འཇིག་རྟེན་སྣོད་བཅུད་ཀྱི་རྣམ་གཞག་ཟླ་བ་ནོར་བུའི་དོ་ཤལ།

12.jpg


ནང་དོན་གཙོ་བཏུས།  རྩོམ་ཡིག་འདིར་གནའ་བོའི་རྒྱ་གར་གྱི་བཤད་སྲོལ་ལྟར་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་འཇིག་གནས་གསུམ་དང་། ནང་བཅུད་ཀྱི་སེམས་ཅན་གྱི་འཇིག་རྟེན་གྱི་གནས་སྟངས། ཡུལ་དུས་ཀྱི་འཇལ་བྱེད་ཚད་བཅས་ དམ་པའི་ཆོས་མངོན་པ་མཛོད་རྩ་འགྲེལ་ལས་བྱུང་བ་བཞིན་མདོར་བསྡུས་སུ་བཤད་ཡོད།
           གནད་འགག་མིང་བརྡ།  མངོན་པ།   འཇིག་རྟེན།  ཆགས་འཇིག།
དེ་ལའང་མདོ་སྡེ་ཕལ་བོ་ཆེ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་དང་། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་དང་། ཕྱོགས་རྣམས་ཀུན་ན་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་གྲུ་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །ཞེས་དང་། མདོ་སྡེ་ལས་བརྒྱ་པ་ལས་ཀྱང་། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་ཁམས་རྣམས་འགྲོ་བ་སེམས་ཅན་གྱི་ལས་ལས་གྲུབ་པ་ཤ་སྟག་ཡིན་ཞིང་། སེམས་ཅན་མཐའ་ཡས་པའི་ཕྱིར་འཇིག་རྟེན་ཁམས་ཀྱང་མཐའ་ཡས་ལ། སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་པའི་དབང་གིས་འཇིག་རྟེན་ཁམས་ཀྱི་བཀོད་པའང་མི་འདྲ་བ་མཐའ་ཡས་པའི་ཕྱིར། འཇིག་རྟེན་གྱི་ཁམས་མ་ལུས་པའི་རྣམ་པར་གཞག་པ་ནི་བསྟན་པར་མི་ནུས་མོད། འདིར་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་རྣམ་པར་གཞག་པ་ཙམ་ཞིག་མངོན་པ་མཛོད་རྩ་འགྲེལ་ལས་བྱུང་བའི་ཚུལ་མདོར་བསྡུས་སུ་བཤད་པར་བྱ་སྟེ། འདི་ལ་གསུམ། སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་དང་། འཇལ་བྱེད་ཚད་བཤད་པའོ། །
                    དང་པོ།               སྣོད་ཀྱི་འཇིག་རྟེན་བཤད་པ།
རང་ཅག་རྣམས་གནས་པའི་འཇིག་རྟེན་གྱི་ཁམས་འདི་ལ་ཅིའི་ཕྱིར་མི་མཇེད་ཅེས་བྱ་ཞེ་ན། མི་མཇེད་ཅེས་པ་བཟོད་པའི་མིང་སྟེ། འཇིག་རྟེན་འདིའི་སེམས་ཅན་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་འཆང་བ་རྣམས་ལས་མི་མཇེད་པས་ན་མི་མཇེད་ཅེས་བྱ་བ་དང་། ཡང་འཇིག་རྟེན་འདིར་རྒྱལ་སྲས་སྙིང་སྟོབས་ཅན་ཆེས་མང་དུ་བྱོན་པ་རྣམས། དུག་གསུམ་གྱིས་མི་འཕྲོགས་ཤིང་། བཟོད་པའི་ཡོན་ཏན་གྱི་སྒོ་ནས་གནོད་བྱེད་གང་གིས་ཀྱང་མི་མཇེད་པས་ན། སྐྱེས་བུ་དམ་པ་དེ་དག་གི་མིང་གིས་ཀྱང་དེ་ལྟར་བརྗོད་པར་བཤད་དོ། །
འཇིག་རྟེན་འདིར་ཐོག་མར་འཆགས་པའི་ཚེ། བསྐལ་པ་སྔ་མ་སྟོངས་པའི་ནམ་མཁའ་སྟོང་པ་ལ་དང་པོ་ལྷའི་གནས་གོང་མ་རྣམས་འོག་ནས་འཆད་འགྱུར་བཞིན་མས་ནས་རིམ་བཞིན་འཆགས་པའི་རྗེས་སུ།  འོག་གི་ཆར་སེམས་ཅན་སྤྱིའི་ལས་ཀྱི་སྟོབས་ཀྱིས་རླུང་ཕྲན་འཇམ་པོ་འཁྲིགས་པ་རིམ་གྱིས་ཇེ་ཆེར་སོང་བ་ལས། སྟོང་གསུམ་འོག་གཞིར་གྱུར་པའི་རླུང་གི་དཀྱིལ་འཁོར་དབྱིབས་ཟླུམ་པོ། ཁ་དོག་སྣ་ཚོགས་པའམ་ཁ་ཅིག་ནི་སྔོ་སྐྱར་འདོད་ལ། ཡོན་ཏན་ནི་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པའི་སྟབས། འཐུག་རྔམས་ལ་དཔག་ཚད་ས་ཡ་ཕྲག་གཅིག་དང་དྲུག་འབུམ། རྒྱར་སྟོང་གསུམ་དང་མཉམ་པས་གྲངས་མེད་པ་ཞིག་འཆགས་སོ། །དེ་ལྟ་བུའི་རླུང་དེའི་སྟེང་དུ་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འཁྲིགས་པ་ལས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་ལོ་མང་པོར་བབས་པ་ལས་ཆུའི་དཀྱིལ་འཁོར་འཐུག་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་པ་ཞིག་འཆགས་སོ། །ཆུ་དེའི་ཐད་ཀར་མི་འབོ་བ་ནི་ལས་ལས་གྲུབ་པ་སྟེ། ཟས་སུ་མ་ཞུ་བ་ལོང་གར་སྡོད་པ་བཞིན་དང་། ཡང་གློ་ན་གནས་པའི་རླུང་གིས་བརྟེན་པའོ།
དེ་ལྟ་བུའི་ཆུ་དེ་ཡུན་རིང་བོར་རླུང་གིས་དཀྲུགས་པ་ལས། དུས་ཕྱིས་ནི་ཆུའི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པའི་མཚོར་གྱུར་ཅིང་། དེའི་ལྷག་མ་དཔངས་སུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་(ཁོར་ཡུག་ཏུ་ས་ཡ་ཕྲག་གསུམ་དྲུག་འབུམ་ཁྲི་དང་སུམ་བརྒྱ་ལྔ་བཅུ)དག་ནི་མཚོའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །ཆུ་དེ་དང་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་དཀྱིལ་གྱི་ཐད་ཀར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་ཡོད་ལ། དེ་དག་གི་ཁོར་ཡུག་སྟེ་མཐའ་སྐོར་དུ་ནི་སུམ་འགྱུར་དུ་བརྩི་སྟེ། དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་སྟོང་ཕྲག་ཕྱེད་དང་བཞིའོ། །དེ་དག་གི་བར་རྣམས་ན་ནི་གླིང་བར་གྱི་མུན་པ་ཡོད་དེ། གདགས་པ་ལས། འཇིག་རྟེན་བར་མཚམས་ཕན་ཆད་དུ། །ཉི་ཟླ་དེ་བཞིན་སྐར་མ་དང་། །རྒྱུ་སྐར་ཚོགས་ནི་རྒྱ་ཆེན་ཀུན། །ཁོར་ཡུག་མི་འདའ་འཇིག་རྟེན་གྱི། །བར་མཚམས་ཐམས་ཅད་མུན་པར་འདུག །ཅེས་བཤད་པའི་ཕྱིར་རོ། །
དེའི་རྗེས་ལ་ལས་ཀྱི་དབང་གིས་ནམ་མཁའ་ལ་ས་བོན་ནམ་ཁམས་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སྤྲིན་འཁྲིགས་ཏེ་ཆར་ལོ་མང་དུ་བབ་པ་ལས་ཡང་མཚོ་ཆེན་པོ་ཞིག་འཆགས་ཏེ། ཚད་ནི་དཔག་ཚད་བརྒྱད་ཁྲི་ཙམ་ཞིག་ཏུ་ངེས་སོ། །དེ་ལ་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་དཀྲུགས་པ་ལས་གསེར་གྱི་ས་གཞི་དེ་ལ་ལྷུན་པོའི་རི་འཆགས་ཏེ། བརྗིད་ཆེ་བས་ན་ལྷུན་པོ་དང་། རིའི་རྒྱལ་པོ་ཡིན་པས་ན་རི་རབ་བོ། །དེ་བཞིན་དུ་རི་ཕྱི་མ་རྣམས་ཀྱང་རང་རང་གི་དབྱིབས་དང་འདྲ་བའི་རླུང་ལས་རིམ་གྱིས་འགྲུབ་བོ། །ཡང་ཁམས་འབྲིང་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་རི་དེ་ལ་བསྐོར་དེ་དཀྲུགས་པ་ལས་ལྷུན་པོའི་ཕྱི་རོལ་དུ་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་བལྟ་ན་སྡུག་གི་རི་དང་། རྟ་རྣ་དང་། རྣམ་པར་འདུད་དང་། མུ་ཁྱུད་འཛིན་གྱི་རི་ཞེས་བྱ་བ་བདུན་ཆགས་ཏེ། རི་དེ་དག་གི་རྩེ་མོ་ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་པའམ་གཉའ་ཤིང་གི་རྣམ་པ་དང་། གཤོལ་མདའི་རྣམ་པ་དང་། གསེར་གྱི་སེང་ལྡེང་ཡོད་པས་སམ་སེང་ལྡེང་གི་མདངས་འདྲ་བ་དང་། ཡིད་དུ་འོང་བ་དང་། བྲག་རྟའི་རྣ་བ་དང་འདྲ་བ་དང་། དབུས་ཕྱོགས་སུ་རྣམ་པར་འདུད་པ་དང་། ཐམས་ཅད་ཀྱི་མཐའ་བསྐོར་བའི་ཕྱིར་རིམ་པ་བཞིན་དུ་དེ་སྐད་དུ་བརྗོད་ལ། སའི་དངོས་གཞི་ལས་ནི། རྣམ་པར་འདུད་དང་། རྟ་རྣ་དང་། བལྟ་ན་སྡུག་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། ཞེས་བར་ལྔ་གོ་རིམ་གཞན་དུ་བཤད་ཅིང་། རི་དེ་དག་གི་མིང་དེ་རྣམས་ནི་དེ་དག་གི་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བར་བྱའོ། །ཞེས་བཤད་དོ། །
དེ་ནས་ནི་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་དུ་ཁམས་ཐ་མ་སྡུད་ཅིང་འབྱེད་པའི་རླུང་གིས་ཁོལ་བུར་དཀྲིགས་པས་ལུས་འཕགས་ཀྱི་གླིང་ལ་སོགས་པ་རྣམས་འཆགས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་མཐའ་ནས་ཀུན་ཏུ་བསྐོར་བས་གླིང་དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་ལྕགས་རི་སྟེ། དེའི་ཕྱིའི་མཐའ་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ་དེས་ནི་གླིང་བཞི་ཁོར་ཡུག་ཏུ་བསྐོར་ལ། གླིང་བཞི་པོ་ཐམས་ཅད་དེ་ལྟ་བུའི་ཚུལ་གྱིས་དུས་མཉམ་དུ་འཆགས་སོ། །རི་དེ་དག་ལས་མུ་ཁྱུད་འཛིན་པ་ལ་སོགས་པ་བདུན་ནི་གསེར་གྱི་རང་བཞིན་ཡིན་ལ་ཁོར་ཡུག་གི་དེ་ནི་ལྕགས་ཀྱི་རང་བཞིན་ཡིན། ལྷུན་པོ་ནི་ཤར་དངུལ་ལམ་ཤེལ་དང་ལྷོ་བེེཌཱུརྱ་དང་ནུབ་ཤེལ་དམར་རམ་པདྨ་རཱ་ག་དང་བྱང་གསེར་ཏེ་རིན་ཆེན་བཞིའི་རང་བཞིན་ལས་གྲུབ་པ་དེའི་འོད་ཀྱིས་ངོས་དེའི་ནམ་མཁའ་དང་རྒྱ་མཚོའང་དེའི་ཁ་དོག་ཏུ་སྣང་སྟེ། དེས་ན་འཛམ་བུའི་གླིང་གི་ངོས་བེེཌཱུརྱ་ཡིན་པས་དེའི་འོད་ཀྱིས་འདིའི་ནམ་མཁའ་དང་རྒྱ་མཚོའང་བེེཌཱུརྱའི་ཁ་དོག་ཏུ་སྣང་ངོ་། །ཚད་ནི་རི་དགུ་པོ་ཐམས་ཅད་ཀྱང་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་དག་ནུབ་བོ་ཞེས་བྱ་སྟེ། ཐམས་ཅད་གསེར་གྱི་ས་གཞི་ལ་བརྟེན་པའི་ཕྱིར་དང་། ཆུའི་སྟེང་དུ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་འཕགས་པའོ། །མདོ་ཕལ་ཆེན་ལས་ནི། རི་རབ་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་པ་དང་། རྒྱ་མཚོའང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པར་བཤད་མོད་ཀྱི། འདིར་ནི་འདུལ་བ་ལུང་གཞི་ལས། རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་འོག་ཏུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ །དཔག་ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ་དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །ཞེས་གསུངས་པ་དང་མཐུན་པར་བཤད་དོ། །རི་ཕྱི་མ་བརྒྱད་པོའི་འཕང་གི་ཚད་ནི་རི་རབ་ཀྱི་ཕྱེད་ཕྲི་བ་གཉའ་ཤིང་འཛིན་ཡིན་པ་ལ་སོགས་པ་ཕྱེད་ཕྱེད་དབྲི་བར་བྱ་སྟེ། འདི་ལྟར་གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི་ཡིན་པ་ནས་ཁོར་ཡུག་གི་ལྕགས་རིར་དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ཡིན་ནོ། །ཞེས་བྱ་བའི་བར་དུ་སྦྱར་ཏེ། དེས་ན་རི་བརྒྱད་པོའི་ཆུ་མཚམས་ཡན་གྱི་འཕང་ཚད་བསྡོམས་པས་ལྷུན་པོའི་ཆུ་མཚམས་ཡན་ཆད་ཀྱི་འཕང་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་གྱིས་མ་སླེབ་པར་ཤེས་ལ། རི་དེ་དག་ཐམས་ཅད་ཀྱི་རྔམས་སུ་སྟེ་ཞིང་དུའང་རང་རང་གི་འཕང་དང་ཚད་མཉམ་སྟེ་དེ་དག་ཀྱང་ཆུའི་སྟེང་ཡན་ཆད་ཀྱི་དབང་དུ་བྱས་སོ། །
