་མིང་གི་རྣམ་གྲངས། མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པས་ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན། རབ་འདོད་ཆུ་བྱ(སྤྱི་ལོ༡༧༥༣)་ལོར་འཕྱོངས་རྒྱས་མཁན་པོ་བསྟན་འཛིན་རྒྱ་མཚོས་རྩིས་གཞུང་བེེཌཱུར་བཞད་པའི་འཛུམ་དཀར་སོགས་བརྩམས། བོད་མཁས་དང་འཕྱོངས་རྒྱས་པ་རྣམ་གཉིས་ཀྱིས་གཙང་ཁུལ་དང་། ལྷོ་ཁ་ཁུལ་གྱི་རྩིས་རིག་ཡར་རྒྱས་སུ་བཏང་བ་རེད།
  ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས(སྤྱི་ལོ༡༧༤༠ནས་༡༨༡༠)ཀྱིས་གྲུབ་མཐའ་རྩིས་ལྔ་བསྡུས་ཀྱི་རྣམ་བཤད་བཀྲ་ཤིས་ཆར་འབེབས། ལྔ་བསྡུས་ཀྱི་མྱུར་རྩིས་བྱ་ཚུལ་བཀྲ་ཤིས་རབ་རྒྱས། ལོ་ཟླ་སོགས་ལས་བརྩམས་པའི་རྩིས་སྐོར་འགའ་ཞིག་གི་བཤད་པ་བཀྲ་ཤིས་དཔལ་སྟེར། ལོ་བདག་སྐར་མ་ངོས་འཛིན་བཀྲ་ཤིས་སྙེ་མ། དགེ་ལྡན་རྩིས་གསར་གྱི་ལྔ་བསྡུས་བཀྲ་ཤིས་མཆོག་སྟེར།  བྱེད་རྩིས་ལྔ་བསྡུས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་ཉིན་བྱེད། ལྔ་བསྡུས་ཀྱི་འབྲས་བཤད་བཀྲ་ཤིས་ཟླ་གསར། རྩིས་སྐོར་ཐོར་བུ་འགའ་ཞིག་གི་བཤད་པ་བཀྲ་ཤིས་སྨན་ལྗོངས། འབྱུང་རྩིས་ལུགས་ཀྱི་ལོ་གེག་བརྟག་པ་མན་ངག་དོན་བསྡུས། ཐང་ཤིང་གི་བརྟག་པ་གསལ་བའི་མེ་ལོང་། རྩིས་སྐོར་ལས་བརྩམས་པའི་བརྗེད་བྱང་།  ལྕགས་བྱ་ལོའི་ལོ་ཐོ་བཀྲ་ཤིས་དོན་གྲུབ།  ཁྱིམ་པ་གྲོགས་སྡེབ་ཀྱི་བག་རྩིས་བཀྲ་ཤིས་ལྗོན་བཟང་སོགས་དང་། རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་གྱིས་རབ་འདོད་ས་ཕག(སྤྱི་ལོ༡༧༧༩)ལོར་རྩིས་འགོ་འཛིན་པའི་གཞུང་རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བའི་རྒྱན་མཆོག   མཛོད་དགེ་བློ་བཟང་དཀོན་མཆོག་གིས་དུས་འཁོར་རྩིས་ཀྱི་ཚུལ་ལས་བརྗོད་པའི་གཏམ་འོད་སྣང་མཐོང་འཇུག་སོགས་བརྩམས།
  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི། རབ་ཉི་མེ་སྦྲུལ(སྤྱི་ལོ༡༧༣༧)ལོར་མདོ་སྨད་ལང་གྲུའི་ཕྱོགས་གཏོགས་དཔའ་རིས་ཕུན་ཚོགས་ལུང་བར་གྲགས་པ་དེར་པྲ་སྟིའི་རིགས་སུ་སྐུ་འཁྲུངས། སུམ་པ་མཁན་ཆེན་ལས་རབ་ཏུ་བྱུང་། དགོན་ལུང་ཆོས་གྲྭར་ཞུགས་ཏེ་ཐུགས་རིག་འགྲན་ཟླ་མེད་པས་བསླབ་སྦྱངས་ཀྱིས་རྩེར་སོན། ལྕང་སྐྱ་ཐམས་ཅད་མཁྱེན་པ་ལས་དགེ་ཚུལ་དང་བསྙེན་རྫོགས་བསྒྲུབས། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་དགེ་རྒན་དུ་བསྟེན་ནས་བཀའ་པོད་ཡོངས་ལ་སྦྱངས་པ་མཐར་སོན། རབ་འདོད་མེ་འབྲུག(སྤྱི་ལོ༡༧༩༦)ལོར་སྟོང་ཆེན་འདས་ལོ་གསར་སྤེལ་གྱི་རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་དང་། དེའི་ཆ་ལག་རིན་ཆེན་སིལ་མ་སོགས་བརྩམས། གཞུང་འདིའི་དཀར་ཆག་རོང་པོའི་བིས་པ་ངག་དབང་མི་ཕམ་ཟླ་བས་མཛད་པའི་མཁས་པའི་སྙིང་ནོར་གྱི་དཀར་ཆག་ཆོས་དུང་གཡས་འཁྱིལ་ཞེས་པ་ཡོད། མཐར་དགུང་ལོ་རེ་དྲུག་པ་ཆུ་ཁྱི(སྤྱི་ལོ༡༨༠༢)ལོར་སྐུ་གཤེགས། དངུལ་ཆུ་དྷརྨ་བྷ་དྲས་ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི་མགྱོགས་རྩིས་བསྒྲུབ་ཚུལ་དང། འབྲས་རྩིས་མདོར་བསྡུས། དབྱངས་ཅན་གྲུབ་པའི་རྡོ་རྗེས་དགའ་ལྡན་རྩིས་གསར་གྱི་ཉི་ཟླ་སྒྲ་གཅན་འཇུག་ཚུལ་གནས་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན། རྩིས་ཀྱི་འཁོར་ལོའི་གསལ་བྱེད། ངོ་མཚར་རེའུ་མིག་གཟའ་ལྔའི་སྐོར་སྣ་དྲུག རྒྱ་ནག་ས་གླང་བརྟག་ཚུལ་ལེགས་བཤད་ཡོངས་འདུའི་ཤིང་དབང་སོགས་བརྩམས། རྩིས་རིག་སྨྲ་པའི་དབང་པོ་ར་རྒྱའི་ཕྱག་མཛོད་བྱམས་པ་གསུང་རབ་ནི་ཡབ་རྒྱབ་ཚང་ཙིག་དམར་དང་ཡུམ་དམར་སྐ་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཞེ་ལྔ་པ་ཡས་མས་སུ་མགོ་ལོག་ཨ་སྐྱོང་གོང་མའི་སྟོད་ཤོག་ཚོ་བའི་རྒྱབ་སྐྱོར་སྨད་པའི་འབྲོག་སྡེར་སྐུ་འཁྲུངས།  དགུང་ལོ་ཆུང་དུས་ནས་ཨ་རིག་ར་རྒྱ་དགོན་དུ་ཚོགས་ཞུགས་མཛད།  ཡི་གེ་འབྲི་ཀློག །དཔེ་ཆ་སྐྱོར་རྩོད།  བཅའ་འབུད་རྡུང་གསུམ།  གར་དབྱངས་ཐིག་གསུམ།  རྩིས་ཀྱི་རི་མོ་སོགས་སྦྱངས་པས་ཚེགས་མེད་དུ་མཁྱེན་པར་མ་ཟད།  རྒྱ་གར་དང་སོག་པོ།  རྒྱ་ནག་བཅས་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལའང་བྱང་ཆུབ་པར་གྱུར།  རྣམ་དཔྱོད་ཡངས་པས་ཤིང་བཟའ་པཎྜི་ཏའི་བླ་བྲང་གི་ཕྱག་མཛོད་དུ་བསྐོས།  ཨ་རིག་དགེ་བཤེས་ཆེན་མོ་དང་།  རྗེ་གསེར་ཁང་པ།  ཤིང་བཟའ་པཎ་ཆེན་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པར་མཛད།  རབ་ཡིད་མེ་ཕག(སྤྱི་ལོ༡༨༢༧)་ལོར་བསྟན་བཅོས་བེེཌཱུར་དཀར་པོ་དང་ཉིན་བྱེད་སྣང་བའི་དགོངས་དོན་གསལ་བར་སྟོན་པའི་རྩིས་གཞིའི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ་དང།  ནག་རྩིས་ཀྱི་སྔོན་འགྲོ།   དབྱངས་འཆར་གྱི་གཞུང་སོགས་མང་དུ་མཛད།