རི་རབ་ནས་མུ་ཁྱུད་འཛིན་ལ་ཐུག་པའི་རི་དེ་དག་གི་བར་བདུན་ནི་རོལ་བའི་མཚོ་བདུན་ཡིན་ཏེ། ཀླུའི་རྒྱལ་པོ་རྣམས་རོལ་ཞིང་རྩེ་བའི་གནས་ཡིན་པའི་ཕྱིར་དེ་སྐད་དུ་བརྗོད་ལ། དེ་དག་ནི། བསིལ་དང་ཞིམ་དང་ཡང་བ་དང་། །འཇམ་དང་དྭངས་དང་དྲི་ང་མེད། །། འཐུངས་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ཞིང་། དགའ་བོ་ཉེར་དགའ་རྟས་རྒལ་དང་། །བཏང་བཟུང་དང་ནི་གཟི་ཅན་དང་། །ཡུལ་འཁོར་སྲུང་དང་ནག་པོ་ཆེ། །ཨེ་ལའི་འདབ་མ་ཕྱི་མ་ཡིན། །ཞེས་པའི་ཀླུ་ཆེན་བརྒྱད་རྩེ་བའོ། །ཚད་ནི་ཅི་ཙམ་ཞེ་ན། དེ་དག་ཐམས་ཅད་ཟབས་སུ་དཔག་ཚད་བརྒྱད་ཁྲི་པར་མཚུངས་ཤིང་དང་པོ་རི་རབ་དང་གཉའ་ཤིང་འཛིན་བར་གྱི་རོལ་མཚོ་ལ་ཁ་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། དེ་ཡང་རི་རབ་དང་གཉའ་ཤིང་འཛིན་བར་གྱི་ཚད་ཡིན་གྱི་ཤར་ནུབ་ཏུ་ནི་དཔག་ཚད་ཉིས་འབུམ་བཞི་ཁྲི་ཡོད་པའི་ཕྱིར་རོ། །ནང་གི་རྒྱ་མཚོ་དང་ཕྱིའི་རྒྱ་མཚོ་གཉིས་ལས་རོལ་མཚོ་བདུན་པོ་དེ་དག་ནི་ནང་གི་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་ཡིན་ཏེ་ནང་ཁོ་ནར་ངེས་པའི་ཕྱིར་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་འཆར་བ་དང་། ཆུའི་གཏེར་ཡིན་པའི་ཕྱིར་རོ། །མཚོ་དེའི་གཉའ་ཤིང་འཛིན་གྱི་ངོས་ལ་ནི་ཕྱོགས་རེ་རེ་ལའང་ཞེང་གི་སུམ་འགྱུར་སྟེ་དཔག་ཚད་ཉིས་འབུམ་བཞི་ཁྲི་པ་རེ་ཡོད་ལ། རོལ་མཚོ་གཞན་དྲུག་ནི་སྔ་མ་སྔ་མའི་ཕྱེད་ཕྱེད་ཀྱི་ཚད་དེ། རིམ་པ་ལྟར་དཔག་ཚད་བཞི་ཁྲི་དང་། ཉི་ཁྲི་དང་། ལྔ་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དོ། །དེ་དག་གི་ངོས་ཀྱི་ཚད་ནི་སྔ་མ་སྔ་མ་བས་ཆེས་ཆེ་བར་ཤེས་པར་བྱའོ། །ལྷག་མ་མུ་ཁྱུད་འཛིན་དང་ཁོར་ཡུག་གི་བར་གྱི་ཆུ་རྣམས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ཏེ། དེའི་ཚད་ནི་མུ་ཁྱུད་འཛིན་གྱི་མཐིལ་ནས་ཁོར་ཡུག་ལྕགས་ཀྱི་རིའི་མཐིལ་བར་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད་ལ། མཐའ་བསྐོར་གྱི་ཚད་ནི་དཔག་ཚད་ས་ཡ་གསུམ་དང་དྲུག་འབུམ་བདུན་བརྒྱ་ལྔ་བཅུ་དང་། དེ་ལྟར་བརྩིས་པས་ཁོར་ཡུག་ལྕགས་རིའི་ཕྱིའི་མཐའ་བསྐོར་དུ་དཔག་ཚད་ས་ཡ་གསུམ་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད།  ཕྱིའི་རྒྱ་མཚོ་དེ་ནི་བ་ཚྭ་ཅན་གྱི་ཆུས་གང་ངོ་། །
རི་རབ་ཀྱི་ལྷོ་ན་ཤིང་འཛམ་བུས་མཚན་པ་དང་མཐའ་ཆུས་འཁོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་འཛམ་བུའི་གླིང་སྟེ་ཚད་ནི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་ལ། ངོས་གཅིག་སྟེ་ཁོར་ཡུག་ལ་བསྟན་པ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ། །ངོས་དག་ཚད་མཉམ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གླིང་འདི་ནི་ཤིང་རྟའམ་སོག་པའི་དབྱིབས་སུ་ཡོད་པའི་ཕྱིར་ཏེ། མཐའ་སྐོར་ན་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་དང་བཞི་ཡོད། དེའི་དབུས་སུ་གསེར་གྱི་ས་གཞི་ལ་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མཛད་པའི་གནས་རྡོ་རྗེ་གདན་མངོན་པར་འགྲུབ་སྟེ། ཏིང་ངེ་འཛིན་དེ་ནི་ལུས་དང་ས་ཕྱོགས་གཞན་གྱིས་གཟོད་པར་མི་ནུས་སོ། །
དེ་ནས་རི་རབ་ཀྱི་ཤར་ངོས་ན་ལུས་འཕགས་པོ་ཞེས་བྱ་བའི་གླིང་ཡོད་དེ། དབྱིབས་ཟླ་གམ་ལྟ་བུ་བཅད་ཁ་ནི་རི་རབ་ལ་བསྟན་པའོ། །ཚད་ནི་ངོས་གསུམ་ལ་འཛམ་བུའི་གླིང་དང་འདྲ་བར་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང་། ངོས་ཆུང་ཤོས་ཁོར་ཡུག་ལ་བསྟན་པ་〔ནང་དུ་བསྟན་པར་བཤད་པའང་ཡོད〕གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་དང་། མཐའ་སྐོར་ན་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་དང་བཞི་བརྒྱའོ། །ས་སྡེ་ལས་ངོས་ཆུང་ཤོས་ལ་དཔག་ཚད་སྟོང་དུ་བཤད་ཅིང་། གླིང་དེ་ནི་གཞན་ལས་ཤིང་ཏ་ལ་བདུན་སྲིད་ཀྱིས་འཕགས་པའམ་དེར་སྐྱེས་པའི་མི་རྣམས་གླིང་གཞན་ལས་ལུས་ཆེ་བའི་ཕྱིར་ལུས་འཕགས་ཞེས་སོ། །
རི་རབ་ཀྱི་ནུབ་ཕྱོགས་ན་བ་གླང་སྤྱོད་ཅེས་བྱ་བའི་གླིང་ཡོད་དེ། དེ་ནི་དབྱིབས་ཀུན་ནས་ཟླུམ་པོ་སྟེ་མཐའ་སྐོར་གྱི་ཚད་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ། དེའི་དབུས་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡིན་ནོ། །གླིང་དེ་ན་གཙོ་བོར་བ་ལང་དང་རིན་པོ་ཆེ་ལ་ལོངས་སྤྱོད་པའི་ཕྱིར་བ་ལང་སྤྱོད་ཅེས་སོ། །
རི་རབ་ཀྱི་བྱང་ཕྱོགས་ན་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཡོད་དེ། ཚད་ནི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ། མཐའ་བསྐོར་ན་དཔག་ཚད་སྟོང་ཕྲག་བརྒྱད་ཀྱིས་བསྐོར་ཏེ་དབྱིབས་གྲུ་བཞིར་མཉམ་པར་གནས་སོ། །དེར་སྐྱེས་པའི་སེམས་ཅན་དེ་དག་འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་ཐོས་པའི་ཕྱིར་རམ། བི་ཤ་ཙི་ཏ་སྟེ་འདྲེའི་སྐད་དུ་སྨྲ་བའི་ཕྱིར་སྒྲ་མི་སྙན་ཞེས་བྱའོ། །གླིང་གང་གི་དབྱིབས་ཅི་འདྲ་བ་དེ་ན་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་དང་བུད་མེད་ཀྱི་སྐྱེ་གནས་ཀྱང་དེ་དང་འདྲའོ།  །
གླིང་བཞི་པོ་དེའི་བར་གྱི་གླིང་ཕྲན་བརྒྱད་པོ་རྣམས་ནི་ལུས་འཕགས་པོའི་ལྷོ་ན་ལུས་དང་བྱང་ན་ལུས་འཕགས་ཞེས་བྱ་བ་ནི་ལུས་འཕགས་པོའི་གླིང་གཡོག་དང་། སྒྲ་མི་སྙན་གྱི་ཤར་ན་སྒྲ་མི་སྙན་དང་ནུབ་ན་སྒྲ་མི་སྙན་གྱི་ཟླ་གཉིས་ནི་སྒྲ་མི་སྙན་གྱི་གླིང་གཡོག །འཛམ་བུའི་གླིང་གི་ནུབ་ན་རྔ་ཡབ་དང་ཤར་ན་རྔ་ཡབ་གཞན་གཉིས་ནི་འཛམ་བུའི་གླིང་གི་གླིང་གཡོག །བ་ལང་སྤྱོད་ཀྱི་བྱང་ན་གཡོ་ལྡན་དང་ལྷོ་ན་ལམ་མཆོག་འགྲོ་གཉིས་ནི་བ་ལང་སྤྱོད་ཀྱི་གླིང་གཡོག་ཡིན་ནོ།  །
གླིང་རྣམས་ཀྱི་རྩ་བ་གསེར་གྱི་ས་གཞི་ལ་བརྟེན་པ་ཡིན་ཞིང་ཐམས་ཅད་མིའི་གནས་སོ། །འདི་རྣམས་ཀྱི་དབྱིབས་ནི་གླིང་གཙོ་བོ་དང་འདྲ་ལ། ཚད་ནི་མངོན་པར་མ་གསུངས་ཀྱང་། དུས་འཁོར་ལས་གླིང་གཙོ་བོའི་ཕྱེད་ཕྱེད་དུ་གསུངས་ལ། གླིང་གཙོ་བོ་དང་ཉེ་རིང་གི་ཚད་ནི་མ་གསུངས་སོ། །
འཛམ་བུའི་གླིང་འདི་ཉིད་ཀྱི་དབུས་ན་རྡོ་རྗེ་གདན་ཡོད་ལ། དེ་ནས་རྩིས་པའི་བྱང་དུ་རི་ནག་པོ་གསུམ་ཚན་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་སྟེ་རི་བོ་གངས་ཅན་དང་། དེ་ནས་བྱང་དུ་དཔག་ཚད་ལྔ་བཅུ་བགྲོད་པ་ན་སྤོས་ཀྱི་ངད་ལྡང་བའི་རི་བོ་དང་། དེ་ནས་དཔག་ཚད་བཅུའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་དབྱིབས་གྲུ་བཞི་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གཏིང་དང་ཆུ་ཞེང་གཉིས་ཀར་དཔག་ཚད་ལྔ་བཅུ་ཡོད་ཅིང་མཐའ་བསྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་ཁེབས་པ་ཡོད་ལ། མཚོ་དེའི་ཤར་ཕྱོགས་ནས་དངུལ་གྱི་བྲག་གླང་བོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པ་དང་། དེའི་ལྷོ་ཕྱོགས་ནས་གསེར་གྱི་བྲག་རྟ་མཆོག་གི་ཁ་འདྲ་བ་ལས་ཆུ་བོ་སིནྡྷུ་ཞེས་བྱ་བ་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་པ་དང་། དེའི་ནུབ་ཕྱོགས་ནས་བེེཌཱུརྱའི་བྲག་རྨ་བྱའི་ཁ་འདྲ་བ་ཞེས་ཆུ་བོ་པཀྵུ་ཞེས་བྱ་བ་བེེཌཱུརྱའི་བྱེ་མ་འདྲེན་ཅིང་འབབ་པ་དང་། དེའི་བྱང་ཕྱོགས་ནས་རྡོ་རྗེའི་བྲག་སེངྒེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་ཞེས་བྱ་བ་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་པ་དང་། ཆུ་ཀླུང་ཆེན་པོ་དེ་བཞི་རེ་རེ་ཡང་ཆུ་ཕྲན་ལྔ་བརྒྱ་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་དང་མ་འདྲེས་པར་མཚོ་དེ་ལ་གཡས་བསྐོར་ལན་བདུན་བདུན་བྱས་ནས་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོ་ཆེན་པོར་འགྲོ་བ་ཡིན་ཏེ། གདགས་པ་ལས། ཆུ་ཀླུང་གངྒཱ་སིནྡྷུ་པཀྵུ་དང་། །སི་ཏཱ་རྦ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སི་ཏཱ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་འབྱུང་ངོ་། །མཚོ་མ་དྲོས་པ་དེ་ནི་འཛམ་བུའི་གླིང་གི་ཆུ་ཀླུང་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མེ་ཏོག་དང་འབྲས་བུ་དང་སྨན་དང་ནགས་ཚལ་ལ་སོགས་པ་དང་། རྒྱ་མཚོའི་རིན་པོ་ཆེ་ཐམས་ཅད་ཀྱང་དེའི་མཐུས་འབྱུང་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཅི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་ནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན།  །ཞེས་དང་། དཔེར་ན་མ་དྲོས་གནས་པའི་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །ཞེས་གསུངས་པས་སོ། །དེ་ལ་མ་དྲོས་པ་ཞེས་པ་ནི། ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའམ། དམྱལ་བ་མནད་མེད་ཀྱི་མེས་མ་དྲོས་པས་ན་དེ་ལྟར་བརྗོད་དོ། །
ཡང་འཛམ་བུའི་གླིང་འདི་ལ་རི་ཆེན་པོ་གསུམ་དང་། ཤིང་ཁྱད་པར་ཅན་གསུམ་ཡོད་དེ། རི་གསུམ་ནི་རི་གངས་ཅན་དང་། འབིགས་བྱེད་དང་། མནྡྷ་ར་དང་གསུམ། ཤིང་གསུམ་ནི། མ་དྲོས་པའི་གཡས་ཀྱི་འགྲམ་ན་ཤིང་འཛམ་བུ་ཞེས་བྱ་བ་གང་ལས་འབྲས་བུ་མངར་པ། ཚད་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུའི་ནང་དུ་ལྷུང་བ་ལས་འཛམ་བུ་ཞེས་བྱ་བའི་སྒྲ་འབྱུང་བ་ཡོད་དེ།  དེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཉར་སྤྲུལ་ནས་ཟ་བ་དང་། མ་ཟོས་པ་དང་ཟོས་ལྷག་མ་དྲོས་པའི་ཆུ་དང་འཕྲད་པས་འཛམ་བུའི་ཆུ་བོའི་གསེར་དུ་འགྱུར་རོ། །ཤིང་དེས་མཚན་པའི་ཕྱིར་རམ་ཤིང་དེའི་འབྲས་བུ་ཆུར་ལྷུང་བའི་སྒྲ་ལས་འཛམ་བུའི་གླིང་ཞེས་བྱའོ།  །
རི་སྤོས་ངད་ལྡང་གི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ངོས་རེ་ལ་དཔག་ཚད་ལྔ་བཅུ་རེ་ཡོད་པ་མཐའ་བསྐོར་ན་དཔག་ཚད་ཉིས་བརྒྱས་འཁོར་བ། སྟེང་དུ་དཔག་ཚད་ཕྱེད་དང་བཞི་འཕགས་པ་ཁོར་ཡུག་ཏུ་གསེར་གྱི་བྲག་གཡོག་བྱ་སྐྱིབས་ཅན་བརྒྱད་སྟོང་དང་བཅས་པ་དང་། དེའི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་སཱ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཞིག་ཡོད་དེ། ཤིང་དེའི་རྩ་བ་ནི་འདོམ་བཞི་བཅུ་ཐུར་དུ་ཟུག་པ་སཱ་ལའི་སྡོང་པོའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བའི་རིམ་པ་དང་པོའི་རྩ་བ་འདོམ་བཅུ་གསུམ་ཐུར་དུ་ཟུག་པ་ནས་བདུན་པའི་རྩ་བ་འདོམ་བདུན་གྱི་དར་དུ་ཟུག་པ། གྱེན་དུ་འཕགས་པ་ནི་རིམ་པ་དང་པོ་དཔག་ཚད་བཅུ་གསུམ་ནས་རིམ་པ་བདུན་པ་དཔག་ཚད་བདུན་གྱི་བར་དུ་ཡིན་ལ། སཱ་ལའི་རྒྱལ་པོའི་ཡལ་ག་ལོ་འདབ་ཀྱིས་སཱ་ལའི་ཕྲེང་བ་དང་པོ་ལ་ཐུག་པ་ནས་ཕྲེང་བ་དྲུག་པའི་ཡལ་ག་ལོ་འདབ་ཀྱིས་ཕྲེང་བ་བདུན་པ་ལ་ཐུག་ཅིང་བདུན་པའི་ཡལ་ག་ལོ་འདབ་ནི་ནམ་མཁར་ཁྱབ་པའོ། །ཤིང་དེའི་ཤར་དུ་དཔག་ཚད་ཉི་ཤུ་འདས་པ་ན་རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་རེ་དང་མཐའ་བསྐོར་ལ་དཔག་ཚད་ཉིས་བརྒྱ་ཡོད་པ་འཁོར་དུ་རྫིང་གཡོག་བརྒྱད་སྟོང་དང་བཅས་པ་ཨུཏྤལ་ལ་སོགས་པའི་མེ་ཏོག་སྣ་ཚོགས་པས་བརྒྱན་པ་ཞིག་ཡོད་ཅིང་། དེ་གསུམ་གྱི་ཉེ་འཁོར་དུ་ལྷའི་དབང་བོ་བརྒྱ་བྱིན་གྱིས་གཡུལ་ངོར་སྤྱོད་པའི་གླང་བོ་ཆེ་རབ་བརྟན་ཞེས་བྱ་བ། ལུས་དཀར་ཞིང་མགོ་སྔོན་པོ་དབུས་དམར་བ་མཆེ་བ་དྲུག་དང་ལྡན་པ། ལུས་ཀྱི་ཚད་ལ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག་དང་། འཕང་དུ་དཔག་ཚད་ཕྱེད་དང་གཉིས། མཐའ་བདུན་གྱིས་འཁོར་བ། འཁོར་གླང་བོ་ཆེ་བརྒྱ་སྟོང་དང་བཅས་པ་དགུན་ཟླ་བཞིར་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དང་། དཔྱིད་ཟླ་བཞིར་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་གྱི་དྲུང་དང་། དབྱར་ཟླ་བཞིར་རྫིང་བུ་དལ་གྱིས་འབབ་ཏུ་གནས་ཤིང་ལོངས་སྤྱོད་པ་ཞིག་ཡོད་དོ། །
གཞན་ཡང་འཛམ་བུ་གླིང་འདི་ཉིད་ཀྱི་ཤར་ཕྱོགས་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཆོས་དང་སྲིད་གཉིས་ཀ་འདོམ་ཕྱིར་རྩིས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། ལྷག་པར་དུ་སེམས་དཔའ་ཆེན་པོ་གྲངས་མེད་པ་དག་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་གསུངས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡང་ཁང་རྟེན་བརྟེན་པ་དང་བཅས་པ་དངོས་སུ་བཞུགས་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་དང་། དེའི་ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་བོ་གྲུ་འཛིན་ཞེས་བྱ་བའི་རྩེ་མོ་ན་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་པོ་ཏ་ལ་དང་། རྩ་བ་ན་རྗེ་བཙུན་སྒྲོལ་མ་བཞུགས་པའི་གནས། ནུབ་ཕྱོགས་ན་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འབྱུང་གནས་ཨོ་རྒྱན་མཁའ་འགྲོའི་གླིང་དཔལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་གནས་དང་། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་ཏེ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གནས་ཤམྦྷ་ལ་དང་། གཞན་ཡང་ཛ་ལནྔྷ་ར་དང་། དེ་བི་ཀོ་ཊི་སོགས་ཡུལ་ཉེར་བཞི་དང་། གཏུམ་དྲགས་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་དེ་གནས་སུམ་ཅུ་རྩ་གཉིས་རྣམས་ལ་དཔའ་བོ་དང་རྣལ་འབྱོར་མ་མང་པོ་བཞུགས་ཏེ། དེ་དག་གིས་འཛམ་བུའི་གླིང་ན་གནས་པའི་མི་སྐལ་བ་དང་ལྡན་པ་རྣམས་ཀྱི་རྒྱུད་བྱིན་བརླབས་ཏེ་བླ་མེད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ་ཚེ་གཅིག་ཉིད་ལ་ཟུང་འཇུག་གི་སྐུ་ཐོབ་པ་མང་དུ་བྱུང་དུ་སྟེ། བསྐལ་པ་འདི་ལ་འབྱོན་པའི་དུས་གསུམ་སངས་རྒྱས་ཐམས་ཅད་འཛམ་བུའི་གླིང་འདི་ཉིད་དུ་བྱོན་ནས་འཚང་རྒྱ་བའི་ཚུལ་སྟོན་པར་མཛད་པས་གཞན་ལས་ཁྱད་པར་དུ་འཕགས་པ་དང་། གླིང་འདི་ན་ཡུལ་འཁོར་ཆེན་པོ་ལྔ་བརྒྱ་དང་། ཡུལ་ཕྲན་སྟོང་དང་། ཡུལ་ཆེན་བཅུ་དྲུག །མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་། དབྱིབས་མི་འདྲ་བ་དོན་གཉིས་དང་། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་སོགས་ཡོད་པར་བཤད་དོ། །
                              གཉིས་པ།     སེམས་ཅན་གྱི་གནས་བསྟན་པ།
དེ་ཡང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཀྱི་ཡ་ཐོག་ཡོད་དོ། །གནས་དེའི་ཚད་ཀྱང་ཕྱོགས་རེར་དཔག་ཚད་སྟོང་ཕྲག་ཉི་ཤུ་པ་གྲུ་བཞིར་གནས་ལ། དེའི་འོག་གཞི་ནི་འདི་ནས་དཔག་ཚད་བཞི་ཁྲི་ན་ཡོད་དོ། །དེར་གནས་པའི་སེམས་ཅན་དེ་དག་སྡུག་བསྔལ་གྱིས་ངལ་བསོར་མེད་པས་སམ་སྡུག་བསྔལ་བར་ཆད་མེད་པས་མནར་མེད་ཅེས་སོ། །དེའི་སྟེང་ན་ཡང་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཏེ་ཚ་བའི་དམྱལ་བ་བདུན་གོང་ནས་གོང་དུ་བརྩེགས་ཏེ་གནས་སོ། །སའི་དངོས་གཞི་ལས་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ། གཞན་བདུན་པོ་རྣམས་ཀྱི་བར་ན་དཔག་བཞི་སྟོང་བཞི་སྟོང་ཡོད་པར་བཤད་དེ། དེ་དང་འདིར་བཤད་པའི་མནར་མེད་ཀྱི་གནས་ཀྱི་འཕངས་སུ་དཔག་ཚད་ཉི་ཁྲི་ཡོད་པ་གཉིས་བསྟུན་ན་འདི་ནས་དཔག་ཚད་བརྒྱད་ཁྲིར་འགྱུར་བས་མནར་མེད་ཀྱི་གནས་ཀྱི་འོག་གཞི་གསེར་གྱི་ས་གཞི་ལ་གནས་པར་མངོན་ནོ། །དེ་ལ་ཡང་སོས་ནི་སེམས་ཅན་དེ་དག་སྔོན་གྱི་ལས་ཀྱིས་ལག་ཏུ་མཚོན་ཆ་སྣ་ཚོགས་འབྱུང་སྟེ་དེ་དག་ཐོགས་ནས་ཕན་ཚུན་དགྲའི་འདུ་ཤེས་ཀྱིས་མཚོན་ཆ་རྣམས་འདེབས་ཏེ། དེ་དག་དུམ་བུར་བྱས་པས་བརྒྱལ་བ་ལྟར་གནས་པ་ན་རླུང་གིས་བསིལ་བ་ལྡིང་ཞིང་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱུང་སྟེ་སེམས་ཅན་དེ་དག་ཡང་སོས་པ་ན་ཕན་ཚུན་འཐབ་པར་བྱེད་ལ། ཞེ་སྡང་དྲག་པོས་བསླངས་པའི་ལས་དང་འཁོན་འཛིན་ཅན་དང་མི་གསོད་པ་དག་དེར་སྐྱེའོ། །
ཐིག་ནག་ནི་སེམས་ཅན་དེ་དག་གི་ལུས་ལ་ཐིག་ནག་པོ་བཏབ་ནས་སྤྱི་བོ་ནས་རྐང་པའི་བར་དུ་སོག་ལེ་ལ་སོགས་པས་གཤག་པར་བྱེད་པ་ན། སྟོད་གཤག་པ་ན་སྨད་སོས་པར་འགྱུར་ལ་སྨད་གཤག་པ་ན་སྟོད་སོས་པར་འགྱུར་བ་དག་ཡོད་ལ། དཀོན་མཆོག་གསུམ་དང་ཕ་མ་དང་ཉན་རང་ལ་སྡང་བ་དང་བྱ་བ་མ་ཡིན་པ་ལ་བསྐུལ་བ་དང་རྫུན་དང་ཕྲ་མ་སྨྲ་བ་དང་གཡོ་སྒྱུ་བྱེད་པ་དག་སྐྱེའོ།  །
བསྡུས་འཇོམས་ནི་སེམས་ཅན་དེ་དག་ལྕགས་ཀྱི་ཐོ་བས་བརྡུངས་པ་དང་ལྕགས་ཀྱི་ར་ལུག་གི་གདོང་བ་འདྲ་བ་དག་གི་བར་དུ་རྣམ་པར་འཇོམས་ཤིང་འཚིར་བར་བྱེད་དེ། ཕྱིར་གྱེད་པ་ན་རང་སོས་པར་འགྱུར་ལ་ཡང་འཇོམས་པར་བྱེད་པ་དག་ཡོད་ལ།  བ་ལང་ར་ལུག་དང་རི་དྭགས་གསོད་པ་ལ་དགའ་བ་དང་ལུས་ཀྱི་མི་དགེ་བ་གསུམ་ཤས་ཆེར་སྤྱོད་པ་དག་སྐྱེའོ།  །
ངུ་འབོད་ནི་ལྕགས་ཀྱི་ས་གཞི་འབར་བས་འཇིགས་ཏེ་ནགས་ཐིབས་པོར་ཞུགས་པ་ན་མེ་འབར་ཏེ་དེ་དག་ལོ་མང་པོར་སྲེག་པ་དང། ལས་ཀྱི་དབང་གིས་ལྕེ་དཔག་ཚད་སྟོང་ཡོད་པ་ལ་རྭ་དང་རྨིག་པ་ལྕགས་ལས་གྲུབ་པའི་གླང་གིས་དྲུད་པའི་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་རྨོད་པར་བྱེད་ལ།  སྲོག་གཅོད་ཅིང་ཁྲག་འཐུང་བ་ལ་དགའ་བ་དང་གཞན་ལ་སྒྱུ་བྱེད་དག་སྐྱེའོ།  །
ངུ་འབོད་ཆེན་པོ་ནི་དེ་ལྟ་བུ་ལ་དེ་བས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བ། ལྟ་ངན་འཛིན་པ་དང་སྲེད་པ་ཆེ་བ་དང་སྒྱུ་བྱེད་པ་དག་སྐྱེའོ། །
 ཚ་བ་ནི་ལྕགས་ཀྱི་བུམ་པ་སུམ་རིམ་གྱི་ནང་དུ་སྐྱེས་ནས་མེ་འབར་བས་འཚེད་ཅིང་སྲེག་པར་བྱེད་ལ། དགེ་སྦྱོང་བྲམ་ཟེ་དང་ཕ་མ་དང་སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་དག་དེར་སྐྱེ་ལ།
རབ་ཏུ་ཚ་བ་ནི་དེ་ལྟ་བུ་ལས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་ལ་མཆོད་འོས་བསད་པ་དག་སྐྱེ།
མནད་མེད་པ་ནི་ལྕགས་ཀྱི་ཁང་བའི་ནང་དུ་ལུས་མེ་ལྕེ་གཅིག་ཏུ་འབར་ཞིང་སྡུག་བསྔལ་མྱོང་སྟེ། གང་ཞིག་ཆོས་ལ་ཆོས་མིན་དང་།  །ཆོས་མ་ཡིན་པ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྡང་། །མེད་པར་སྨྲ་བ་མནར་མེད་ལྷུང་། །ཞེས་པ་དག་འདིར་སྐྱའོ། །དེ་ལྟར་བརྒྱད་པོ་དེ་དག་ནི་ཚ་བའི་སྡུག་བསྔལ་ཤས་ཆེ་བས་ཚ་བའི་དམྱལ་བ་བརྒྱད་ཅེས་བྱ་བ་ཡིན་ནོ། །