  རབ་ཡིད་ཆུ་བྱ(སྤྱི་ལོ༡༨༡༣)ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་གནས་མཆོག་པདྨ་ལྷ་རྩེའི་མདུན་རོལ་ཏུ་སྐུ་འཁྲུངས། ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། དཔལ་སྤུངས་སི་ཏུ་པད་མ་ཉིན་བྱེད་དབང་པོ། ཁམས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ལྔ་བཅུ་ཙམ་གྱི་ཞབས་ལ་གཏུགས་ནས་མདོ་རྒྱུད་བསྟན་བཅོས་མཐའ་དག་དང་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པར་མཁྱེན་པའི་ཉི་མ་ཤར།  རབ་ཡིད་ཆུ་བྱི(སྤྱི་ལོ༡༨༥༢)ལོར་རྩིས་ཀྱི་བསྟན་བཅོས་ཉེར་མཁོའི་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེ་བར་བསྡེབས་པ་ལེགས་བཤད་ཀུན་འདུས། ཙི་ནའི་ས་དཔྱད་གསར་འགྱུར་ལུགས་ཀྱི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཙི་ནའི་མཁས་པ་ཐར་མཆོག་དང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྒྱ་དཔེ་ལས་བསྒྱུར། རྒྱའི་ལུགས་ཀྱི་ས་གླང་བརྟག་པའི་བསྟན་བཅོས་དགེ་ལེགས་འདོད་པ་འཇོ་བའི་བ་མོ་སོགས་མཛད། དགུང་ལོ་གྱ་བདུན་པ་ས་ཕག(སྤྱི་ལོ༡༨༩༩)ལོར་གཤེགས་སོ། །
  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ནི་རབ་འདོད་ལྕགས་བྱ(སྤྱི་ལོ༡༨༠༡)ལོར་སྐུ་འཁྲུངས། དགུང་ལོ་ལྔ་པར་ཀུན་མཁྱེན་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོས་བྲག་དགོན་བློ་བཟང་ཤེས་རབ་ཀྱི་ཡང་སྤྲུལ་དུ་ཐག་བཅད་པ་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་ལས་རབ་ཏུ་བྱུང་། དགུ་བ་ནས་ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་བཀའ་པོད་ལ་སྦྱངས། དབུས་གཙང་དུ་ལན་གཉིས་ཙམ་ཕེབས་པ་དང་སྟག་ཕུ་ཡེ་ཤེས་རྒྱ་མཚོ་སོགས་བླ་མ་བཅུ་ཕྲག་གསུམ་ལྷག་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་སྦྱངས་པར་བྱ་བ་ཕལ་ཆེར་ཐུགས་སུ་ཆུད་པར་མཛད། ཆུ་སྦྲུལ(སྤྱི་ལོ༡༨༣༣)ལོར་མདོ་སྨད་ཆོས་འབྱུང་དེབ་ཐར་རྒྱ་མཚོ་རྩོམ་པའི་དབུ་བཙུགས་ནས་ཤིང་གླང(སྤྱི་ལོ༡༨༦༥)ལོར་བརྩམས་གྲུབ།  རབ་ཚེས་མེ་ཡོས་(སྤྱི་ལོ༡༨༦༧)ལོར་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིགས་ལྡན་མཆོད་པའི་འོད་སྣང་དང་། དེའི་ཟུར་བརྒྱན་རིན་ཆེན་སྒྲོམ་བུ་སོགས་བརྩམས། དྲུང་ཡིག་ཐུབ་བསྟན་རྒྱ་མཚོས་མ་ཧཱ་ཙི་ནའི་རྩིས་ཀྱི་ཚུལ་ལ་འཇུག་པའི་ཡི་གེ་འཇམ་དབྱངས་མཆོད་པའི་མེ་ཏོག་དང་།  མ་ཧཱ་ཙི་ནའི་རང་ལུགས་འབའ་ཞིག་ལས་འོངས་པའི་ཟླ་ཉི་སྒྲིབ་རྩིས་འཇམ་དབྱངས་འཛུམ་ཟེར།  འཇམ་དབྱངས་མཆོད་པའི་མེ་ཏོག་གི་ཟུར་འདེབས་བུང་བ་བཟི་བའི་ཅ་ཅོ་སོགས་དང་། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་རབ་ཡིད་ལྕགས་སྟག(སྤྱི་ལོ༡༨༣༠)ལོར་དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།  རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ལས་བསྟན་རྩིས་ཀྱི་མཆན་འགྲེལ།  མཛོད་བན་བསྟན་པ་རྒྱལ་མཚན་གྱིས་རབ་ཡིད་ཆུ་ཡོས(སྤྱི་ལོ༡༨༤༣)ལོར་རྩིས་ཀྱི་མན་ངག་དཔག་བསམ་ཡོངས་འདུའི་སྙེ་མ།  ཛ་སག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཉི་མས་དགེ་ལྡན་རྩིས་གསར་ལུགས་ཀྱི་རབ་ཚེས་རྩིས་འཕྲོ་གསར་བསྒྲིགས་བློ་གསལ་འདོད་འཇོ། འོ་རྫོང་བློ་བཟང་སྦྱིན་པས་རྩིས་གཞུང་རྣམ་གསལ་འོད་ཀྱི་ཐིག་ལེ། དེའི་བུ་དཔེ་རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའི་སྟོང་འཇུག་རི་མོ་གསལ་བར་བཤད་པ་དགེ་ལེགས་སྣང་བ་གསལ་བའི་སྒྲོན་མེ།  ཞག་གསུམ་རྣམ་དབྱེའི་རི་མོའི་ལག་ལེན་གསལ་བར་བཤད་པ་མཁས་པའི་མགུལ་རྒྱན། ཡུལ་དུས་བསྒྲིགས་པའི་ལག་ལེན་གསལ་བར་བཤད་པ་སྡེ་སྲིད་དགོངས་རྒྱན། རེའུ་མིག་མཁོ་ཆེ་བ་འགའ་གསར་དུ་བསྒྲུབ་ཚུལ་ལག་ལེན་གོ་བདེ་བློ་གསར་ཡིད་ཀྱི་དགའ་སྟོན། གཟའ་ལྔའི་སྤྱི་རྐང་རེའུ་མིག་བཅས་ཁག་ལྔ་ཡོད། དབྱངས་ཅན་གྲུབ་པའི་དབང་པོས་ཕུག་ལུགས་རབ་ཚེས་རྩིས་འཕྲོ་གསར་བསྒྲིགས་བློ་གསལ་བུང་བ་འདུས་པའི་རོལ་མཚོ། རབ་ཚེས་མེ་བྱ(སྤྱི་ལོ༡༨༩༧)ལོར་ཨ་ལག་ཤ་བྱམས་པ་བསྟན་དར་གྱིས་གཟའ་འཛིན་བརྟག་ཐབས་མཁས་པའི་བཞད་གད་བླུན་པོའི་ཡིད་འཕྲོག་ཅེས་པ་རྒྱ་རྩིས་དང་བསྟུན་ནས་ཉི་ཟླ་གཟའ་འཛིན་གྱི་སྐོར་ཁོ་ན་གཞན་ལས་ཐིག་པོ་འབྱུང་བ་སོགས་མཛད་དོ། །
  རབ་ཡིད་ཤིང་སྦྲུལ(སྤྱི་ལོ༡༨༤༥)ལོར་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མདོ་སྨད་ཙོང་ཆུའི་ལྷོ་ནུབ་ཏུ་སྐུ་འཁྲུངས། དགུང་ལོ་ལྔ་པར་མཁས་དབང་བསྐལ་བཟང་གྲགས་པ་བླ་མར་བསྟེན་ནས་ཡི་གེ་འབྲི་ཀློག་བསླབ། ཆ་ཤོས་བློ་བཟང་ཐུབ་བསྟན་དར་རྒྱས་ལས་རབ་ཏུ་བྱུང་། དགུང་ལོ་དགུ་པ་ནས་ལྷ་རམས་པ་ངག་དབང་ཆོས་གྲགས་ཡོངས་འཛིན་ཏུ་བསྟེན་ནས་གཞུང་ལུགས་ལ་སྦྱངས། བཅུ་གསུམ་པར་སྐུ་འབུམ་ཆོས་གྲྭར་ཞུགས་ནས་བཀའ་པོད་ལྔས་བསྡུས་པའི་མདོ་ཕྱོགས་དང་། རྒྱུད་སྡེ་བཞིས་མཚོན་པའི་སྔགས་ཕྱོགས་ལ་སྦྱངས།  གཞན་ཡང་སྒྲ་དང་། སྙན་ངག །སྡེབ་སྦྱོར། གསོ་རིག །སྐར་རྩིས་ལ་སོགས་པ་ཡང་ཐུགས་སུ་ཆུད་པར་བྱས། སྐུ་འབུམ་དང་བྱ་ཁྱུང་གི་ཁྲིར་བཞུགས། རབ་ཚེས་མེ་རྟ(སྤྱི་ལོ༡༩༠༦)ལོར་དགེ་ལྡན་རྩིས་གསར་ལུགས་ཀྱི་ངེས་པ་མདོ་ཙམ་བརྗོད་པ་བླང་དོར་གསལ་བའི་སྣང་མཛོད་དང་། དེའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ། དགེ་ལྡན་རྩིས་གཞུང་གི་དཀའ་གནས་གསལ་བར་བྱེད་པའི་ཆུ་འཐུང་ཕོད་འབར། དགེ་ལུགས་བསྟན་རྩིས་མཁས་པ་དགྱེས་པའི་མཆོད་སྤྲིན་སོགས་རྩིས་ཀྱི་སྐོར་དང་། སྐུ་འབུམ་གདན་རབས། སུམ་རྟགས་མཆན་འགྲེལ་སོགས་པོད་བཅུ་གཅིག་ཙམ་མཛད། རབ་ཚེས་ཤིང་ཡོས(སྤྱི་ལོ༡༩༡༥)ལོར་མྱ་ངན་ལས་འདས།
  འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི་རབ་ཡིད་མེ་རྟ(སྤྱི་ལོ༡༨༤༦)ལོར་མདོ་ཁམས་སྡེ་དགེའི་ཡ་ཆུའི་དེང་ཆུང་ཞེས་པར་སྐུ་འཁྲུངས་ཤིང་། སྐུ་ན་སོན་པའི་སྐབས་ནས་ཞི་བ་ལྷ་གཉིས་པ་རྫ་དཔལ་སྤྲུལ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁན་པོ་པདྨ་བཛྲ། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་སོགས་མཚན་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་ཤས་ཀྱི་ཞབས་ལ་གཏུགས་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར། བཀའ་རྩོམ་ལ་མདོ་སྔགས་རིག་གནས་ཀྱི་སྐོར་པོ་ཏི་སུམ་ཅུ་སོ་གཉིས་ཙམ་ཡོད་པའི་ནང་སྐར་རྩིས་ཀྱི་སྐོར་ལ། རབ་ཚེས་ས་སྤྲེལ(སྤྱི་ལོ༡༩༠༨)ལོར་མཛད་པའི་དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་དང་། སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།  སྐར་རྩིས་སྣ་ཚོགས། རྩིས་སྐོར་ནོར་བུའི་ཕྲེང་བ། ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད། ཟླ་རྐང་དོགས་གནས་ལ་དཔྱད་པ། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། དུས་རྩིས་ངོ་མཚར་ཉི་མ། གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་། ནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་པའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་ཆུན་འཕྱང་། ཀེག་རྩིས་འཆི་མེད་བཅུད་ལེན། གཤིན་རྩིས་ཕན་བདེ་མྱུར་སྟེར། དབྱངས་འཆར་ཆེན་པོ་ཤེས་རབ་མེ་ལོང་། སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ། ཞང་ཞུང་འཕྲུལ་གྱི་ཇུ་ཐིག་ཆེན་པོར་བརྟག་པ་སོགས་ཡོད་ལ། དེས་རིག་གནས་སྤྱི་དང་སྐར་རྩིས་ཀྱི་རིག་པ་གོང་འཕེལ་དུ་འགྲོ་བར་ཕན་ཡོན་ཆེན་པོ་ཐོབ། ཁམས་ཀཿཐོག་ཏུ་ཡང་རིག་གནས་སློབ་གྲྭ་བཙུགས་ནས་རིག་གནས་ཆེ་ཆུང་གི་འཆད་ཉན་བྱས། མཐར་རབ་ཚེས་ཆུ་བྱི་(སྤྱི་ལོ༡༩༡༢)ལོར་ཞིང་གཞན་ཏུ་གཤེགས། དགེ་རྩེ་པཎ་ཆེན་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་རྩིས་གཞུང་ཨུཏྤལ་སྔོན་པོའི་དོ་ཤལ་མཛད་ནས་ལོ་རེ་བཞིན་ཕུགས་ལུགས་གཙོར་བཏོན་གྱི་ལོ་ཐོ་རྩོམ་སྒྲིག་བྱེད་ལ་ཁྱབ་ཆེ། རབ་ཚེས་ལྕགས་བྱི(སྤྱི་ལོ༡༩༠༠)ལོར་དམེ་ཤུལ་ཐང་སེར་ཆོས་འཕེལ་གྱིས་སྣང་བྱེད་ཟུང་གི་སྒྲིབ་ཡོལ་བརྟག་ཐབས་ཤེས་རབ་རལ་གྲིའི་འོད་ཟེར་དང་།  པད་དཀར་ཆུན་པོ་རྒྱས་བསྡུས།   ས་བྱ(སྤྱི་ལོ༡༩༠༩)ལོར་དྷརྨའི་མཚན་ཅན་གྱིས་དགའ་རྩིས་མ་རིག་གཉིད་སློངས། སྐར་རྩིས་ཀྱི་སྔོན་འགྲོ། གཙུག་ལག་རྩིས་ཀྱི་སྔོན་འགྲོ། རྒྱལ་སྲས་གཞན་ཕན་ཆོས་བློས་ཤིང་ཡོས(སྤྱི་ལོ༡༩༡༥)ལོར་བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང་སོགས་མཛད་པ་དང་། རབ་རྒྱལ་ཐོག་མ་མེ་ཡོས(སྤྱི་ལོ༡༩༢༧)ལོར་རེབ་གོང་བདེ་ཆེན་སྤྲུལ་སྐུ་བློ་བཟང་ཆོས་འཕེལ་རྒྱ་མཚོས་ལྔ་བསྡུས་གཟའ་ལྔ་སྒྲ་གཅན་དང་བཅས་པའི་རྩིས་གཞི་གསར་སྤོས་ཀྱི་བསྟན་བཅོས་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་དང་།  རྒྱ་རྩིས་ཤེས་ལྡན་འདོད་འཇོ་རེའུ་མིག་དང་བཅས་པ།  ཤར་ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱིས་བདེ་ཆེན་རྩིས་གཞུང་གི་སྟོང་འཇུག་ལྷན་ཐབས་བྱིས་པ་འཇུག་པའི་ལམ་ཡིག བླ་བྲང་བཀྲ་ཤིས་འཁྱིལ་པའི་མཁས་དབང་རྒྱ་ཞབས་དྲུང་བསྐལ་བཟང་དཀོན་མཆོག་རྒྱ་མཚོའི་དགེ་ལྡན་རྩིས་གསར་གྱི་བསྟན་བཅོས་རིགས་ལྡན་སྙིང་ནོར་མཁས་གྲུབ་དགོངས་རྒྱན།  བསྐལ་བཟང་དངོས་གྲུབ་ཀྱིས་དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་མཛོད་ཀྱི་རྩིས་འཕྲོ་རབ་རྒྱལ་གསར་བསྒྲིགས་ཨུཏྤལ་གསར་པའི་ཆུན་པོ་སོགས་མཛད་ལ། ཁྱད་པར་དུ་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་རབ་ཚེས་མེ་འབྲུག(སྤྱི་ལོ༡༩༡༦)ལོར་ལྷ་ས་སྨན་རྩིས་ཁང་གསར་དུ་བཙུགས་ནས་སྨན་རྩིས་བསྟན་པའི་གཙུག་རྒྱན་མཁས་དབང་མཁྱེན་རབ་ནོར་བུ་དབུ་འཛིན་དུ་བསྐོ་བཞག་གནང་། དམ་པ་འདི་ནི་རབ་ཚེས་ཆུ་ལུག(སྤྱི་ལོ༡༨༨༣)ལོར་ལྷོ་ཁ་རྩེད་ཐང་དུ་ཡབ་རྩིས་པ་རྔ་བོ་ཆེ་དང་། ཡུམ་དབྱངས་ཅན་གྱི་སྲས་སུ་འཁྲུངས། སྐུ་ན་སོན་ནས་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་སློབ་གཉེར་མཛད། རིང་པོ་མ་ལོན་པར་སྔོན་སྨོན་ཐུགས་བསྐྱེད་ལས་འཕྲོས་མཚམས་སྦྱར་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་སློབ་སྦྱོང་གནང་བར་ཕེབས། ཐོག་མར་ལྕགས་རིའི་སྨན་པ་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་གྱི་ཞབས་ལ་གཏུགས་ནས་དཀའ་སྤྱད་འབད་བརྩོན་དྲག་པོས་སློབ་སྦྱོང་མཛད་པས་བློ་གྲོས་དང་བརྩོན་འགྲུས་ལ་ཀུན་གྱིས་བསྟོད་བསྔགས་དང་སྨོན་པའི་གནས་སུ་གྱུར། དེ་རྗེས་སུ་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་དང་། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན། ཙཱ་རི་ཅིག་ཅར་གདུང་འཛིན་སོགས་བསྟེན་ནས་རིག་གནས་ཀུན་ལ་སྦྱངས་པས་མཁྱེན་རབ་ཀྱི་རྩལ་རྫོགས། གཞན་ཡང་སྔ་ཕྱིར་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་འགོ་ལོག་བླ་མ་འཇམ་དཔལ་རོལ་བའི་བློ་གྲོས་དང་། མཚན་ཉིད་སྤྲུལ་སྐུ་འཇམ་དཔལ་ནོར་བུ། འབྲས་སྤུངས་ཁང་གསར་རིན་པོ་ཆེ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། ལྷ་བཙུན་རིན་པོ་ཆེ། དགེ་འཕེལ་སྤྲུལ་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་དཔལ་སྤྲུལ་སོགས་ལས་གསོ་རིག་རྒྱུད་བཞི་དང་། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག་སོགས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན་ཅིང་། རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ་ལས་བེེ་དཀར་བུ་དཔེའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་རྩིས་ཐོག་ནས་ཚེ་རབས་ལས་རྩིས་དང་། བག་རྩིས། གཤིན་རྩིས། དབྱངས་འཆར་འགྲེལ་བ་དཔལ་སྒྲོན་སྟེང་ནས་ལེའུ་བཅུ་ཀའི་འཁོར་ལོ་བཅས་ཀྱི་ཁྲིད་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་བཅས་གསན་བཞེས་གནང་། སོག་པོ་དགེ་བཤེས་དགའ་ལྡན་གནས་བརྟན་ཞེས་པ་ལས་དབྱངས་ཅན་སྒྲ་འགྲེལ་བ་གསལ་ལྡན་གྱི་སྟེང་ནས་མདོའི་རི་མོ་ཆ་ཚང་གསན་ཅིང་ངོམས་མེད་ཐོས་པས་སྒྲོ་འདོགས་བཅད། དགུང་ལོ་ཉེར་དགུའི་བར་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་སྨན་དཔེ་རྩོམ་སྒྲིག་གི་ཕྱག་ལས་དང་། སྨན་གཞུང་ཞིབ་འཇུག་གནང་བའི་འགོ་ཚུགས།  མེ་འབྲུག(སྤྱི་ལོ༡༩༡༦)ལོར་གོང་ས་མཆོག་ནས་མངའ་རིས་ཀྱི་བདེ་རྩར་དགོངས་ཏེ་སྨན་རྩིས་ཁང་གསར་འཛུགས་ཐོག་ལྕགས་རི་འགྲོ་ཕན་གླིང་དང་སྨན་རྩིས་ཁང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱི་འགན་བཞེས། སྨན་རྩིས་ཁང་གི་ལོ་ཐོ་ཞེས་སྙན་གྲགས་ཅན་ཕུག་ལུགས་བོད་ཀྱི་ལོ་ཐོ་འདོན་སྤེལ་གནང་། མཁས་པའི་ཡོན་ཏན་དང་མཛད་འཕྲིན་བཟང་བོའི་གྲགས་པས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་པས།  མཁས་པ་དང་བློ་གསལ་དོན་གཉེར་ཅན་མང་པོ་སློབ་མར་འདུས། སྔ་ཕྱིར་དགོན་སྡེ་ཁག་དང་། དམག་སྒར་ཁག །རིག་འཛིན་སྔགས་འཆང་དུ་མ། གཞན་ཡང་མདོ་ཁམས་སྟོད་སྨད། འབྲུག་པ། འབྲས་ལྗོངས། ལ་དྭགས། ཁུ་ནུ་བཅས་ཀྱི་སློབ་མའང་འདུས་ཏེ་དེ་དག་ལ་རང་རང་གི་བློ་དང་མོས་པར་འཚམས་པའི་ཆོས། སྨན་རྩིས། སྒྲ་སྙན་སུམ་རྟགས་སོགས་རིག་གནས་དང་། བཤེས་སྤྲིངས། ལམ་སྒྲོན། ཐེག་དགུའི་དོན་སྟོན་སོགས་གང་ལ་གང་འདུལ་གྱིས་ཆོས་གསུངས། སྔ་ཕྱིར་སྨན་རྩིས་ཀྱི་གཞུང་དུ་མ་ཕྱོགས་བསྒྲིགས་དང་གསར་རྩོམ་མཛད་ལ། ཁྱད་པར་དུ་སྐར་རྩིས་ཀྱི་སྐོར་ལ་བཻ་དཀར་དང་ཉི་སྣང་གི་དགོངས་དོན་རྩིས་གཞི་རིགས་ལྡན་སྙིང་གི་ཐིག་ལེ་རབ་རྒྱལ་མེ་ཡོས་(སྤྱི་ལོ༡༩༢༧)ལོར་རྩིས་འགོ་སྤོས་ཏེ་རྒྱ་ནག་གླང་རྩིས་སོགས་ཁ་སྣོན་དང་། རྒྱ་རྩིས་བསམ་འཕེལ་དབང་གི་རྒྱལ་པོ(གཞན་ན་རྒྱ་རྩིས་རིགས་ལྡན་མཆོད་པའི་འོད་སྣང་ཞེས་བྲིས་ཡོད་མོད་དེ་འདྲའི་དཔེ་ཞིག་ཡོད་པ་མ་མཐོང་ལ་བླ་སྨན་མཁྱེན་རབ་ནོར་བུས་སེར་ཆེན་རྒྱ་རྩིས་བསམ་འཕེལ་དབང་གི་རྒྱལ་བོ་རྩིས་འགོ་བསྟུངས་པའི་དཔེ་ད་ལྟ་ཡང་ཡོད་པས་ནོར་བར་སེམས།)རྩིས་འགོ་བསྟུངས་ཤིང་སློབ་ཁྲིད་གནང་། སློབ་ཁང་གི་སྡེབས་རིས་ལ་སྨན་རྩིས་ཀྱི་དཔེ་རིས་བཀོད་པའི་གྲས་སུ་དུས་འཁོར་ལུགས་ཀྱི་རི་རབ་དང་། གོ་ལའི་དཔེ་རིས་མི་འདྲ་བ་དུ་མ་འགོད་གནང་མཛད་པ་སོགས་ཐབས་མཁས་སྣ་ཚོགས་ཀྱི་སྒོ་ནས་ལུས་ཅན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་སྨན་རྩིས་ཀྱི་བསྟན་པ་མི་ཉམས་སྲིད་མཐའི་བར་དུ་གནས་བའི་ཆེད་དུ་ཕྱོགས་ཐམས་ཅད་དུ་རྒྱ་ཆེར་སྤེལ་ཏེ་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་རྒྱལ་ཆུ་སྟག(སྤྱི་ལོ༡༩༦༢)ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མ་ཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱིས་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྤྱི་ནོར་འདོད་དགུ་འཇོ་བའི་དཔག་བསམ་ལྗོན་ཤིང་། ཀེག་རྩིས་སོགས་ཀྱི་རྡེལ་འགྲེམ་དཔག་བསམ་ལྗོན་ཤིང་གི་འབྲས་བཤད་ནག་འགྲོས་སུ་བཀོད་པ་འདོད་དགུའི་གཏེར་གྱི་བང་མཛོད་གཉིས་དང་། ལྔ་རིག་སྨྲ་བའི་དབང་པོ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ཡོངས་འཛིན་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱི་མདུན་ནས་རྩིས་དཀར་ནག་གི་རི་མོའི་ལག་ལེན་གོ་དོན་དང་བཅས་པ་བྱང་ཆུབ་པར་སྦྱངས་ཏེ་རབ་རྒྱལ་ཤིང་ཁྱི་(སྤྱི་ལོ༡༩༣༤)ལོར་ཕྱི་དུས་ཀྱི་འཁོར་ལོའི་ཚེས་ཞག་ལྔ་བསྡུས་སྒྲ་གཅན་གཟའ་ལྔ་ཉིན་ཞག་མ་དང་བཅས་པའི་མགྱོགས་རྩིས་མིའུ་ཐུང་སྒྱུ་མའི་གོམ་འགྲོས། དེ་ལ་མཁོ་བའི་རེའུ་མིག་མིའུ་ཐུང་འཚོ་བའི་བཅུད་ལེན། མ་ཧཱ་ཙི་ནའི་ལུགས་ཀྱི་ཉིན་རྩིས་ཆ་ལག་ཟླ་ཉི་སྒྲིབ་རྩིས་དུས་གཟེར་ས་གླང་ཉེར་མཁོའི་རྩིས་ཕྲན་དང་བཅས་པ་བདེ་བླག་དུ་རྟོགས་པའི་བསྟན་བཅོས་འཇམ་དཔལ་དགྱེས་པའི་འཛུམ་དཀར། འཇམ་དཔལ་དགྱེས་པའི་འཛུམ་དཀར་ལ་ཉེ་བར་མཁོ་བའི་རེའུ་མིག །རབ་རྒྱལ་ས་གླང(སྤྱི་ལོ༡༩༤༩)ལོར་སྟོན་པ་སངས་རྒྱས་དུས་ཀྱི་ཟླ་འཛིན་རྒྱ་རྩིས་ཡར་སློག་རི་མོའི་ལམ་ནས་གསལ་བར་བཀོད་པ་ཕུག་པའི་དགོངས་རྒྱན་སོགས་བརྩམས་ནས་བླ་ལྷག་དུ་དར་བར་བྱས་སོ། །