ཚ་དམྱལ་བརྒྱད་པོ་ཀུན་ལའང་ཉེ་འཁོར་བའི་གནས་བཅུ་དྲུག་བཅུ་དྲུག་ཡོད་ལ། གང་ཞེ་ན། ཚ་དམྱལ་དེ་དག་གི་ངོས་བཞི་ན་མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། མཚོན་ཆའི་སྐོར་རམ་སྤུ་གྲིས་གཏམས་པའི་ལམ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་ཅེས་བྱ་བའི་གནས་བཞི་བཞི་ཡོད་དོ། །ཚ་བའི་སྡུག་བསྔལ་གྱི་དངོས་གཞི་ལས་ཐར་པ་ན་མེ་མ་མུར་གྱི་འོབས་པུས་མོ་ནུབ་པ་ཙམ་ཡོད་དེ། དེ་ལ་དམྱལ་བ་དེ་དག་འགྲོ་བ་ན་རྐང་པའི་པགས་པ་དང་ཤ་ཁྲག་དག་ཞིག་སྟེ་རུས་པ་འབའ་ཞིག་ལུས་ཤིང་ཡང་རྐང་བ་བཏེག་པ་ན་སླར་ཤ་སྐྱེ་བ་དང་། དེ་བརྒལ་བ་ན་རོ་མྱགས་ཀྱི་འདམ་ཞེས་བྱ་བ་མི་གཙང་བའི་འདམ་རྫབ་རྐེད་པ་ནུབ་པ་ཙམ་ཡོད་དེ། དེ་ལ་དམྱལ་བ་དག་འགྲོ་བ་ན་སྲིན་བུ་མཆུ་རྣོན་ཞེས་བྱ་བ་ལུས་དཀར་ལ་མགོ་ནག་པས་ལྕགས་ཀྱི་མཆུས་རུས་པའི་བར་དུ་ཟང་ཐལ་དུ་འབྱིན་པ་དང་། དེ་དག་ལས་ཐར་བ་ན་མཚོན་ཆའི་སྐོར་ཞེས་བྱ་བ་སྤུ་གྲིས་གཏམས་པའི་ལམ་ཞེས་བྱ་བ་སྤུ་གྲི་རབ་ཏུ་རྣོ་བ་གཏམས་པའི་ཐང་ལ་འགྲོ་བ་ན། རྐང་པ་འཇོག་པ་དང་འདེགས་པ་ན་ཤ་ཁྲག་འཇིག་པ་དང་སྐྱེ་བར་བྱེད་པ་དག་ཡོད་དོ། །གཞན་གང་དུ་རལ་གྲི་རྣོན་པོ་རྣམས་ལྷུང་ནས་ཡན་ལག་དང་ཉིང་ལག་རྣམས་གཅོད་པ་རལ་གྲི་ལོ་མའི་ནགས་ཚལ་དང་། དེ་ན་ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་གྱིས་བསྒྱེལ་ནས་སྒལ་ཚིགས་ཕྱུང་བ་དང་། ལྕགས་ཀྱི་ཤལ་མ་ལིའི་སྡོང་བོ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་སེམས་ཅན་དེ་དག་འབབ་འཛེག་བྱེད་པ་ན་ཁ་གྱེན་ཐུར་དུ་ལྟ་བས་ལུས་འབིགས་པ་དང་། སྟེང་ན་བྱ་ཁྭ་ཏ་འདབ་འཇིགས་ཞེས་བྱ་བ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཕྱུང་ནས་ཟ་བ་རྣམས་ཡོད་ལ། དེ་དག་ནི་མཚོན་ཆའི་སྐོར་ཞེས་གཅིག་ཏུ་བགྲང་ངོ་། །དེའི་ཕ་རོལ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་པ་ཡོད་དེ་དེར་དམྱལ་བ་དག་འབྲས་འཚེད་པ་བཞིན་དུ་འཚེད་པ་དང་། ལྕགས་ཀྱི་དྲ་བར་བཅུག་ནས་ལྕགས་བསྲེགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་ནས་སྲུང་མ་དག་གིས་ཅི་འདོད་དྲིས་པ་ན། བདག་ཅག་གིས་ཅང་མི་ཤེས་མི་མཐོང་སྟེ། འོན་ཀྱང་བདག་བཀྲེས་སོ་སྐོམ་མོ་ཞེས་ཟེར་བ་དང་ཐུ་ལུམ་འབར་བ་དང་ཟངས་ཞུན་ཁར་བླུག་པས་ཁ་ལྐོག་རྒྱུ་མ་བསྲེག་པའི་སྡུག་བསྔལ་མྱོང་སྟེ། འདི་དག་གི་རྒྱུ་ཡང་རིམ་པ་བཞིན་བསླབ་པ་ཉམས་པ་དང་ལོག་འཚོ་སྤྱད་པ་དང་། ཆོས་ཀྱི་སྟེགས་འཇིག་པ་དང་། བག་ཕབ་ལ་གནོད་པ་བྱེད་པ་དང་། ཆུ་ལ་གནས་པ་གསོད་པ་སོགས་པའོ། །དེ་དག་ལ་ནི་ཉེ་འཁོར་བའི་དམྱལ་བ་ཞེས་ཀྱང་བྱ་སྟེ། ཡོངས་སུ་གདུང་བ་དང་བཅས་པ་དང་ཡོངས་སུ་གདུང་བ་མེད་པ་བསྟན་པའི་མདོ་ལས། ཡང་སོས་དང་ནི་ཐིག་ནག་དང་། །བསྡུས་འཇོམས་ངུ་འབོད་གཉིས་དང་ནི། །ཚ་བ་རབ་ཏུ་ཚ་བ་དང་། །མནར་མེད་པ་ཞེས་བྱ་བ་སྟེ། །དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་སྟེ་བརྒལ་བར་དཀའ། །དྲག་པོའི་ལས་ཀྱིས་ཀུན་ཏུ་གང་། །རེ་རེ་ལ་ཡང་ལྷག་བཅུ་དྲུག །རྩིག་པ་བཞི་དང་སྒོ་བཞི་སྟེ། །རྣམ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་ཏུ་བསྐོར། །ལྕགས་སྲེག་གིས་ནི་གང་བ་ཡིན། །དེ་ན་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །ཞེས་སོ། །
གྲང་བའི་དམྱལ་བ་ནི་ཧ་ཅང་གྲང་བས་ཉེན་པས་ལུས་ཆུ་བུར་ཅན་དང་། དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་བ་ཅན། གྲང་བས་ཉེན་པས་སོ་བསྡམས་ནས་བསྲན་པ་ནི་སོ་ཐམ་ཐམ་པ་དང་། གྲང་བས་སྨྲེ་སྔགས་སུ་ཨ་ཆུ་ཟེར་བ་དང་། སྨྲེ་སྔགས་སུ་ཀྱི་ཧུད་ཟེར་བ་དང་། ལུས་གྲང་བས་ཨུཏྤ་ལའི་འདབ་མ་ལྟར་དུ་མར་གས་པ་དང་། དེ་བས་ཀྱང་གྲང་བས་ལུས་པདྨའི་འདབ་མ་ལྟར་ཁ་ལྔའམ་བཅུར་གས་པ་དང་། དེ་བས་ཀྱང་ཆེས་གྲང་བས་པདྨ་ལྟར་ཁ་བརྒྱའམ་དེ་ལས་ཀྱང་མང་པར་ཆེར་གས་པ་སྟེ་གྲང་བའི་དམྱལ་བ་བརྒྱད་ཡིན་ལ། དང་པོ་གཉིས་དང་ཕྱི་མ་གསུམ་སྟེ་ལྔ་ནི་ལུས་འགྱུར་བ་དང་མཐུན་པའི་མིང་དང་། ལྷག་མ་གསུམ་ནི་སྒྲའི་འགྱུར་བ་དང་མཐུན་པའི་མིང་ངོ་། །དེ་དག་ཀྱང་འཛམ་བུའི་གླིང་གི་འོག་ཚ་དམྱལ་གྱི་ཐད་ཀའི་བྱང་ཕྱོགས་འཁྱག་རུམ་གྱི་ནང་ན་གནས་པར་འདོད་ལ། སའི་དངོས་གཞི་ལས་ནི། དམྱལ་བ་ཡང་སོས་ཀྱི་ཐད་ཀ་དཔག་ཚད་བཞི་ཁྲིའི་ཕ་རོལ་ན་ཆུ་བུར་ཅན་ཡོད་ལ། གཞན་བདུན་ནི་དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གི་འོག་ན་གནས་སོ། །ཞེས་བཤད། འདིར་སྐྱེ་བའི་རྒྱུ་ནི་རྟེན་གསུམ་གྱི་ན་བཟའ་བཤུས་པ་དང་ཆོས་འཆད་པའི་མདུན་ཁང་བཤིག་པ་དང་ཕ་མ་དང་སྡུག་བསྔལ་བའི་གོས་བཤུས་པ་ལ་སོགས་པ་ཡིན་ནོ། །
ཉི་ཚེ་བའི་དམྱལ་བ་ནི། མིའི་ཡུལ་གྱི་མྱ་ངམ་ཐང་སྟོང་པ་ལ་སོགས་པ་དང་། རྒྱ་མཚོའི་འགྲམ་དང་འོག་ནའང་ཡོད་པས་ན་ངེས་པ་མེད་ཅིང་ཉིན་ཞག་རེ་ལ་དམྱལ་བ་དང་མཐོ་རིས་ཀྱི་བདེ་བ་འདྲེས་མར་མྱོང་བ་སྟེ། ལུང་ཀོ་ལྤགས་ཀྱི་གཞི་ལས། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །མཚན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་དག་མྱོང་བ་ཡིན། །ཞེས་དང་། མཚན་མོ་བྱི་བོ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་ཉི་ཚེ་བ་དག་གིས་ཚོང་དཔོན་གྲོ་ཞུན་སྐྱེས་ལ་སྨྲས་པ་བཞིན་ནོ། །དེ་དག་གིས་ནི་དམྱལ་བ་བཤད་ཟིན་ཏོ། །
ཡི་དྭགས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་ལ་དེ་དག་གི་རྒྱལ་པོའི་ཁབ་ནི་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་ལ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་འཕེན་བྱེད་མི་དགེ་བའི་ལས་ཀྱིས་འཕངས་ཤིང་རྫོགས་བྱེད་དགེ་བའི་ལས་ཀྱིས་རྫོགས་པ་ལྷའི་དཔལ་ལྟ་བུ་མྱོང་བ་ཞིག་ཡོད། དེའི་འཁོར་ན་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཡོད་པར་དྲན་ཉེ་ལས་བཤད་དེ། འདི་ལྟར། ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། །ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་བ་ཟ། །ཁྲག་ཟ་ཤ་ཟ་གདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་གླགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་རྗེའི་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་མདག་ཟ། །དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་བཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་སུམ་ཅུ་དྲུག །ཅེས་བྱ་དག་ཡིན་ནོ། །གཞན་སའི་དངོས་གཞི་ལས་ནི་བཀྲེས་སྐོམ་གྱིས་གདུངས་ནས་ཆུ་ཀླུང་ལ་སོགས་པར་ཕྱིན་པ་ན་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་སྲུང་བ་དང་། །ཆུ་ལ་སོགས་པའང་རྣག་ཁྲག་ཏུ་མཐོང་སྟེ་ལོངས་སྤྱད་དུ་མི་རུང་བར་འགྱུར་བ་ཟས་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་དང་། གཞན་གྱིས་གེགས་མ་བྱས་པར་ཟས་སྐོམ་རྙེད་ཀྱང་ཁ་དང་མགྲིན་པ་དང་རྐང་ལག་ཕྲ་ཞིང་ལྟོ་ཆེ་བ་ལ་སོགས་པས་ལོངས་སྤྱད་པར་མི་ནུས་པ་ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང་། ཡི་དྭགས་མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ཟ་བ་ལ་སོགས་པ་ཁ་ཅིག་ཟས་སྐོམ་གྱིས་ལུས་འཚིག་པ་དང་། གཤང་གཅི་ལ་སོགས་པར་འགྱུར་བ་དང་། ཁ་ཅིག་རང་གི་ཤ་བཅད་ཅིང་ཟ་བ་ཙམ་ལས་ལོངས་སྤྱད་པར་མི་ནུས་པ་ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ཞེས་བྱ་བ་ཡི་དྭགས་ཀྱི་རིགས་གསུམ་བཤད་དོ། །ཁ་འཐོར་བ་ནི་མཁའ་ལ་རྒྱུ་བའི་ཡི་དྭགས་དུར་ཁྲོད་ཀྱི་ཤ་ཟར་བགྲང་བ་ལ་སོགས་པ་དང་། མྱ་ངམ་ཐང་ནའང་ཡོད་པར་བཤད་དེ། ཀོ་ལྤགས་ཀྱི་གཞི་ལས། བདག་ཅག་ངག་རྩུབ་ཁྲོ་ལྡན་ཞིང་། །བདག་ཅག་སེར་སྣས་འཇུངས་པས་ན། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས། །ཞེས་དང་། ནད་མེད་རྒྱགས་པས་མྱོས་པ་དང་། །ལང་ཚོ་ལོངས་སྤྱོད་དྲེགས་མྱོས་སྟེ། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས། །ཞེས་གྲོ་བཞིན་སྐྱེས་རྒྱ་མཚོའི་འགྲམ་དུ་འཁྱམས་པ་ལ་ཡི་དྭགས་རྣམས་ཀྱིས་སྨྲས་པ་ཡིན་ནོ། །
དུད་འགྲོ་ཕལ་ཆེ་བའི་གནས་ནི་ཕྱིའི་རྒྱ་མཚོ་ཡིན་ལ། ཁ་འཐོར་པ་ནི་མི་དང་འདོད་ལྷའི་གནས་ནའང་ཡོད་པར་འདོད་དོ། །
ལྷ་མ་ཡིན་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་ན་གནས་ཏེ། དེ་ཡང་དྲན་ཉེ་ལས། རི་རབ་ཀྱི་ཆུ་མཚམས་མན་ཆད་ལ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ནང་ན་ས་གཞི་བཞི་ཡོད་པ་དང་། དེ་ཡང་ཆུ་མཚམས་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བའི་ཁོང་སྟོང་ན་ས་གཞི་དང་པོ་དཔག་ཚད་ཉིས་ཁྲི་ཆིག་སྟོང་ཡོད་པ་གྲོང་ཁྱེར་འོད་ལྡན་བྱ་བ་དཔག་ཚད་བརྒྱད་སྟོང་ཡོད་པ་ན་ལྷ་མིན་གྱི་རྒྱལ་པོ་སྒྲ་གཅན་དང་། དེ་ནས་ཁྲི་ཆིག་སྟོང་གཞལ་བའི་ཁོང་སྟོང་ན་ས་གཞི་གཉིས་པ་ཡུལ་ཐ་དད་པ་ཟླ་བའི་ཕྲེང་བར་གཉིས་ཤིང་རྩེ་བ་དང་སྐར་ཕྲེང་གི་གྲོང་ན་མགུལ་ཕྲེང་དང་བརྟན་པ་གཉིས་དང་། སྐར་ཕྲེང་གི་དབུས་ན་མཚོ་ཀུན་མཐོང་བྱ་བ་ཆུ་ཞེང་དཔག་ཚད་ལྔ་ལྔ་ཡོད་པ་ལ་ལྷ་དང་ལྷ་མིན་གཡུལ་འགྱེད་རྒྱལ་ཕམ་དང་། གཡུལ་དུ་འཆི་བ་དང་། མི་ཆོས་དང་ལྡན་པ་ཤི་ནས་ལྷར་སྐྱེ་ལ་དེའི་མཐུས་ལྷ་རྣམས་རྒྱལ་ཞིང་ལྷ་མ་ཡིན་རྣམས་ཕམ་པར་འགྱུར་བ་མེ་ལོང་ལ་གཟུགས་བརྙན་ལྟར་མཐོང་བ་ཡོད་དོ། །དེ་ནས་དཔག་ཚད་ཆིག་སྟོང་གཞལ་བའི་ཁོང་གསེང་ན་ས་གཞི་གསུམ་པ་གནས་བཟང་པོ་བྱ་བའི་ཟབ་པའི་གྲོང་ན་མེ་ཏོག་ཕྲེང་དང་། དེ་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བ་ན་ས་གཞི་བཞི་པ་མི་གཡོ་བ་བྱ་བའི་མཛེས་པའི་གྲོང་ན་རབ་སྤྲོ་དང་ཐགས་བཟང་རིས་དང་རབ་དགོད་ཅེས་བྱ་བ་འཁོར་དང་བཅས་པ་ཡོད་པ། ས་གཞི་ཕྱི་མ་གསུམ་ལའང་དཔག་ཚད་ཉིས་ཁྲི་ཆིག་སྟོང་དང་། གྲོང་ཁྱེར་ཕྱི་མ་རྣམས་ལའང་དཔག་ཚད་བརྒྱད་སྟོང་རེ་ཡོད་པར་བཤད་དེ། གདགས་པ་ལས། སྲུང་མ་ལྷ་ཡི་གྲོང་ཁྱེར་སྲང་དང་རྣམ་རྒྱལ་བྱེད། །ཆོས་བཟང་རྒྱུ་བའི་ལམ་དང་འོབས་དང་སྐྱེད་མོས་ཚལ། །ས་གཞི་དང་ནི་ཡོངས་འདུ་རྡོ་དང་གླང་ཆེན་རྣམས། །ལྷ་མ་ཡིན་རྣམས་ཀྱི་ཡང་དེ་དང་འདྲ་བར་ཡོད། །ཅེས་གསུངས་ལྟར་དེ་དག་ལ་ཡང་སྲུང་མ་དང་། ཐགས་བཟང་རིས་གནས་པའི་གྲོང་ཁྱེར་གསེར་ལྡན་དང་། སྲང་དང་འོབས་དང་། ཟམ་པ་དང་ཕོ་བྲང་ཁང་བཟང་གཏམས་པ་ཅན་དང་། དཔག་བསམ་གྱི་ཤིང་ཙི་ཏ་པ་ལི་དང་། མདུན་ས་ནོར་བཟང་དང་། རྡོ་ལེབ་བཟང་པོ་དང་། ཚལ་ཀུན་ཏུ་དགའ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཀུན་ཏུ་རབ་དགའ་ཞེས་བྱ་བ་བཞི་དང་། ས་གཞི་ཀུན་དགའ་མ་དང་། རབ་དགའ་མ་དང་། དགའ་མ་དང་། ཀུན་ཏུ་རབ་དགའ་མ་ཞེས་བྱ་བ་དང་། གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་བཟོད་པར་དཀའ་བ་དང་། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ཏི་སེ་གངས་བརྩེགས་དང་། རྟའི་རྒྱལ་པོ་བྲག་འཇིང་ཞེས་བྱ་བ་ཐམས་ཅད་ཀྱང་བརྒྱ་བྱིན་གྱི་དཔལ་ལ་འགྲན་པ་ཡོད་དོ། །