སྨྲས་པ།
གསེར་རི་དང་མཚུངས་མཁས་གྲུབ་བྱེ་བ་བརྒྱས། །
བློ་གྲོས་ལས་བྱུང་སྔོན་མེད་རིག་པའི་གཟིས། །
ཐུབ་བསྟན་ནོར་གྱི་བློ་གྲོས་གསལ་དང་ལྷན། །
       འཛམ་གླིང་རྒྱན་དུ་ཆེ་བ་འདི་རྨད་བྱུང་། །
དེ་ལྟར་བོད་གངས་ཅན་གྱི་རིམ་བྱོན་མཁས་པས་སྤེལ་ཚུལ་བཤད་ཟིན་ཏོ། །
ལྔ་པ། ཡང་དར་གྱི་དུས་སུ་རྩིས་རིག་དར་ཚུལ།
དེ་ཡང་སྨན་རྩིས་བསྟན་པའི་མཛེས་རྒྱན་བླ་སྨན་མཁྱེན་རབ་ནོར་བུ་དེ་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། འཕྲིན་ལས་ཀྱི་མཛད་རྗེས་ལ་བརྟེན་ནས་རབ་ཚེས་མེ་འབྲུག་ནས་བཟུང་ལོ་རེ་བཞིན་ལོ་ཐོ་སྟོང་ཕྲག་ལྔ་ཡས་མས་དཔར་སྐྲུན་དང་འགྲེམ་སྤེལ་གནང་བ་དེས་བོད་རྩིས་འཕེལ་རྒྱས་ཆེར་བྱུང་ཡོད་མོད། འོན་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་གོད་ཆག་གིས་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་ལོ་ཐོ་འདི་ཉིད་ལོ་བདུན་ཙམ་ལ་འདོན་ཐབས་མེད་པར་གྱུར་པ་རེད། དེ་རྗེས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་རེ་འབོད་དང་། ལྗོངས་ཏང་ཨུད་ཀྱི་བཀའ་སློབ་འོག་སླར་ཆུ་གླང(སྤྱི་ལོ་༡༩༧༣)ལོ་ནས་བོད་ཀྱི་ལོ་ཐོ་བསྐྱར་དུ་འདོན་ཐུབ་པ་བྱུང་ཞིང་། སྐབས་དེའི་སྤྱི་ཚོགས་དང་བསྟུན་པའི་རྩིས་གཞུང་ཞིག་ཀྱང་བརྩམས་ནས་སྣུམ་པར་ལ་བཀོད། རབ་རྒྱལ་ལྕགས་བྱ(སྤྱི་ལོ༡༩༨༡)ལོའི་ཟླ་དྲུག་པར་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པ་ཐོག་མར་ཚུགས་ཏེ་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པ་ཐོག་མར་ཚུགས་ཏེ་བོད་ལྗོངས་ཀྱི་གནམ་རིག་སྐར་རྩིས་མཁས་དབང་དང་། དམངས་ཁྲོད་ཀྱི་སྔགས་འཆང་། དེ་བཞིན་ཞིང་འབྲོག་གི་ཉམས་མྱོང་ཅན་འགའ་ཞིག་བཅས་དང་། དེ་བཞིན་ཀྲུང་གོའི་རིག་ཁང་། པེ་ཅིང་དཔེ་མཛོད་ཁང་། ནན་ཅིང་ཙེ་ཅིང་ཧྲན་གནམ་རིག་ཁང་། བླ་བྲང་བཀྲ་ཤིས་འཁྱིལ་བའི་མཁས་དབང་ཆེན་མོ་བསམ་འགྲུབ་རྒྱ་མཚོ་བཅས་ཕེབས་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་། རྩོམ་ཡིག་ངོ་སྤྲོད་མཛད། ཚོགས་འདུའི་མཇུག་དུ་གནམ་རིག་སྐར་རྩིས་འཐུས་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་འཆམ་དང་། དམངས་གཙོའི་ཐོག་ནས་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཚན་འཛིན་ཚོགས་གཙོ་དང་། མཁས་དབང་ཀུན་དགའ་ཕུན་ཚོགས་ཀྱིས་ཚོགས་གཙོ་གནང་རྒྱུར་མགྲིན་གཅིག་གིས་མོས་མཐུན་བྱུང་། རབ་རྒྱལ་ཆུ་ཁྱི(སྤྱི་ལོ༡༩༨༢)ལོའི་ཟླ་བརྒྱད་པར་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་མཐུན་ཚོགས་ཀྱི་ལོ་ཚོགས་ཐེངས་གཉིས་པ་འཚོགས། ཟི་ཁྲོན་རྔ་བ་ནས་གནས་ལྔ་ཀུན་གཟིགས་མཁས་དབང་དམུ་དགེ་བསམ་གཏན་མཆོག་དང་། བླ་བྲང་བཀྲ་ཤིས་འཁྱིལ་ཨེ་ཝཾ་ཆོས་འཁོར་གླིང་གི་དུས་རམས་པ་སྨད་སོག་བཛྲ་དང་། རྒན་འཇིགས་མེད་སོགས་གདན་ཞུས་ཀྱིས་ལྷ་སར་ཕེབས། རབ་བྱུང་བཅུ་བདུན་པའི་མེ་ཡོས་(སྤྱི་ལོ༡༩༨༧)ལོར་རྩིས་འགོ་སྤོས་ནས་སྟོང་འཇུག་དང་ངྷྲུ་ཝ་ཡར་སློག་བསྣན་ཏེ་བརྩམས་པའི་ཕུག་ལུགས་རྩིས་གཞུང་རིགས་ལྡན་འཛུམ་པའི་འོད་ཟེར་ཞེས་པ་ཞུ་དག་སྒོས་གཏན་ལ་ཕབ་པ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་ནས་བོད་རྩིས་འདི་ཉིད་སླར་ཡང་དཔྱིད་ཀྱི་དཔལ་ཡོན་རྒྱས་འགོ་བརྩམས།  དུས་མཚུངས་སུ་རྩིས་རིག་སྨྲ་བ་ཚུལ་ཁྲིམས་ཆོས་འབྱོར་གྱིས་སྐར་ནག་རྩིས་ཀྱི་ལོ་རྒྱུས་ཕྱོགས་བསྡུས་མུ་ཏིག་ཕྲེང་བ་དང་།  སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས་ཞེས་པར་སྐར་རྩིས་སྐོར་གྱི་ཆེད་རྩོམ་བཞི་སོགས་གསར་རྩོམ་གནང་བ་དང་། ལོ་རེ་བཞིན་བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་སྐར་རྩིས་ཞིབ་འཇུག་སོའོ་ཡིས་ལོ་ཐོ་རྩོམ་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ།  གཞིས་ཀ་རྩེའི་བོད་སྨན་ཁང་གིས་ཀྱང་ལོ་རེ་བཞིན་ལོ་ཐོ་རྩོམ་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད་པ་མ་ཟད། བུ་སྟོན་གྱི་རྩིས་གཞུང་མཁས་བ་དགའ་བྱེད།  ལོ་ཆེན་དྷརྨ་ཤྲཱིའི་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། རྣམ་འགྲེལ་གསེར་གྱི་ཤིང་རྟ་སོགས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ལྕགས་པར་དུ་བསྐྲུན།
   མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱི་མདུན་ནས་རྩིས་དཀར་ནག་གི་སྐོར་མང་དུ་གསན་པ་དང་། དགུང་ལོ་ཉེར་ལྔ་པར་དུས་འཁོར་ལུགས་ཀྱི་སྐར་རྩིས་མིའུ་ཐུང་སྒྱུ་མའི་གོམ་འགྲོས་དང་དེའི་རེའུ་མིག  རྒྱ་རྩིས་འཇམ་དཔལ་དགྱེས་བའི་འཛུམ་དཀར་སོགས་བརྩམས་པ་དང་། དགུང་ལོ་བཞི་བཅུར་སོན་དུས་མ་ཧཱ་ཙི་ནའི་རིང་ལུགས་ལས་འོངས་པའི་སྐར་རྩིས་ཀྱི་གོ་དོན་གསལ་བར་བཤད་པ་ངོ་མཚར་རིག་པའི་འཕྲ་ཚོམ་ཞེས་བྱ་བའི་སྔོན་ན་མེད་པའི་བསྟན་བཅོས་དེ་དང་། བསྟན་རྩིས་རེའུ་མིག་མཐོང་ཚད་ཀུན་ལས་བཏུས་པ།  རབ་བྱུང་བཅུ་བདུན་པའི་མིང་འདོགས་ཀྱི་དཔྱད་པ་སོགས་མཛད། ལྕགས་སྤྲེལ(སྤྱི་ལོ༡༩༨༠)ལོར་རྒྱ་རྩིས་གོ་དོན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། ཤིང་གླང(སྤྱི་ལོ༡༩༨༥)ལོར་སྐར་རྩིས་མིའུ་ཐུང་སྒྱུ་མའི་གོམ་འགྲོས་དང་རྒྱ་རྩིས་འཇམ་དཔལ་དགྱེས་པའི་འཛུམ་དཀར། ངྷྲུ་ཝ་ཡར་སློག་ཕུག་པའི་དགོངས་རྒྱན་བཅས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། སྔ་ཕྱིར་མཚོ་སྔོན་མི་རིགས་་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་ཕེབས་ནས་དོན་གཉེར་ཅན་ཤིན་ཏུ་མང་པོ་ལ་རིག་པའི་གནས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་དང་། སྐར་རྩིས་རྒྱ་རྩིས་སོགས་ཀྱང་དཔེ་ཁྲིད་གནང་ནས་སློབ་མ་མི་ཉུང་བ་ཡོད།
ལྔ་རིག་སྨྲ་བ་དམུ་དགེའི་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་མཆོག་ནི་ཆུང་དུས་ནས་བསྟན་པའི་སྒོར་ཞུགས་ཏེ་རབ་ཏུ་བྱུང་བ་དང་། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཆོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ལྔ་དང་གསང་སྔགས་རྒྱུད་སྡེ་བཞི་གཙོར་བྱས་པའི་སྦྱངས་བྱའི་གནས་མཐའ་དག་ལ་ནང་བྱན་ཆུད་པར་མཛད་པ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་དང་། ལྷ་མོའི་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ལས་སྐར་རྩིས་ཀྱི་ས་རིས་ལག་ལེན་དང་གོ་དོན་བཅས་པར་སྦྱངས། ཡང་དར་བསྟན་པའི་འོད་སྣང་བོད་གངས་ཅན་གྱི་ལྗོངས་སུ་འཕྲོས་པའི་སྐབས་སུ་ཡང་རབ་རྒྱལ་ཤིང་བྱི(སྤྱི་ལོ༡༩༨༤)ལོར་མཛོད་དགེ་བཞག་སྡོམ་སྤང་ལྗོངས་སུ་སྒྲ་སྙན་སྐར་རྩིས་སུམ་རྟགས་ཀྱི་སློབ་སྦྱོང་འཛིན་གྲྭ་བསྒྲུབས་ནས་རིགས་ལྡན་མཆོད་པའི་འོད་སྣང་དང་རིགས་ལྡན་མཆོད་པའི་མེ་ཏོག་གི་དཔེ་ཁྲིད་གནང་ནས་རྩིས་པ་མང་དུ་བསྐྱེད་སྲིང་བྱས་བ་དང་། བྱེད་མཐུན་གྱི་ཉི་ཟླ་གཟའ་འཛིན་རི་མོ་ནག་འགྲོས་སུ་བཀོད་པ་རིགས་ལྡན་མཆོད་པའི་མེ་ཏོག་ཅེས་བྱ་བ་ལྔ་སྒྲའི་མགྱོགས་རྩིས་དང་བཅས་པ་གསར་རྩོམ་དང་། བྲག་དགོན་པའི་ཕུག་ལུགས་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་གི་རྩིས་མགོ་རབ་
གནས་མེ་ཡོས(སྤྱི་ལོ༡༩༨༧)ལོར་སྤོས་ཏེ་ཤིང་པར་དུ་བཀོད་པ་དང་། དེའི་ཟུར་རྒྱན་རིན་ཆེན་སྒྲོན་མེ་སོགས་
བསྒྲིགས།  སྔ་ཕྱིར་དགོན་པ་ཁག་དང་ཡུལ་གྲུ་སོ་སོར་ཕེབས་ཏེ་སྐར་རྩིས་ཀྱི་སྐོར་མང་དུ་དཔེ་ཁྲིད་མཛད་པས་སྐར་རྩིས་འཕེལ་རྒྱས་འབྱུང་བར་སྔོན་མེད་ཀྱི་སྟོབས་ཤུགས་རྒྱས།  གཞན་ཡང་སི་ཁྲོན་དཀར་མཛེས་རྫོགས་ཆེན་བོད་ཡིག་སློབ་གྲྭ་ནས་ཀྱང་སྒྲ་སྙན་ངག་སྐར་རྩིས་སོགས་ཀྱི་ཆེད་གཉེར་འཛིན་གྲྭ་བསྒྲུབས་པ་དང་།  རྔ་བ་ཁུལ་ནས་བླ་སྨན་མཁྱེན་རབ་ནོར་བུས་རྩིས་མགོ་བསྟུངས་པའི་བཻ་དཀར་དང་ཉིན་སྣང་གི་དགོངས་དོན་རྩིས་གཞིའི་མན་ངག་རིགས་ལྡན་སྙིང་ཐིག་དང་ཆུ་མིག་ཀླུ་མཚོའི་རེའུ་མིག་སོགས་ལྕགས་པར་དུ་བཏབ་ནས་རིག་གནས་འདི་འཕེལ་བར་ཕན་པའི་མཐུན་རྐྱེན་བསྒྲུབས་སོ།  །
ལྷག་པར་དུ་གནས་ལྔ་མཁྱེན་པའི་མཧཱ་པཎྜི་ཏ༧རྗེ་བསམ་གྲུབ་རྒྱ་མཚོ་ཞེས་སྙིགས་དུས་ཀྱི་དུས་ཞབས་པ་ཆེན་པོ་གང་ཉིད་རབ་ཚེས་ཆུ་ཕག(སྤྱི་ལོ༡༩༢༣)ལོར་མདོ་སྨད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་ཞིང་བླ་བྲང་བཀྲ་ཤིས་འཁྱིལ་བའི་གྲྭ་ཚང་ཆེན་པོ་དྲུག་གི་ཡ་གྱལ་ཀྱཻ་རྡོར་གསང་སྔགས་དར་རྒྱས་གླིང་གི་ཆོས་སྒོར་ཞུགས།  དགེ་བའི་བཤེས་གཉེན་ཨོཾ་འཁྱིལ་འཇམ་དབྱངས་ལེགས་བཤད་ཀྱི་མདུན་ནས་སྐར་རྩིས་དང་རྒྱ་རྩིས།  ནག་རྩིས་སོགས་བྱང་ཆུབ་པར་སྦྱངས་པ་དང་། སྔོན་གྱི་བག་ཆགས་བཟང་པོའི་མཐུས་སྔོན་མེད་པའི་རིག་པ་གསར་བ་མང་པོ་ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་བཅུ་དགུ་ནས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་སློབ་གཉེར་ལ་ཕེབས། དགའ་ལྡན་དང་འབྲས་སྤུངས་སོགས་སུ་བཀའ་པོད་རབ་འབྱམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་ནས།  དགུང་སོ་གཅིག་པར་ཕྱིར་མདོ་སྨད་དུ་ཕེབས་པ་དང་། པཎ་ཆེན་ཡོངས་འཛིན་གསང་ཁོག་འཇིགས་མེད་རྒྱ་མཚོ་དང་རྗེ་བསྟན་འཛིན་རྒྱ་མཚོ་སོགས་བསྟེན་ནས་གསང་སྔགས་རྡོ་རྗེ་ཐེག་པར་ཐོས་བསམ་གནང་བས་གཞུང་མན་ངག་དང་བཅས་པར་མྱོང་བ་ཐོན།  བསྟན་པ་ལ་ཉམས་རྒུད་ཆེན་པོ་བྱུང་དུས་གྲོང་སྡེར་བབས་་ནས་རྩིས་གཉེར་པ་སོགས་ཀྱི་ལས་ཀ་གནང་།  སྐར་རྩིས་ལ་སྔོན་ནས་སྦྱངས་པ་མཐར་སོན་པས་སྐབས་དེར་ཞིང་ཚད་སོགས་གཞལ་སྐབས་གཞན་གྱིས་འགྲན་དུ་མེད་པའི་ལོ་རྒྱུས་མང་ལ། ཁོང་གིས་གསང་བའི་སྒོ་ནས་སྐར་རྩིས་ཀྱི་རིག་པ་མཐའ་དག་ཕྲེང་རྩིས་སྟེང་ནས་གནས་མང་ཚར་མང་སོགས་ཀྱི་རྩིས་སྟངས་གསར་གཏོད་བྱས་ཏེ་རྩིས་པས་སྐར་རྩིས་ཀྱི་རྩ་བ་ཞག་གསུམ་གཟའ་ལྔ་སྟོང་འཇུག་དང་བཅས་པར་རིག་པའི་ཀློང་རྡོལ།  ཡང་དར་གྱི་གནས་སྐབས་སུ་ཡང་གངས་ཅན་མཁས་དབང་མང་པོས་བོད་རྒྱ་ཚིག་མཛོད་ཆེན་མོ་ཡང་བསྐྱར་ཁ་སྐོང་དང་དག་བསྒྲིགས་བྱེད་པའི་ལས་ཀར་ཞུགས་ནས་སྐར་རྩིས་རིག་པའི་ཚིག་མཛོད་གསར་དུ་བསྒྲིགས་པ་དང་།  དོན་གཉེར་ཅན་མང་པོས་བསྐུལ་བ་ལྟར་སྐར་རྩིས་ཀྱི་ལོ་རྒྱུས་ཉུང་ངུ་གནད་བསྡུས་ཞེས་པ་བརྩམས། རབ་རྒྱལ་མེ་སྟག(སྤྱི་ལོ༡༩༨༦)ལོར་མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར་ཕེབས་ཏེ་དགེ་སློབ་ཡོངས་རྫོགས་ལ་བྲག་དགོན་པའི་རིགས་ལྡན་མཆོད་པའི་འོད་སྣང་དང་། བླ་སྨན་མཁྱེན་རབ་ནོར་བུའི་རིགས་ལྡན་སྙིང་ཐིག  མཱ་ཡང་རྒྱ་རྩིས་སྙིང་བསྡུས་སོགས་ཀྱི་དཔེ་ཁྲིད་དང་། དགེ་སློབ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་དམེ་ཤུལ་ཨ་ཁུ་ཆོས་འཕེལ་ཚང་གི་རྒྱ་རྩིས་ཤེས་རབ་རལ་གྲིའི་འོད་ཟེར་དང་།  དྲུང་ཡིག་ཐུབ་བསྟན་རྒྱ་མཚོའི་རྒྱ་རྩིས་འཇམ་དབྱངས་འཛུམ་ཟེར། འཇམ་དབྱངས་མཆོད་པའི་མེ་ཏོག་བཅས་གཞིར་བཟུང་ནས་རྒྱ་རྩིས་ཀྱི་རྣམ་བཞག་གསལ་བར་བཤད་པ་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་ཞེས་པ་ཞིག་བརྩམས་པ(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་ཡོད)་དང་།  ལོ་དེའི་དབྱར་གནང་གི་སྐབས་སུ་སློབ་གྲྭ་དེར་ཕྱོགས་སོ་སོ་ནས་སློབ་མ་བསྡུས་ཏེ་སྐར་རྩིས་སྐོར་གྱི་སློབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་ནས་རིགས་ལྡན་མཆོད་པའི་འོད་སྣང་། རིགས་ལྡན་སྙིང་ཐིག །རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་སོགས་ཀྱི་དཔེ་ཁྲིད་གནང་བ་ལ་བརྟེན་ནས་རྩིས་སྦྱངས་མཁན་ཤིན་ཏུ་མང་པོ་བྱུང་། རབ་གནས་ས་འབྲུག་(སྤྱི་ལོ༡༩༨༨)ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་རིག་འཛིན་གྲྭར་རིགས་ལྡན་མཆོད་པའི་འོད་སྣང་དཔེ་ཁྲིད་དང་། ཟུར་དུ་ཡང་དོན་གཉེར་ཅན་མང་པོར་རྩིས་དཀར་ནག་གི་ལག་ལེན་བསླབ། སྔོན་ནས་བླ་བྲང་བཀྲ་ཤིས་འཁྱིལ་ཨེ་ཝཾ་ཆོས་འཁོར་གླིང་དུས་མཁྱེན་པ་ཤེས་རབ་ཆོས་འཕེལ་དང་། ཀྱེེ་རྡོར་གྲྭ་ཚང་གི་རྩིས་རམས་པ་འཇམ་དབྱངས་ཆོས་འཛིན་སོགས་ཀྱིས་ཡང་ཡང་བསྐུལ་བ་དང་། དུས་དེར་སློབ་གྲྭ་དེ་གའི་ཡོན་ཀྲང་གཞོན་པ་སྙིང་པོ་རྒྱལ་ནས་ཀྱང་ཡང་ཡང་རྩོམ་བསྐུལ་ཞུས་པ་ལྟར་པད་དཀར་ཞལ་ལུང་། མཁས་པའི་སྙིང་ནོར། དགའ་ལྡན་རྩིས་གསར། ཡང་གསལ་སྒྲོན་མེ། བྱེད་མཐུན། བྱེད་རྩིས། དགའ་རྩིས་གསར་མའམ་བློ་བཟང་རྡོ་རྗེར་གྲགས་པ་བཅས་གཞུང་མི་འདྲ་བ་བདུན་གྱི་རྩིས་འགོ་རབ་གནས་མེ་ཡོས་(སྤྱི་ལོ༡༩༨༧)ལོར་སྤོ་བར་མཛད་ནས་ལག་ལེན་གྱི་སྐོར་ཆ་ཚང་བར་བཀོད་པའི་སྔོན་མེད་ཀྱི་བསྟན་བཅོས་ཆེན་པོ་སྐར་རྩིས་ཀུན་འདུས་ནོར་བུ(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན) ཞེས་མཚན་ཙམ་ཡང་རྣ་བའི་རྒྱན་དུ་གྱུར་པ་དེ་ཉིད་བརྩམས།  ལོ་དེའི་སྟོན་མཇུག་ཀྲུང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གདན་དྲངས་པ་ལྟར་པེ་ཅིན་དུ་ཕེབས་ནས་དེ་གའི་དཔེ་སྐྲུན་ཁང་གིས་གངས་ལྗོངས་ཤེས་རིག་གི་ཉིང་བཅུད་ཅེས་པའི་དཔེ་ཚོགས་སུ་རྩིས་གཞུང་ཕྱོགས་བསྒྲིགས་དེབ་བཅུ་པར་སྐྲུན་གྱི་འཆར་གཞི་བཀོད་པ་འདེམས་བསྒྲིགས་དང་། ཆུ་མིག་ཀླུ་མཚོའི་རེའུ་མིག །རེའུ་མིག་རྒྱ་མཚོ།  མཁས་པའི་སྙིང་ནོར་གྱི་ཆ་ལག་རིན་ཆེན་སིལ་མ།  ཉེར་མཁོའི་རེའུ་མིག་སོགས་ལ་ཞུ་དག་སྒོས་གཏན་ལ་ཕབ། ས་སྤྲུལ་ལོའི་དཔྱིད་ཀར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ཏེ་རྩིས་རིག་འཛིན་གྲྭའི་བོད་རིགས་སློབ་མ་རྣམས་ལ་རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་གྱི་སྟེང་ནས་ས་རིས་ལག་ལེན་གྱི་སྐོར་ཁྲིད། དབྱར་གནང་གི་སྐབས་སུ་མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོའི་ཡིག་ཐོག་འཛིན་གྲྭའི་དགེ་རྒན་དུ་གདན་དྲངས་པ་ལྟར་བོད་རིགས་ཀྱི་དགེ་རྒན་སྐོར་ཅིག་ལ་སྐར་རྩིས་ཀུན་འདུས་ནོར་བུ་དང་། བྱེད་མཐུན་རིགས་ལྡན་མཆོད་པའི་མེ་ཏོག །སློབ་མ་བརྒྱ་ཕྲག་མང་པོར་རིགས་ལྡན་མཆོད་པའི་མེ་ཏོག་གི་ཁྲིད་ཞིབ་རྒྱས་སུ་བསྩལ་པ་དང་། མཚོ་སྔོན་ཀུན་ཁྱབ་རླུང་འཕྲིན་ཁང་གི་རེ་བ་ལྟར་སྐར་རྩིས་ཀུན་འདུས་ནོར་བུ་ཁྲིད་པ་སྒྲར་ཕབ། རབ་གནས་ལྕགས་རྟ(སྤྱི་ལོ༡༩༩༠)ནས་ལྕགས་ལུག་བར་ལོ་ངོ་མཐོང་གཉིས་ཀྱི་རིང་ལ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྐར་རྩིས་འཛིན་གྲྭ་ཞིག་བསྒྲུབས་པར་སྐར་རྩིས་ཀུན་འདུས་ནོར་བུའི་སྟེང་ནས་རྩིས་ཀྱི་ལག་