ལྷའི་གནས་བཤད་པ་ལ། གཞལ་ཡས་ཁང་དུ་གནས་པ་བཤད་པ་ནི། ཉི་མ་དང་ཟླ་བ་དང་སྐར་མ་རྣམས་ནི་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པར་དཔག་ཚད་བཞི་ཁྲིའི་སྟེང་ན་འཁོར་བའི་རླུང་གི་སྟེང་ནས་རྒྱུ་ལ། ཚད་ནི་ཟླ་བའི་དབུས་ཀྱི་ཐད་ཀར་དཔག་ཚད་ལྔ་བཅུ་དང་ཉི་མའི་ཐད་ཀར་ལྔ་བཅུ་རྩ་གཅིག་དང་བཅས་པ་སྟེ་མཐའ་སྐོར་དུ་ཟླ་བ་ལ་དཔག་ཚད་བརྒྱ་ལྔ་བཅུ་དང་ཉི་མ་ལ་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་འཁོར་བའོ། །གཉིས་ཀའི་འཕང་དུ་ནི་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་པ་ལ། འོག་གི་ཕྱི་རོལ་ཉི་མ་རིན་པོ་ཆེ་མེ་ཤེལ་ལས་གྲུབ་ཅིང་ཟླ་བ་ནོར་བུ་ཆུ་ཤེལ་ལས་གྲུབ་པ་གཉིས་ཀའི་སྟེང་ན་གསེར་གྱི་ར་བས་བསྐོར་བ་དངུལ་དང་བེེཌཱུརྱ་དང་ཤེལ་དང་གསེར་གྱི་རྩིག་སྐྱབས་བཞི་དང་། མདའ་ཡབ་དང་། ཟམ་པ་བརྒྱུད་པ་བཞི་དང་ལྡན་པ། གཞལ་ཡས་ཁང་དང་། སྐྱེད་མོས་ཚལ་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་འབྱོར་བ་དུ་མ་དང་བཅས་པ་ནི་ལྷའི་བུ་ཉི་མ་དང་ཟླ་བ་འཁོར་དང་བཅས་པའི་གནས་ཡིན་ནོ། །སྐར་མ་རྣམས་ནི་གདགས་པ་ལས་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་ཆུང་བ་ལ་རྒྱང་གྲགས་གསུམ་དང་ཕལ་ཆེ་བ་ནི་རྒྱང་གྲགས་བཅུ་པ་དང་བཅུ་གཉིས་པར་བཤད་ཅིང་། འགྲེལ་བ་ལས་ཆུང་བར་རྒྱང་གྲགས་གཅིག་དང་སློབ་དཔོན་གང་སྤེལ་གྱིས་ཆེ་བར་དཔག་ཚད་བཅུ་དྲུག་ཡོད་པར་བཤད། ས་སྡེ་ལས་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་འབྲིང་བ་ལ་རྒྱང་གྲགས་བཅུ་དང་ཆུང་ངུ་ལ་རྒྱང་གྲགས་བཞིར་བཤད་དོ། །དེ་དག་ནི་དཀྱིལ་གྱི་ཚད་དེ་མཐའ་སྐོར་དུ་སུམ་འགྱུར་དང་བཅས་པ་ཡོད། གླིང་གཅིག་གི་སྐར་མའི་གྲངས་ནི་དྲང་སྲོང་གར་གའི་ལྟས་ཀྱི་རྣམ་པ་བསྟན་པ་ལས། དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད་པར་བཤད་ལ། སྐར་མ་དེ་དག་གི་རྒྱུ་ཤེལ་ལས་གྲུབ་པ་སྟེང་ན་ཐམས་ཅད་ལའང་གསེར་གྱི་ར་བས་བསྐོར་བ་རིན་པོ་ཆེའི་རྩིག་སྐྱབས་དང་། མདའ་ཡབ་དང་ཟམ་པ་བརྒྱུད་པ་བཞི་དང་ལྡན་པ་སྟེ་རྒྱུ་སྐར་ལ་གནས་པའི་ལྷ་རྣམས་ཀྱི་གནས་ཡིན་ནོ། །
ཉི་མས་གླིང་བཞི་ཉིན་ཞག་གཅིག་ལ་འཁོར་བར་བྱེད་དེ། དེ་ཡང་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་པ་དང་། ཤར་ལུས་འཕགས་སུ་ཉི་མ་ནུབ་པ། འཛམ་བུའི་གླིང་དུ་ཉི་མ་ཕྱེད་པ་དང་། བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་གཅིག་ཡིན། དེ་ཡང་ཉིན་མཚན་མཉམ་པའི་དབང་དུ་བྱས་ཀྱི་མི་མཉམ་པའི་དུས་སུ་ནི་དེ་ལྟར་ངེས་པ་མེད་པའི་ཕྱིར་རོ།  །
རི་རབ་ཀྱི་ཆུ་མཚམས་ཡན་ཆད་ན་བང་རིམ་བཞི་ཡོད་ལ། དེ་དག་གི་བར་ཐག་ན་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད། དེ་ལ་བང་རིམ་དང་པོ་ནི་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་ནི་བརྒྱད། གསུམ་པ་ནི་བཞི་དང་། བཞི་པ་ནི་གཉིས་ཕྱིར་འཕགས་སོ། བང་རིམ་བཞི་ཡོད་པ་དེའི་དང་པོ་ལ་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་ཐོགས་ཞེས་བྱ་བ་དང་། གཉིས་པར་མེ་ཏོག་གི་ཕྲེང་བ་ཐོགས་པ་དང་། གསུམ་པར་རྒུན་ཆང་གིས་རྟག་ཏུ་མྱོས་པ་དང་། བཞི་པ་ལ་ནི་རྒྱལ་ཆེན་རིགས་བཞི་དང་དེ་དག་གི་འཁོར་གྱི་ལྷ་རྣམས་གནས་སོ། །རྒྱལ་ཆེན་རིགས་བཞི་པའི་ལྷ་རྣམས་ནི་ལྷ་གཞན་ལས་མང་ཏེ། གསེར་གྱི་རི་བདུན་དང་། ཁོར་ཡུག་དང་གླིང་རྣམས་ཀྱི་རི་དང་ཤིང་དང་ཆུ་ལ་སོགས་པར་ཡང་གནས་ཡོད་པར་བཤད་པས་སོ། །གདགས་པ་དང་སྡེ་ལས་ནི། གཉའ་ཤིང་འཛིན་གྱི་ཤར་དང་ལྷོ་དང་ནུབ་དང་བྱང་ན་དཔག་ཚད་སྟོང་གིས་འཁོར་བའི་ཡུལ་འཁོར་སྲུང་དང་།  འཕགས་སྐྱེས་པོ་དང་། སྣ་ཚོགས་གཟུགས་དང་།  ལྕང་ལོ་ཅན་ཞེས་བྱ་བའི་ཕོ་བྲང་ཡོད། དེའི་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པམཐའ་སྟོང་གིས་འཁོར་བ།  གསེར་གྱི་ར་བ་དཔག་ཚད་ཕྱེད་པས་བསྐོར་བ། རྩིག་སྐྱབས་རིན་པོ་ཆེ་སྣ་བཞི་ལས་བྱས་པ། ས་གཞི་ཐམས་ཅད་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ། སྲང་ལམ་དང་སྐྱེད་མོས་ཚལ་དཔག་བསམ་གྱི་ཤིང་དང་རྫིང་བུ་ལ་སིགས་པས་བརྒྱན་པ། མེ་ཏོག་མནྡྷ་ར་པུས་མོ་ནུབ་ཙམ་ཁེབས་པ། རྙིང་པ་རླུང་གིས་སྡུད་ཅིང་གསར་པ་ལེགས་པར་འགྲེམས་ཏེ། ཡུལ་འཁོར་སྲུང་གི་གྲོང་ཁྱེར་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་པར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་སོ། །དེ་དག་ན་རིམ་པ་ལྟར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་།  རྣམ་ཐོས་སྲས་འཁོར་དང་བཅས་པ་ལྷའི་འབྱོར་བ་ཆེན་པོས་བརྒྱན་ཏེ་གནས་ལ། རི་རབ་ཀྱི་བང་རིམ་གཉིས་པར་ལག་ན་ཁྲག་ཐོགས་པ་དང་། བཞི་པ་ལ་ཕྲེང་བ་ཐོགས་ཡོད་པར་བཤད་དོ།  །
           ལྷུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་ཡོད་དེ། ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། དྲན་ཉེ་ལས། ཆོས་བཟང་དང་། མཐོང་བ་དང་། རི་རྩེ་དང་།  ལེགས་མཐོང་དང་།  ཕྱོགས་གཅིག་དང་།  ཤང་གསེབ་དང་།  ཤིང་རྟ་སྣ་ཚོགས་དང་།  དགའ་བྱེད་དང་།  རྣམ་མཛེས་་དང་།  ཡོངས་འདུ་དང་།  འདྲེས་པའི་འགྲམ་དང་།  ཚང་ཚིང་གི་འགྲམ་དང་།  ནོར་བུའི་སྙིང་པོ་དང་།  ཀུན་ཏུ་གསལ་བར་སྤྱོད་པ་དང་།  གསེར་ཕུག་གི་ཁང་བ་དང་།  ཕྲེང་བའི་གྲིབ་མ་དང་།  དམའ་བ་དང་།  མཐོ་བ་ན་རྒྱུ་བ་དང་།  བཀྲ་བ་སྣ་ཚོགས་ཀྱི་ཕྱེ་བ་དང་།  སྦྱོར་བ་སྣ་ཚོགས་ལ་འཇུག་པ་དང་།  ཞིབ་ཏུ་སྤྱོད་པ་དང་།  གླུའི་སྒྲ་ལ་ཤིན་ཏུ་དགའ་ཞིང་མངོན་པར་ཆགས་པ་དང་།  གཟི་བརྗིད་འབར་བ་དང་།  ཟླ་བའི་གནས་ལྟར་རྒྱུ་བ་དང་།  ཤིང་སཱ་ལ་ཟུང་དང་།  མི་ཕྱེ་ཞིང་འགྲོ་བ་དང་།  བཙུམས་ནས་འགྲོ་བ་དང་།  ལུས་ཀྱི་མདོག་བཟང་ཆེ་བ་དང་།  ནོར་བུ་འཕྱང་བ་དང་།  རིས་མཐུན་པ་དང་།  འཁོར་ན་གནས་པ་དང་།  མཐོ་བར་སྤྱོད་པ་དང་།  གཟི་བརྗིད་མཆོག་དང་།  གཟི་བརྗིད་ཕྲེང་དང་།  མ་འདྲེས་པ་ཞེས་བྱ་བའི་གནས་སུམ་ཅུ་རྩ་གསུམ་ན་གནས་པས་སམ། ཡང་ན། ཆུ་དང་ཟླ་བ་བསྟན་པ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །ཞེས་པ་བརྒྱད་དང་། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །ཞེས་པ་བཅུ་གཅིག་དང་། དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབེབས་སྟོད་བྱེད་སྔོན་མིན་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་གཤིན་རྗེ་ཞེས་བྱའོ། །ཞེས་པ་ཉི་མ་བཅུ་གཉིས་དང་། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་རོ། །རི་རབ་དེའི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་དང་མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི་ཡོད། དེའི་ཕྱོགས་མཚམས་གྲྭ་བཞི་ན་ངོས་རེ་ལ་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་པ། མངོན་པ་དང་ས་སྡེ་ལས་དཔག་ཚད་ལྔ་བརྒྱ་འཕགས་པར་བཤད།  དེར་བག་མེད་པའི་ལྷ་རྣམས་བསྲུང་པའི་ཕྱིར་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་ཞེས་བྱ་བ་གནས་པ་དང་། དེ་དག་གི་ནུབ་ལྷོ་ཤར་བྱང་རིམ་པ་བཞིན་དངུལ་དང་བེེཌཱུརྱ་དང་ཤེལ་དང་གསེར་གྱི་རང་བཞིན་ལས་གྲུབ་པར་གདགས་པ་ལས་བཤད་དོ། །
རི་རབ་ཀྱི་རྩེ་མོ་དེའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ་ཡོད་པ་མཐའ་སྐོར་ན་དཔག་ཚད་ཁྲིས་འཁོར་བ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་སམ་ཕྱེད་དང་གསུམ་གྱེན་དུ་འཕགས་པ། གསེར་གྱི་རང་བཞིན་ཅན་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེའི་ཀ་བ་དྲུག་ཁྲི་ཡོད་པ་གསེར་གྱི་ར་བ་འཕང་དུ་དཔག་ཚད་ཕྱེད་དང་གསུམ་པས་བསྐོར་བ་དང་། ར་བ་དེ་ལ་གསེར་དངུལ་བེེཌཱུརྱ་ཤེལ་བཞི་ལས་བྱས་པའི་རྩིག་སྐྱབས་དང་། གྱེན་དུ་འཕང་བ་དང་ཐུར་དུ་འཕང་བའི་མདའ་ཡབ་དང་། རིན་པོ་ཆེ་སྣ་བཞིའི་ཟམ་པ་བརྒྱུད་པ་བཞི་དང་། ནང་གི་ས་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་མནན་ན་ནེམས་དང་བཏེག་ན་སྤར་ཞེས་བྱེད་པའི་མཉེན་པ་དང་ལྡན་པ་མེ་ཏོག་མནྡྷ་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་དེ་དག་རླུང་གིས་རྙིང་པ་འདོར་ཞིང་གསར་བ་འགྲེམས་པར་བྱེད་པ་ཡོད་དེ། གདགས་པ་ལས། ལྷ་རྣམས་བསོད་ནམས་དབང་གིས་མཐུ་སྟོབས་ཀྱིས། །ལྷ་ཡི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། །མེ་ཏོག་གསར་བ་རྣམས་ནི་ལེགས་པར་འགྲེམ། །ཞེས་འབྱུང་ངོ་། །གཞན་ཡང་ལྷའི་གྲོང་ཁྱེར་ལ་རིན་པོ་ཆེ་སྣ་བཞིའི་སྐར་མའི་གཟུགས་དང་ཟླ་བ་ཕྱེད་པ་དང་མེ་ལོང་ལ་སོགས་པས་བརྒྱན་ཅིང་འཕང་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་ལ། སྒོ་རེ་རེ་ལའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་པའི་ཕྱིར་སྲུང་མ་གོ་ཆ་བགོས་ཤིང་མཚོན་ཐོགས་པའི་གནོད་སྦྱིན་གོས་སྔོན་པོ་ཅན་ལྔ་བརྒྱ་ལྔ་བརྒྱ་བཀོད་དེ་གནས་སོ། །དེའི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཞེང་དུ་དཔག་ཚད་བཅུ་གཉིས་པ་གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་ལ། དེའི་གཡས་གཡོན་ན་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་ཞིང་། མེ་ཏོག་དང་སྐད་སྙན་འབྱིན་པའི་བྱ་སྣ་ཚོགས་དང་ལྡན་པའི་རྫིང་བུ་རིན་པོ་ཆེ་སྣ་བཞིའི་ཕ་གུ་བརྩེགས་ཤིང་ཐེམ་སྐས་དང་ལྡན་པ་དང་། རྫིང་བུའི་ཉེ་འཁོར་ན་སེམས་བསྐྱེད་མ་ཐག་ཏུ་གང་འདོད་པའི་མེ་ཏོག་དང་འབྲས་བུ་དང་གོས་དང་རྒྱན་དང་རོལ་མོ་དང་བདུད་རྩི་ཁ་དོག་བཞི་པ་སྦྲང་རྩི་དང་སྦྲང་ཆང་ལ་སོགས་པ་འབྱུང་བའི་ཤིང་སྣ་ཚོགས་སྐྱེས་ཤིང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པོ་འབྱིན་པ་ཡོད་དོ། །གཞན་ཡང་གྲོང་ཁྱེར་དེ་ལ་རིན་པོ་ཆེ་སྣ་བཞིའི་ཕ་གུས་བརྩིགས་ཤིང་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་བ་མེ་ཏོག་དང་ཆུ་བྱ་སྐད་སྙན་པ་འབྱིན་པ་སྣ་ཚོགས་དང་། གང་དུ་ལྷ་རྣམས་ཞུགས་ནས་ཆུ་ལ་རྩེ་བའི་གྲུ་སྣ་ཚོགས་དང་བཅས་པའི་འོབས་ཟབས་དང་ཁ་ཚོན་དུ་དཔག་ཚད་རེ་རེ་ཡོད་པ་རིམ་པ་བདུན་གྱིས་བསྐོར་བ་དང་། འོབས་དེའི་ཉེ་འཁོར་ནའང་དཔག་བསམ་གྱི་ཤིང་དང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པ་ཡོད་དོ། །གཞན་ཡང་ཡང་ཐོག་དང་ཁང་པ་བརྩེགས་པ་དང་ཁང་བཟང་དང་བསིལ་ཁང་དང་ལྟད་མོ་ལྟ་བའི་ས་དང་ཟམ་པ་རྣམས་ལྷའི་བུ་མོའི་ཚོགས་ཀྱིས་མཛེས་ཤིང་ཡིད་དུ་འོང་བའི་འདོད་ཡོན་དང་ལྡན་པ་དག་ན་ལྷ་རྣམས་རྩེ་ཞིང་དགའ་བས་རང་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །ཞེས་གདགས་པ་ལས་འབྱུང་ངོ་། །
གྲོང་ཁྱེར་དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་ཅིང་མཐའ་སྟོང་གིས་འཁོར་བ་གྱེན་དུ་ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་ལྔ་འཕགས་པ་ཀ་བ་བཞི་བཅུ་དང་ལྡན་པ་ཡོད་དེ། དེ་ལ་བ་གམ་བརྒྱད་དང་བ་གམ་རེ་ལའང་ཁང་པ་བརྩེགས་པ་བདུན་བདུན། དེ་རེ་རེ་ལའང་གནས་ཁང་བདུན་བདུན། དེ་རེ་རེ་ལའང་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལའང་གཡོག་མོ་བདུན་བདུན། དེ་རེ་རེ་ལའང་སིལ་སྙན་བདུན་བདུན་ཡོད་པས་བརྒྱ་བྱིན་བསུ་སྐྱེལ་དང་མི་སྐྱོ་བར་བྱེད་པར་གདགས་པ་ལས་བཤད་ལ། སའི་དངོས་གཞི་ལས་ནི་བ་གམ་བརྒྱ་རྩ་གཅིག་དང་། བ་གམ་རེ་རེ་ལའང་ཁང་བ་བརྩེགས་པ་བདུན་བདུན། དེ་རེ་རེ་ལའང་ཁང་མིག་བདུན་བདུན། དེ་རེ་རེ་ལའང་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལའང་གཡོག་མོ་བདུན་བདུན་ཡོད་པར་བཤད་དོ། །ཁང་བཟང་རྣམ་པར་རྒྱལ་བའི་ནང་ན་སྔར་བཤད་པའི་ཁྱད་པར་དང་ལྡན་པའི་རྫིང་བུ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་རེ་དང་མཐའ་ཉིས་བརྒྱས་འཁོར་བ་ཡོད་ལ། གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི་རོལ་དཔག་ཚད་ཉི་ཤུ་རེའི་ཤར་ན་ཤིང་རྟ་སྣ་ཚོགས་ཅན་དང་། ལྷོ་ན་རྩིབ་འགྱུར་དང་། ནུབ་ན་འདྲེས་པའི་ཚལ་དང་། བྱང་ན་དགའ་བའི་ཚལ་ཞེས་བྱ་བས་བརྒྱན་ཏེ། རེ་རེའང་ཆུ་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་མཐའ་སྟོང་གིས་འཁོར་བའི་གྲུ་བཞི་པ། གསེར་གྱི་ར་བ་འཕང་དུ་དཔག་ཚད་རེས་བསྐོར་བ། དེའི་རྩིག་སྐྱབས་དང་མདའ་ཡབ་དང་ནང་གི་ས་གཞི་ལ་སོགས་པ་ནི་སྔར་བཤད་པ་དང་འདྲ་བར་ཡོད་ལ། དེ་དག་གི་དང་པོ་ན་རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཡོད་པ་དང་། གཉིས་པར་ནི་ལྷའི་བུ་དག་དེར་ཞུགས་པ་ན་ཤེས་པ་རྩུབ་པར་འགྱུར་བ་དང་། གསུམ་པར་ནི་ལྷའི་བུ་དང་བུ་མོ་དག་འདྲེས་ནས་སྤྱོད་ལམ་སྣ་ཚོགས་ལ་འཇུག་པ། བཞི་པར་ནི་ལྷའི་བུ་དང་བུ་མོ་དག་འདོད་པའི་ཡོན་ཏན་ལ་དགའ་ཞིང་རྩེ་བར་བྱེད་དོ། །གཞན་ཡང་ཚལ་བཞི་པོ་དེ་དག་ན་རིམ་པ་ལྟར་སྔར་བཤད་པའི་ཁྱད་པར་དང་ལྡན་པའི་རྫིང་བུ་སྣ་ཚོགས་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བ་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་རེ་དང་མཐའ་ཉིས་བརྒྱས་འཁོར་བ་ཡོད་ལ། ཚལ་དེ་དག་གི་ཕྱིརོལ་གྱི་ཕྱོགས་བཞི་ན་དཔག་ཚད་ཉི་ཤུ་ཉི་ཤུས་བཅད་པའི་ཤར་ན་ས་གཞི་བཟང་པོ་སྣ་ཚོགས་ཅན་དང་། ལྷོ་ན་རྩིབ་འགྱུར་དང་། ནུབ་ན་འདྲེས་པ་ཅན་དང་། བྱང་ན་དགའ་བ་ཞེས་བྱ་བ་ཚལ་གྱི་ཚད་དང་མཉམ་པ་ཕན་ཚུན་འགྲན་པ་ལྟ་བུ་བཞི་ཡོད་ཏེ། དེ་དག་ན་ལྷའི་དྲང་སྲོང་རྣམས་ཀྱང་རང་དགར་ཚངས་པར་སྤྱད་པ་སྤྱོད་པ་ཡོད་དོ། །
གྲོང་ཁྱེར་བལྟ་ན་སྡུག་པ་དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་སུམ་ཅུ་རྩ་གསུམ་པའི་འདོད་པའི་ཡོན་ཏན་དག་སྟེར་བའི་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་མངོན་པ་དང་ས་སྡེ་ལས་དཔག་ཚད་ལྔ་དང་གདགས་པ་ལྟར་ན་ལྔ་བཅུ་ཐུར་དུ་ཟུག་པ། སྟེང་དུ་དཔག་ཚད་བརྒྱ་འཕགས་པ། ཡལ་ག་དང་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུ་ལྔ་བཅུར་ཁྱབ་པས་ཆུ་ཞེང་དུ་དཔག་ཚད་བརྒྱ་ལྔ་བཅུ་རེ་སྟེ་མཐའ་སྐོར་དུ་དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་པ་དེའི་མེ་ཏོག་དང་འདབ་མ་རྒྱས་པའི་དྲི་ཡིས་རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་ལྡང་བ་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ལྡང་བ། འོག་ཏུ་དཔག་ཚད་བརྒྱ་བཅུར་གསལ་བ་ཞིག་ཡོད་དོ། །ཤིང་དེའི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་རེ། མཐའ་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཆ་གཅིག་ཡོད་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་རེག་ན་འཇམ་པ། མེ་ཏོག་མནྡྷ་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ཡོད་ལ། དེའི་དབུས་སུ་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་དེའི་དྲུང་ན་ཉེ་དབང་ལ་སོགས་པའི་སེང་ཁྲི་བཤམས་པ་ལ་ལྷའི་དབང་པོ་འཁོར་དང་བཅས་པ་དབྱར་ཟླ་བཞིར་ལྷའི་འདོད་ཡོན་ལ་རྩེ་ཞིང་རང་རང་གི་ལས་ཀྱི་འབྲས་བུ་མྱོང་བར་གདགས་པ་ལས་སོ། །གྲོང་ཁྱེར་གྱི་ཕྱི་རོལ་ལྷོ་ནུབ་ཀྱི་མཚམས་དཔག་ཚད་བཅུ་གཉིས་ན་ཆོས་བཟང་ལྷའི་མདུན་ས་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་སུམ་བརྒྱ་རེ་དང་། མཐའ་བསྐོར་དུ་དགུ་བརྒྱ་ཡོད་པ་ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་བཞིས་གྱེན་དུ་འཕགས་པ། མཛེས་ཤིང་བལྟ་ན་སྡུག་པ་ས་གཞི་དང་ཡང་ཐོག་དང་ཀ་བ་དང་སྤྱི་བསྡུས་ཀྱི་གདུང་དང་ཡང་ཐོག་གི་རྩེ་བཞི་དང་ཕྱམ་རྟེན་དང་ཕྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པས་སྤྲིན་དཀར་པོའི་ཕུང་པོ་ལྟར་དཀར་བ། རིན་པོ་ཆེའི་སྣ་བཞིའི་ལན་ཀན་གྱིས་བསྐོར་བ་ཕྱམ་དགུ་པོ་རེ་རེ་ལའང་ཀ་བ་བཅུ་དྲུག་བཅུ་དྲུག་གིས་བརྟེན་པ། དབུས་ན་བེེཌཱུརྱའི་ཀ་བ་ཟུར་བརྒྱད་པ་གསལ་ཞིང་འཕན་མེད་པ་སྤྱི་བསྡུས་ཀྱི་གདུང་ལ་སྐྲ་རྩེ་ཙམ་གྱིས་མ་རེག་པ། དེའི་དྲུང་ན་བརྒྱ་བྱིན་གྱིས་ཆོས་སྟོན་པའི་གསེར་ཁྲི་བཤམས་ཡོད་ལ། དེའི་མཐར་ཉེ་དབང་གཞན་རྣམས་ཀྱི་གསེར་ཁྲི་བཤམས་ཏེ། དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ནས་ལྷ་དང་མི་རྣམས་ཀྱི་དོན་དང་ཆོས་སེམས་ཤིང་དཔྱོད་པ་དང་། ཆོས་དང་ཆོས་མ་ཡིན་པའི་འདུན་མ་བགྲོ་བར་བྱེད་དོ། །
གཞན་ཡང་བརྒྱ་བྱིན་ལ་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་དང་། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་གཉིས་ཀའང་མཐའ་དཔག་ཚད་བདུན་རེས་འཁོར་བ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཀྱི་ཚད་དུ་ཡོད་པར་རེ་རེའང་གླང་གཡོག་བརྒྱད་སྟོང་དང་བཅས་པ་དང་། ཕལ་ཆེར་ནུབ་ཕྱོགས་ཀྱི་གླིང་ཕྲན་ཁམ་བུ་ཅན་ཞེས་བྱ་བ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་རྟ་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །ལྷའི་རྔ་བོ་ཆེ་ཆོས་ཀྱི་མཐོ་བ་ཞེས་བྱ་བ་ལས། འདས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་ན་ལྷའི་བུ་དག་ཅིའི་ཕྱིར་བག་མེད་པར་གནས་ཞེས་ལྷའི་བུ་དག་འདོད་པའི་ཡོན་ཏན་གྱིས་མྱོས་པ་ལས་སྐུལ་བར་བྱེད་པ་དང་། ཀྱེ་ལྷ་རྣམས་རྒྱལ་བར་འགྱུར། ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །ཞེས་ལྷ་མ་ཡིན་གྱི་དམག་གི་འཚེ་བ་ཉེ་བར་ཞི་བར་བྱེད་པའི་སྒྲ་འབྱུང་བ་ཡོད་དོ། །