ལེན་གོ་དོན་དང་། མཇུག་གི་རེའུ་མིག་འཛིན་ཚུལ་དང་བཅས་པ་རྒྱས་པར་ཁྲིད་པས་སྐར་རྩིས་ཀྱི་ལག་ལེན་གོ་དོན་ཁོང་དུ་ཆུད་པའི་སློབ་མ་མང་དུ་ཐོན་པ་དང་། གཞན་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དང་། ནུབ་བྱང་མི་རིགས་སློབ་གླིང་།   ལྷོ་ནུབ་མི་རིགས་སློབ་ཆེ།  གཙོས་མི་རིགས་དགེ་འོས་སློབ་ཆེན།  མདོ་སྨད་ཀྱི་ཆོས་སྡེ་གང་མང་གིས་གཙོས་ཕྱོགས་སོ་སོར་ཕེབས་ཏེ་མདོ་སྔགས་རིག་གནས་དང་། ལྷག་པར་དུ་སྐར་རྩིས་ཀྱི་དཔེ་ཁྲིད་རྒྱུན་ཆད་མེད་པར་གནང་པས་གངས་ཅན་བོད་རིག་པའི་ཉིན་བྱེད་མཁའ་དབྱིངས་སུ་དྲངས་པའི་མཛད་བཟང་གོང་འཕེལ་ངོས་ཡང་དར་བསྟན་པའི་རྩ་ལག་ཏུ་གྲུབ་ཡོད། ཁོང་གི་སློབ་མའི་ཁྲོད་ན་ཡང་སྐར་རྩིས་ཀྱི་རྒྱུན་སྤེལ་མཁན་མི་ཉུང་བ་ཞིག་ཡོད་དེ། ཧོང་མིན་ཞིན་དང་ཁྲིན་ཅིའུ་ཅིན་རྣམ་གཉིས་ཀྱིས་རྒྱ་བོད་ཡིག་རིག་གཉིས་ཀྱི་སྟེང་ནས་དཔྱད་པ་དང་ལག་ལེན་བྱས་ཏེ་བོད་ཀྱི་རྩིས་རིག་གི་གོ་དོན་དང་ལག་ལེན་ཞེས་པ་བརྩམས་པ་དང་། དུས་མཁྱེན་པ་ཤེས་རབ་ཆོས་འཕེལ་མཆོག་ཀན་ལྷོ་བོད་སྨན་ཁང་གི་རྩིས་རིག་ཞིབ་འཇུག་སོའོ་ནས་ཕྱག་ལས་གནང་བཞིན་ལོ་རེ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་ཨེ་ཝཾ་ཆོས་འཁོར་གླིང་གི་ཕྱག་ལེན་བཞིན་ཕུག་ལུགས་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་གཞིར་བཟུང་ནས་དཀར་ནག་ཟུང་འབྲེལ་གྱི་ལོ་ཐོ་རྩོམ་སྒྲིག་དང་འགྲེམས་སྤེལ།  རྩིས་དཀར་ནག་གི་སློབ་མ་མང་དུ་བསྐྱངས་པ་མ་ཟད།  མ་ཧཱ་ཙི་ནའི་རྩིས་གཞུང་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་པ་གསར་རྩོམ་མཛད་པ་དང་། རྩིས་རམས་པ་འཇམ་དབྱངས་ཆོས་འཛིན་སོགས་ཀྱིས་བླ་བྲང་ཀྱེེ་རྡོར་གསང་སྔགས་དར་རྒྱས་གླིང་ནས་ལོ་རེ་བཞིན་རྒྱ་རྩིས་ལྟར་གྱི་ལོ་ཐོ་འབྲི་བཞིན་ཡོད་དོ།  །
གཞན་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཨེ་ཝཾ་ཆོས་འཁོར་གླིང་གི་སྒྲ་རྩིས་སྨྲ་བའི་དབང་པོ་སྨད་སོག་བཛྲརམ་བློ་བཟང་སྦྱིན་པ་མཆོག་གིས་རྩིས་རམས་པ་སྨད་སོག་ཟླ་བ་དང་ཨོཾ་འཁྱིལ་འཇམ་དབྱངས་ལེགས་བཤད་སོགས་བསྟེན་ནས་སྐར་རྩིས་དང་།  རྒྱ་རྩིས།  འབྱུང་རྩིས།  དབྱངས་འཆར་གྱི་སྐོར་སོགས་དཔྱིས་ཕྱིན་པར་སྦྱངས་པ་དང་།   བསྟན་པ་ཡང་དར་གྱི་སྐབས་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གཙོ་བྱས་པའི་རྨ་ལྷོ་བྱང་གི་ཆོས་སྡེ་མང་པོར་སྒྲ་རིག་པ་དང་རྩིས་ཀྱི་འཆད་ཉན་མང་དུ་གནང་ནས་སློབ་མ་མང་དུ་བསྐྱངས་པ་དང་།  བརྩམས་ཆོས་ལ་ཡང་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིགས་ལྡན་ཞལ་ལུང་བྱིས་པའི་མིག་འབྱེད་དང་།   རིགས་ལྡན་ཞལ་ལུང་གི་ཟུར་རྒྱན་རེའུ་མིག་གསེར་གྱི་ལྡེ་མིག  །སྟོང་འཇུག་ཡིད་ཀྱི་མུན་སེལ།  ལྔ་སྒྲ་གཟའ་ལྔའི་ཞག་གསུམ་གྱི་འཁོར་གྲངས་ཀྱི་ངེས་པའི་ལོངས་སྤྱོད་སླར་ངོ་མཚར་དུ་སྐྱེས་པའི་སྒྲུབ་ཚུལ།  སྐར་རྩིས་འབྱུང་རྩིས་ཟུང་སྡེབ་ཀྱི་ལོ་ཐོ་སྦྱོར་ཚུལ་དང་ཉེར་མཁོའི་གཟུགས་རིས་འགྲེལ་བཤད་སོགས་རྒྱས་པར་བཀོད་པ་རྩིས་ཀྱི་རིག་པའི་ཉིང་ཁུ།  མ་ཧཱ་ཙི་ནའི་རྩིས་ལ་འཇུག་པའི་ཡི་གེ་འཇམ་དབྱངས་མཆོད་པའི་མེ་ཏོག ། མ་ཧཱ་ཙི་ནའི་རིང་ལུགས་འབའ་ཞིག་ལས་འོངས་པའི་ཟླ་ཉི་སྒྲིབ་རྩིས་འཇམ་དབྱངས་འཛུམ་ཟེར།  དེའི་ཉེར་མཁོའི་རེའུ་མིག   །འཇམ་དབྱངས་མཆོད་པའི་མེ་ཏོག་ལ་ཉེ་བར་མཁོ་བའི་ཟུར་འདེབས་བུང་བ་བཟི་བའི་ཅ་ཅོ་སོགས་མཛད་པ་དང་།   རབ་འབྱམས་པ་ངག་དབང་ཀུན་བཟང་གིས་མཛད་པའི་རྩིས་རིག་བློ་གསལ་འཇུག་ངོགས་བྱ་བ་སྐར་རྩིས་ཀྱི་ལག་ལེན་དང་གོ་དོན།  རྒྱ་རྩིས།  ནག་རྩིས།   ཉེར་མཁོའི་རེའུ་མིག་སོགས་ཆ་ཚང་བ་དང་།  གཙང་ར་རྒྱ་དགོན་པའི་མཁས་དབང་རྩི་བཞག་ཆོས་འཕེལ་རྒྱ་མཚོའི་རབ་གནས་ཆུ་སྤྲེལ(སྤྱི་ལོ༡༩༩༢)ལོར་རྩིས་མགོ་འཛིན་པའི་གཞུང་ལག་ལེན་འཁྱེར་བདེའི་སྐར་རྩིས་སྙིང་པོ་བཏུས་པ་དང་ཟུར་བརྒྱན་རེའུ་མིག་གི་སྐོར།    རྩིས་རིག་སྨྲ་བ་དཀོན་མཆོག་ཤེས་རབ་ཀྱིས་དགེ་ལྡན་རྩིས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་པ་བྱ་བ་ཉེར་མཁོའི་རེའུ་མིག་དང་བཅས་པ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་ཉི་སྒྲིབ་པའི་རི་མོ་འཆར་ཚུལ་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་དང་། འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་གྱི་ཁ་སྐོང་དག་ཚེས་དང་ཟླ་ཉི་སྒྲིབ་པའི་རི་མོ་འཆར་ཚུལ་ངོ་མཚར་འཕྲུལ་གྱི་སྒུལ་ཤུགས།   མ་ཧཱ་ཙི་ནའི་ལུགས་ཀྱི་རྩིས་རིག་བསྡུས་པ་བྲི་ཐབས་རིན་ཆེན་ཕྲེང་བ། ས་གླང་བརྟག་ཚུལ་ཀུན་ཕན་ཟླ་བའི་འོད་ཟེར་སོགས་མཛད་པ་ལ་བརྟེན་ནས་གངས་ཅན་གྱི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་རོ།  །
སྨྲས་པ།
ལྷག་བསམ་རབ་དཀར་གངས་རི་ལས་འོངས་པའི། །རིག་པའི་བདུད་རྩི་ཡན་ལག་བརྒྱད་ལྡན་ཀླུང་། །
ཡང་དར་བསྟན་པའི་ཞིང་སར་འདྲེན་མཁས་པ།  །གྲུབ་མཐའ་རྒྱ་མཚོའི་བདག་པོར་བཞེངས་མིན་ནམ།  །
དེ་ལྟར་ཡང་དར་སྐབས་སུ་རྩིས་རིག་དར་ཚུལ་བཤད་ཟིན་ཏོ། །
本文系2015年国家自然基金项目【藏历算法模型及自动推算系统研究】批准号61550006阶段性成果之一。
华洛  13897623886

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།