སུམ་ཅུ་རྩ་གསུམ་དེའི་སྟེང་ན་འཐབ་བྲལ་ནས་འོག་མིན་བར་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་སྤྲིན་གྱི་ཕུང་པོ་ལྟར་གོང་ནས་གོང་དུ་བརྩེགས་ནས་གནས་པ་ལས། འདོད་པ་སྤྱོད་པ་ནི་རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དྲུག་ཡིན་ལ། དང་པོ་གཉིས་ན་ལྷ་མིན་རྣམས་དང་འཐབ་པ་ཡོད་དེ། འདི་ལྟར་ལྷ་མིན་དང་ལྷ་རྣམས་ལྷ་མིན་གྱི་བུ་མོ་དང་ལྷའི་བདུད་རྩི་ལ་སེར་སྣ་དང་ཕྲག་དོག་གིས་རྩོད་པའི་ཕྱིར་འཐབ་པ་ན་རེས་འགའ་ནི་ཐགས་བཟང་རིས་ལ་སོགས་པའི་ལྷ་མིན་རྒྱལ་པོ་བཞིག་འོང་ལ་རེས་འགའ་གོང་མ་དག་འོང་སྟེ། གསེར་དངུལ་བེེཌཱུརྱ་ཤེལ་བཞིའི་གོ་ཆ་སྲ་བ་རྣམས་གྱོན་ཞིང་རལ་གྲི་དང་མདུང་དང་འཕང་དང་མདའ་གཞུ་ཐོགས་པའི་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཆུ་མཚམས་ནས་ཐོན་ཏེ། བརྒྱ་བྱིན་གྱིས་སྲུང་མ་ལྔ་ལས་དང་པོ་དཀར་པོ་ལ་དགའ་བའི་ཀླུའི་རྒྱལ་པོ་རོལ་མཚོ་ན་གནས་པ་དང་གཡུལ་སྤྲོད་ཅིང་དེ་དག་གིས་ཐུབ་ན་ལྡོག་ལ་གལ་ཏེ་མ་ཐུབ་ན་སྲུང་མ་གཉིས་པ་གཞོང་ཐོགས་དང་། གསུམ་པ་ཕྲེང་ཐོགས་དང་། བཞི་པ་རྟག་མྱོས་དང་། ལྔ་པ་རྒྱལ་པོ་ཆེན་པོ་བཞི་དག་ཏུ་རིམ་གྱིས་སོང་ཞིང་འོག་མ་འོག་མ་དང་བསྡོམས་ཤིང་འཐབ་པར་བྱེད་པ་ན་ཕལ་ཆེར་ནི་དེ་དག་གིས་བཟློག་པར་འགྱུར་རོ། །གལ་ཏེ་བཟློག་མ་ནུས་ན་རྒྱལ་ཆེན་བཞི་པོ་དག་སུམ་ཅུ་རྩ་གསུམ་གྱི་གནས་སུ་སོང་སྟེ། ཀྱེ་ལྷའི་དབང་པོ་མཁྱེན་པར་མཛོད་ཅིག །བདག་ཅག་སྲུང་མ་ལྔ་པོ་དག་གིས་ལྷ་མ་ཡིན་གྱི་དམག་བཟློག་པར་མི་ནུས་སོ། །ཞེས་ཞུས་པ་དང་། ལྷའི་དབང་པོས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒོས་ཏེ་གཡུལ་སྤྲད་པར་བྱེད་དོ། །དེའི་ཚེ་ལྷ་མ་ཡིན་རྣམས་རྒྱལ་ན་གྲོང་ཁྱེར་བལྟ་ན་སྡུག་གི་ནང་དུ་འདེད་པར་བྱེད་ལ། ལྷ་རྣམས་རྒྱལ་ན་རོལ་མཚོ་དང་པོའི་བར་དུ་འདེད་པར་བྱེད་དོ། །དེ་དག་ཕན་ཚུན་མགོ་དང་རྐེད་པ་ཆད་ན་འཆི་བར་འགྱུར་ལ། ཡན་ལག་དང་ཉིང་ལག་ཆད་པ་ནི་སླར་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་འཐབ་མོ་དང་བྲལ་ཕྱིར་འཐབ་བྲལ་དང་། ལྷའི་བུ་དང་བུ་མོ་གཉིས་གཉིས་ལྷའི་བུ་མོ་རེ་རེའི་པང་དུ་རྫུས་ཏེ་སྐྱེ་བའི་ཕྱིར་མཚེ་མ་ཞེས་ཀྱང་བྱའོ། །ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་པ་བས་ཀྱང་ཁྱད་པར་དུ་འཕགས་སོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་ལྡན་པའི་ཕྱིར་དང་། རང་གིས་སྤྲུལ་པའི་འདོད་པའི་ཡོན་ཏན་གྱིས་དགའ་བའི་ཕྱིར་དང་། གཞན་གྱིས་སྤྲུལ་པ་ལའང་དགའ་བའི་ཕྱིར་དགའ་ལྡན་སོགས་རིམ་པ་བཞིན་དུ་བརྗོད་དོ། །འདོད་པ་པ་དེ་དག་འདོད་པ་ལ་ཇི་ལྟར་སྤྱོད་ཅེ་ན། རྒྱལ་ཆེན་རིས་བཞི་པ་དང་སུམ་ཅུ་རྩ་གསུམ་པ་གཉིས་ནི་དབང་པོ་གཉིས་སྤྲད་པས་ལྷའི་བུ་དང་བུ་མོ་གཉིས་འཁྲིག་པ་སྤྱོད་དེ་འོན་ཀྱང་ཟས་ལ་མི་གཙང་བའི་རྒྱུ་མཐུན་མེད་པས་ས་བོན་འབྱུང་བ་མེད་དེ་རླུང་རྒྱུ་བས་གདུང་བ་དང་བྲལ་བར་གནས་སོ། །འཐབ་བྲལ་ནི་འཁྱུད་པ་ཙམ་དང་། དགའ་ལྡན་ལ་ལག་པ་བཅངས་པ་དང་། འཕྲུལ་དགའ་བ་རྒོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་འཁྲིག་པ་སྤྱོད་པ་ཡིན་ནོ། །
དེའི་སྟེང་ན་བསམ་གཏན་དང་པོའི་ལྷ་ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་གསུམ་གྱི་གནས་དང་། དེའི་སྟེང་ན་བསམ་གཏན་གཉིས་པའི་ལྷ་འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གསུམ་གྱི་གནས་དང་། དེའི་སྟེང་ན་བསམ་གཏན་གསུམ་པའི་ལྷ་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་གསུམ་གྱི་གནས་དང་། དེའི་སྟེང་ན་བསམ་གཏན་བཞི་པའི་ལྷ་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་སྟེ་སོ་སོའི་སྐྱེ་བོ་གསུམ་གྱི་གནས་དང་། དེའི་སྟེང་དུ་གཙང་མའི་རིགས་ཀྱི་ལྷ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་པ་སྟེ་འཕགས་པ་ལྔའི་གནས་རྣམས་སྤྲིན་ཕུང་བཞིན་དུ་འདུས་ཤིང་། དེ་རྣམས་ཀྱང་མཆོད་རྟེན་ཁ་སྦུབས་པ་ལྟ་བུའི་བང་རིམ་གྱི་རྣམ་པ་བཞིན་འོག་མ་ལས་གོང་མ་གོང་མ་རྒྱ་ཇེ་ཆེར་སོང་བའི་ཚུལ་དུ་ཡོད་པར་བཤད་དོ། །འདི་རྣམས་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་ཞེས་གྲགས་སོ། །གཞན་ཡང་གཟུགས་མེད་ཁམས་ཀྱི་ལྷ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད། ཅི་ཡང་མེད་ཀྱི་སྐྱེ་མཆེད། སྲིད་རྩེ་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་སྟེ། དེ་དག་ནི་སྐྱེ་བ་སྔ་མ་གང་དུ་ཤི་འཕོས་པ་དེར་སྐྱེས་པ་བླངས་ཏེ་མིང་གཞིའི་ཕུང་པོ་ཙམ་གྲུབ་པས་ཁ་དོག་དང་། དབྱིབས་སོགས་ཀྱི་ལུས་ཅན་མ་ཡིན་པའི་ཕྱིར་བླ་འོག་གི་གནས་མེད་མོད་ཀྱི། འོན་ཀྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་རྣམ་པ་བཞིར་གནས་པར་བཤད་དོ། །
སྟོང་གསུམ་ནི་གླིང་བཞི་གླིང་ཕྲན་བརྒྱད་དང་དབུས་ཀྱི་རི་རབ་དང་ཉི་ཟླ་དང་རི་རྣམས་དང་མཚོ་རྣམས་དང་། ཁོར་ཡུག་ལྕགས་རི་དང་འདོད་ལྷ་རིགས་དྲུག་དང་། ཚངས་པའི་འཇིག་རྟེན་མན་ཆད་རྣམས་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁམས་ཞེས་བྱ་སྟེ་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །སྟོང་ཆུང་ངུའི་འཇིག་རྟེན་དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལ་ནི་གླིང་བཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་ས་ཡ་ཕྲག་གཅིག་ཡོད་དེ། དེ་ལའང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །སྟོང་གཉིས་པ་དེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ཡང་ཁོར་ཡུག་ཏུ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་ཏེ་གནས་སོ། །དེ་ལ་ནི་ཚངས་པའི་འཇིག་རྟེན་གྱི་བར་བྱེ་བ་ཕྲག་བརྒྱ་ཡོད། དེ་ལྟ་བུའི་སྟོང་གསུམ་དེ་ནི་མཐར་མཉམ་དུ་འཇིག་ཅིང་དང་པོ་མཉམ་དུ་འཆགས་པས་སྟོང་གསུམ་ཞེས་བྱ་སྟེ། བསམ་གཏན་གཉིས་པ་ཡན་ཆད་སྟོང་གསུམ་དུ་མ་འདུས་ཏེ་ཚངས་པའི་འཇིག་རྟེན་མན་ཆད་ཁོ་ན་ལ་དེ་བཤད་པའི་ཕྱིར་རོ། །
སེམས་ཅན་དེ་དག་གི་ལུས་ཀྱི་ཚད་ནི་སའི་དངོས་གཞི་ལས། སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཚད་ནི་ངེས་པ་མེད་དེ། གང་གིས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་དྲག་པོ་བྱས་ཤིང་བསགས་པ་དེའི་ལུས་ནི་ཆེ་བར་འགྲུབ་པར་འགྱུར་ལ། གཞན་དག་ནི་གཞན་དུ་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དག་གིས་ཇི་ལྟ་བ་བཞིན་དུ་གྲང་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉི་ཚེ་བ་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་དང་འདྲའོ། །ཞེས་མི་དགེ་བ་ཆེ་ཆུང་གིས་ལུས་ཆེ་ཆུང་དུ་འགྱུར་བར་བཤད་པ་དང་། བརྒྱད་སྟོང་པ་ལས་ཀྱང་དེ་དང་མཐུན་པར་གསུངས་ལ། འཆི་མེད་མཛོད་ལས་ནི། ངན་སོང་གསུམ་གྱི་ལུས་ཚད་ནི་མ་ངེས་པའི་ཕྱིར་འདིར་མ་བསྟན་ཏོ་ཞེས་གསུངས། གཞན་ཡང་དམྱལ་བའི་སེམས་ཅན་རྣམས་རྒྱར་དཔག་ཚད་བཞི་དང་། ཡི་དྭགས་རྣམས་ཀྱི་ཆུང་བ་ནི་མཐོ་གང་དང་། ཆེ་བ་ནི་དཔག་ཚད་སྟོང་ཡོད་པ་དང་། དུད་འགྲོ་ནི་ཆུང་བ་སྐྲའི་རྩེ་མོ་ལྕ་བཅུར་གཤགས་པའི་ཆ་ཙམ་དང་། ཆེ་བ་ཆུ་སྲིན་ཉ་མིད་ལྟ་བུ་ནི་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཙམ་ཡོད་པ་དང་། ཀླུ་རྒྱལ་དགའ་བོ་དང་ཉེ་དགའ་བོས་རི་རབ་ལན་གསུམ་དཀྲིས་པ་དང་། ཀླུ་རྒྱལ་རྣམས་ཀྱི་ལུས་སྟན་ལས་མ་འཕགས་པར་རི་རབ་ཀྱི་རྩེར་ལུས་སྟོད་ཀྱིས་སླེབས་པ་མདོ་དུ་མ་དང་འདུལ་བ་ལུང་ལས་གསུངས་སོ། །
མི་རྣམས་ཀྱི་ལུས་ཚད་ནི། འཛམ་བུ་གླིང་གི་ཚེ་ལོ་བརྒྱ་པའི་མི་རྣམས་རང་གི་ཁྲུ་བཞི་དང་། ཆུང་བ་རྣམས་ཕྱེད་དང་བཞི་པ་ཡིན་ནོ། །སའི་དངོས་གཞི་ལས། འཛམ་བུའི་གླིང་གི་མི་རྣམས་ནི་ལུས་ཀྱི་ཚད་ནི་ངེས་པ་མེད་དེ། རེས་འགའ་ནི་ཆེན་པོར་འགྱུར་རོ། །རེས་འགའ་ནི་ཆུང་ངུར་འགྱུར་ཏེ། དེ་ཡང་རང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ། ཞེས་བཤད་དོ། །ཤར་ལུས་འཕགས་པ་དང་། ནུབ་བ་ལང་སྤྱོད་པ་དང་། བྱང་སྒྲ་མི་སྙན་པ་ཞེས་བྱ་བ་རྣམས་ནི་རིམ་པ་ལྟར་སྔ་མ་སྔ་མ་ཉིས་འགྱུར་གྱིས་བསྐྱེད་པ་ཁྲུ་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་ཡིན་ནོ། །དེ་དག་ཀྱང་འཛམ་བུའི་་གླིང་པའི་ཁྲུའི་དབང་དུ་བྱས་པ་ཡིན་ཏེ། སའི་དངོས་གཞི་ལས། ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། དེ་དག་ཀྱང་རང་གི་ཁྲུ་ཕྱེད་དང་བཞི་པ་སྟེ་ལུས་ཤིན་ཏུ་ཆེ་བའོ། །ཤར་ལུས་འཕགས་པ་ཇི་ལྟ་བ་བཞིན་ཏུ་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་ལུས་ཤིན་ཏུ་ཆེའོ། །ཞེས་འབྱུང་བས་རང་རང་གི་ཁྲུ་བཞི་པའམ་ཕྱེད་དང་བཞི་ཁོ་ན་ཡིན་ནོ་ཞེས་གསུང་། གླིང་ཕྲན་རྣམས་ཀྱི་མི་རྣམས་ནི་གཙོ་བོའི་གླིང་གི་མིའི་ལུས་ཀྱི་ཕྱེད་ཕྱེད་དང་ལྡན་ནོ་ཞེས་གྲགས་སོ། །
འདོད་པ་དང་ལྡན་པའི་ལྷ་དྲུག་པོའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་གཅིག་གི་བཞི་ཆ་གཅིག་ཡིན་པ་ནས་སུམ་ཅུ་རྩ་གསུམ་པ་རྒྱང་གྲགས་ཕྱེད་དང་། འཐབ་བྲལ་བ་བཞི་ཆ་གསུམ་དང་། དགའ་ལྡན་པ་གཅིག་དང་། འཕྲུལ་དགའ་བ་གཅིག་དང་བཞི་ཆ་དང་། གཞན་འཕྲུལ་དབང་བྱེད་པ་ཕྱེད་དང་གཉིས་ཀྱི་བར་དུ་ཡིན་ལ། སའི་དངོས་གཞི་ལས་ནི། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་པས་ལྷག་གོ །ལྷའི་དབང་བོ་བརྒྱ་བྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །འཐབ་བྲལ་བ་རྣམས་ཀྱང་རྒྱང་གྲགས་ཕྱེད་དོ། །དེ་ཡན་ཆད་ནི་བཞི་ཆ་རེ་རེ་ལྷག་པར་བལྟ་བར་བྱའོ། །ཞེས་དང་། ལྷ་མ་ཡིན་རྣམས་ཀྱི་ལུས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཚད་བཞིན་དུ་རྣམ་པར་གཞག་པར་བྱའོ། །ཞེས་བཤད་དོ། །
གཟུགས་ཅན་གྱི་ལྷ་རྣམས་ཀྱི་དང་པོ་ཚངས་རིས་པ་དཔག་ཚད་ཕྱེད་དང་། ཚངས་པའི་མདུན་ན་འདོན་པ་དཔག་ཚད་གཅིག་དང་། ཚངས་ཆེན་པ་དཔག་ཚད་གཉིས་དང་། འོད་ཆུང་བ་དཔག་ཚད་གཉིས་དང་། ཚད་མེད་འོད་པ་དཔག་ཚད་བཞི་དང་། འོད་གསལ་བ་བརྒྱད་དང་། དགེ་ཆུང་བ་བཅུ་དྲུག་དང་། ཚད་མེད་དགེ་བ་སུམ་ཅུ་རྩ་གཉིས་དང་། དགེ་རྒྱས་པ་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པ་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་བརྒྱད་ལས་གསུམ་དོར་བའི་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེས་པ་ཕྱེད་དང་སུམ་བརྒྱ་དང་། འབྲས་བུ་ཆེ་བ་ལྔ་བརྒྱ་དང་། མི་ཆེ་བ་སྟོང་དང་། མི་གདུང་བ་ཉིས་སྟོང་དང་། གྱ་ནོམ་སྣང་བ་བཞི་སྟོང་དང་། ཤིན་ཏུ་མཐོང་བ་བརྒྱད་སྟོང་དང་། འོག་མིན་པ་དཔག་ཚད་ཁྲི་དྲུག་སྟོང་ཡིན་ལ། དེའི་ཞབས་མཐིལ་གཅིག་ཙམ་ཡང་འཛམ་བུའི་གླིང་ལས་རྒྱ་ཆེའོ། །གཟུགས་མེད་པ་ནི་ལུས་ཅན་མ་ཡིན་པའི་ཕྱིར་ལུས་ཀྱི་ཚད་མེད་ལ། དེ་ན་སྤྲུལ་པའི་གཟུགས་ཡོད་པར་འདོད་པ་ལྟར་ནའང་ཚད་ངེས་པ་མེད་པའི་ཕྱིར་རོ། །
ཚེའི་ཚད་ནི་བྱང་སྒྲ་མི་སྙན་ན་ནི་ཚེ་ལོ་སྟོང་ཐུབ་སྟེ། ནུབ་དང་ཤར་གྱི་གླིང་གཉིས་ན་རིམ་པ་བཞིན་སྔ་མ་སྔ་མའི་ཕྱེད་ཕྱེད་སྤངས་པས་བ་ལང་སྤྱོད་པ་ལྔ་བརྒྱ་དང་། ལུས་འཕགས་པ་ཕྱེད་དང་སུམ་བརྒྱའོ། །འཛམ་བུའི་གླིང་འདི་ན་ཚེ་ཚད་མ་ངེས་ཏེ། སྤྱིར་བཏང་དུ་དང་པོ་ལ་ཚེ་ལོ་དཔག་མེད་ཐུབ་པ་དང་ཐ་མར་ཚེ་ལོ་བཅུ་པ་དང་། ད་ལྟ་དྲུག་ཅུ་ཁ་རལ་ཡིན་པར་བཤད་ཅིང་། བར་དུའང་འཕེལ་འགྲིབ་དུ་མ་ཡོད་པས་སོ། །
འདོད་ལྷ་རྣམས་ཀྱི་ཚེ་ཚད་ནི། འདོད་ལྷ་ཐམས་ཅད་ཀྱི་འོག་མ་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་རྩིས་ནས་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལོ་གཅིག་ཡིན་པ་དེས་རང་གི་ལོ་ལྔ་བརྒྱའོ། །སུམ་ཅུ་རྩ་གསུམ་པ་རྣམས་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་སྟོང་ངོ་། །དེ་བཞིན་དུ་འཐབ་བྲལ་པ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་རིམ་པ་བཞིན་དུ་མི་ལོ་ཉིས་བརྒྱ་དང་། བཞི་བརྒྱ་དང་། བརྒྱད་བརྒྱ་དང་། སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་རྩིས་པར་རིམ་པ་ལྟར་རང་ལོ་ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་ཐུབ་བོ། །དེ་དག་ལ་མིའི་ལོས་རྩིས་པ་ན་རིམ་པ་ལྟར་དང་པོ་ལ་ས་ཡ་ཕྲག་དགུ་དང་། གཉིས་པ་ལ་ས་ཡ་ཕྲག་སུམ་ཅུ་རྩ་དྲུག་དང་། གསུམ་པ་ལ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་དང་། བཞི་པ་ལ་དུང་ཕྱུར་ལྔ་དང་བྱེ་བ་བདུན་དང་ས་ཡ་དྲུག་དང་། ལྔ་པ་ལ་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་དང་ས་ཡ་བཞི། དྲུག་པར་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་ཡོད་དོ། །སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་ཀྱང་ཉིན་མཚན་ཡོད། དུས་ཀྱི་དབང་གིས་མེ་ཏོག་ཁ་ཟུམ་པ་དང་། བྱ་སྐད་མི་འབྱིན་པ་དང་གཉིད་བྲོ་བ་མཚན་མོ་དང་། དེ་ལས་ལྡོག་པ་ནི་ཉིན་མོ་ཡིན་ནོ། །སྣང་བའི་བྱ་བ་ནི་རང་རང་གི་ལུས་ལ་འོད་ཡོད་པས་བྱེད་དོ། །ལྷ་མ་ཡིན་གྱི་ཚེ་ཚད་ནི་སའི་དངོས་གཞི་ལས་སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ་ཞེས་བཤད་ལ། དྲན་པ་ཉེར་བཞག་ལས་ནི་མི་ལོ་ལྔ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་སྟོང་སྒྲ་གཅན་གྱིས་ཐུབ་ཅིང་། མི་ལོ་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་དྲུག་སྟོང་མགུལ་ཕྲེང་དང་བརྟན་པས་ཐུབ་ལ། མི་ལོ་བདུན་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་བདུན་སྟོང་མེ་ཏོག་ཕྲེང་གིས་ཐུབ་པར་གསུངས་ཤིང་། ཐགས་བཟང་རིས་ཀྱི་ཚེ་ཚད་མ་གསུངས་སོ། །
གཟུགས་ཁམས་པ་རྣམས་ལ་ཉིན་མཚན་མེད་དེ། ཉིན་མཚན་གྱི་རྣམ་པར་འཇོག་བྱེད་མེད་པས་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཚད་ཀྱི་བསྐལ་པས་འཇལ་བ་ཡིན་ཏེ། འདི་ལྟར། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་འདོན་པ་བསྒྱུར་རོ། །
གཟུགས་མེད་པ་རྣམས་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྐལ་པ་སྟོང་ཕྲག་ཉི་ཤུ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བཞི་བཅུ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དྲུག་ཅུ་དང་། སྲིད་པའི་རྩེ་མོ་བས་བརྒྱད་ཅུ་ཐུབ་བོ། །འོ་ན་དེ་དག་ཐམས་ཅད་བར་བསྐལ་ལམ་བསྐལ་ཆེན་གང་ཡིན་ཞེ་ན། འོད་ཆུང་ནས་བཟུང་བསྐལ་ཆེན་ཡིན་ལ། དེའི་འོག་མ་ཚངས་ཆེན་མན་ཆད་ནི་བསྐལ་པ་ཆེན་པོའི་ཕྱེད་བར་བསྐལ་བཞི་བཅུ་ལ་བསྐལ་པར་བཏགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚངས་ཆེན་པ་མ་ཤི་བར་སྣོད་འཇིག་པའི་མེ་འབར་བར་འགྱུར་བ་དང་། སྟོངས་ནས་ཀྱང་ཡོད་པར་འགྱུར་པའི་ཕྱིར་རོ། །དེས་བས་ཚངས་རིས་པ་བར་བསྐལ་ཉི་ཤུ་དང་ཚངས་པའི་མདུན་ན་འདོན་པ་བར་བསྐལ་བཞི་བཅུ་དང་། ཚངས་ཆེན་པ་བར་བསྐལ་དྲུག་ཅུར་བར་བསྐལ་གཉིས་ཀྱིས་ཆད་པ་ཡོད་དེ། སྣོད་འཇིག་འཆགས་ལ་བར་བསྐལ་རེ་རེ་ཡོད་ལ་སྣོད་འཆགས་པ་མ་རྫོགས་ཚེ་ཚངས་པ་མི་སྐྱེས་ཤིང་སྣོད་འཇིག་པའི་གོང་དུ་ཚངས་པ་ཤི་བའི་ཕྱིར་རོ། །འོན་ཀྱང་བསྐལ་པ་བཞི་གསུམ་ཐུབ་པར་བཤད་པ་ནི་དེ་དང་ཉེ་བས་ཕྱིར་རོ།  །དེས་ན་ཚངས་ཆེན་དང་འོད་ཆུང་གི་ཚེ་ཚད་ཀྱི་བར་ན་བར་བསྐལ་བརྒྱ་ཡོད་དོ། །
            ངན་སོང་གི་ཚེ་ཚད་ལ། ཡང་སོས་ལ་སོགས་པ་ཚ་བའི་དམྱལ་བ་དྲུག་གི་ཚེ་ཚད་ནི། རིམ་པ་བཞིན་ཏུ་རྒྱལ་ཆེན་རིས་བཞི་ལ་སོགས་འདོད་ལྷ་རིགས་དྲུག་པོའི་ཚེ་ཚད་བཤད་པ་དང་ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་མཉམ་པར་སྟེ་རྒྱལ་ཆེན་རིས་བཞི་བའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་པའི་ཉིན་ཞག་གཅིག་ཏུ་བརྩི་བ་དང་། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་རང་ལོ་ལྔ་བརྒྱ་དང་། སྟོང་དང་། ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་རྣམས་རིམ་པ་བཞིན་ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་རྣམས་ཀྱི་ཚེ་ཚད་ཡིན་ནོ། །དེ་ལྟར་ན་ཡང་སོས་ཀྱི་ཉིན་ཞག་གཅིག་ལ་མི་ལོ་ས་ཡ་ཁྲི་ཕྲག་དགུ་དང་། རང་ལོ་ལྔ་བརྒྱ་ལ་མི་ལོ་ཁྲག་ཁྲིག་བཅུ་དྲུག་དང་ཐེར་འབུམ་ཆེན་པོ་གཉིས་ཡོད་པ་ནས། ཚ་བའི་རང་ལོ་ཁྲི་དྲུག་སྟོང་ལ་མི་ལོ་གཏམས་གསུམ་གཏམས་ཆེན་པོ་ལྔ་རབ་བཀྲམ་བརྒྱད་དང་རབ་བཀྲམ་ཆེན་པོ་བརྒྱད་ཁྲག་ཁྲིག་དགུ་ཐེར་འབུམ་ཆེན་པོ་གཉིས་ཡོད་པའི་བར་དུ་སྦྱར་རོ། །རབ་ཏུ་ཚ་བའི་དམྱལ་བས་ནི་བར་གྱི་བསྐལ་པ་ཕྱེད་དང་མནར་མེད་པས་ནི་བར་གྱི་བསྐལ་པ་གཅིག་ཐུབ་པ་དང་། གྲང་དམྱལ་གྱི་ཚེ་ཚད་ནི། ཏིལ་གྱི་སྦྱངས་བུ་མ་ག་དྷའི་བྲེའི་ཏིལ་ཁལ་བརྒྱད་ཅུས་བཀང་བའི་ནང་ནས་ལོ་བརྒྱ་རེ་ལ་ཏིལ་རེ་ཕྱུང་བས་ཏིལ་དེ་དག་ཟད་པར་གྱུར་བ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་དེ། གཞན་བདུན་གྱི་ཚེ་ཚད་ནི་དེ་ཉི་ཤུ་ཉི་ཤུར་བསྒྱུར་བས་ན་ཕྱི་མ་ཕྱི་མ་རིང་ངོ་། །
ཡི་དྭགས་རྣམས་ནི་མིའི་ཟླ་སྟོད་ལ་ཉིན་མོ་དང་། ཟླ་སྨད་ལ་མཚན་མོར་བྱས་ནས་མི་རྣམས་ཀྱིས་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་གི་གྲངས་སུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ཡིན་ལ། བཤེས་སྤྲིངས་ལས། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ཡི། །དྲ་བས་བཅིངས་པའི་ཉེས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་འབྱུང་བ་ནི་མིའི་ལོའི་དབང་དུ་མཛད་པའོ། །དྲན་པ་ཉེར་བཞག་ལས་ནི་མིའི་ལོ་བཅུ་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་དུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ཏེ། དེ་ལྟར་ན་རང་ལོ་ལྔ་བརྒྱ་ལ་མི་ལོ་ས་ཡ་ཕྲག་གཅིག་དང་དགུ་འབུམ་དུ་འགྱུར་རོ། །
དུད་འགྲོ་རྣམས་ནི་ཚེ་ཐུང་བ་ལ་ངེས་མེད་ཅིང་། ཚེ་མཆོག་དུ་རིང་བ་ནི་བར་གྱི་བསྐལ་པ་གཅིག་ཐུབ་པ་དང་། ཤིན་དུ་ཐུང་བ་ནི་ཡུད་ཙམ་ཏུ་བཤད་ལ། སའི་དངོས་གཞི་ལས་ནི་དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ཚེའི་ཚད་ལ་ནི་ངེས་པ་མེད་དོ། །ཞེས་དང་། དེ་བཞིན་དུ་ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཚད་ནི་ངེས་པ་མེད། ཞེས་བཤད་དོ། །སྔར་སྨོས་པའི་སེམས་ཅན་དེ་དག་བར་མ་དོར་མི་འཆི་བར་ཚེ་ཚད་ལྟར་ངེས་པ་ཁོ་ན་ཡིན་ནམ་ཞེས་ན། སྒྲ་མི་སྙན་པ་དག་ནི་ལོ་སྟོང་དུ་ངེས་ཏེ། བར་མ་དོར་འཆི་བ་མེད་པའི་ཕྱིར་རོ། །སྒྲ་མི་སྙན་པ་མ་གཏོགས་པ་རྣམས་ལ་བར་མ་དོར་འཆི་བ་ཡོད་པའི་ཕྱིར་ངེས་པ་ནི་མ་ཡིན་གྱི་སྤྱིའི་ཚེ་ཚད་སྨོས་པ་ཡིན་ནོ། །
དེ་ལྟར་ཚེ་ཚད་ལ་སོགས་པ་རྒྱས་པར་བསྟན་ནས་འདིར་མ་སྨོས་པ་གདགས་པ་ལས་འབྱུང་བ་ནི། བཀྲེས་སྐོམ་གླིང་བཞི་འདོད་ལྷ་ན། །གོང་མ་ན་མེད་གླིང་གསུམ་ན། །འབྲས་ཆན་ཟན་ཕྱེ་ཤ་འཁུར་བའི། །ཟས་ཟ་སྒྲ་མི་སྙན་པ་རྣམས། །མ་རྨོས་འབྲས་ཀྱི་འབྲུ་དག་ཟ། །འདོད་ལྷ་དྲི་དང་བདུད་རྩིའོ། །གོང་ན་ཁམ་ཟས་རྣམ་པར་སྤངས། །བཤང་གཅི་གླིང་བཞི་དག་ན་ཡོད། །ཡན་ཆད་ན་མེད་ཆར་བ་དག། འབབ་ཉེས་པ་དང་ལེགས་པ་དང་། །ལོ་ཉེས་ལོ་ལེགས་མུ་གེ་དག །གླིང་གསུམ་ན་ཡོད་སྒྲ་མི་སྙན། །འདོད་ལྷ་ཡན་ཆད་དེ་དག་མེད། །འཇིགས་དང་ཡིད་བདེ་རེས་འཇོག་ནི། །གླིང་གསུམ་དག་དང་འདོད་ལྷ་ལ། །སྒྲ་མི་སྙན་དང་གོང་ན་མེད། །ནོར་འབྲུ་གསེར་དངུལ་ཉོ་ཚོང་དག །གླིང་གསུམ་ན་ཡོད་སྒྲ་མི་སྙན། །ལྷ་རྣམས་ཀུན་ལ་ཡོད་མ་ཡིན། །བཞིན་མདོག་དཀར་ནག་སྔོ་སངས་དང་། །སྐྱ་སྣར་གླིང་གསུམ་འདོད་ལྷ་རྣམས། །སྔོ་སེར་དཀར་དམར་སྒྲ་མི་སྙན། །ཚངས་རིས་ཡན་ཆད་དཀར་པོར་གནས། །ཆེད་དུ་བྱས་དང་མ་བྱས་པའི། །ཁང་པ་གླིང་གསུམ་འདོད་ལྷ་ན། །སྒྲ་མི་སྙན་དང་གཟུགས་ཁམས་པ། །ཆེད་དུ་བྱས་པ་མ་ཡིན་ངེས། །བལ་གོས་རས་དང་དར་ཟབ་སོགས། །གླིང་གསུམ་ན་ཡོད་སྒྲ་མི་སྙན། །འདོད་ལྷ་དྲུག་པོ་སྲང་དྲུག་ནས། །དྲུག་ཅུ་རྩ་བཞི་ཆ་ཡི་བར། །ཆེས་ཡང་སྔོ་སེར་དཀར་དམར་དག །དཔག་བསམ་ཤིང་ལས་འབྱུང་བར་བཤད། །གཟུགས་ཁམས་གོས་དང་བཅས་པར་སྐྱེ། །རང་ལུས་ཚད་ལས་ཉིས་འགྱུར་གྱིས། །ལྷག་པའི་གོས་དག་གོན་པར་བཤད། །བག་མ་ལེན་དང་གཏོང་བ་ནི། །གླིང་གསུམ་འདོད་ལྷ་རྣམས་ལ་ཡོད། །སྒྲ་མི་སྙན་དང་གོང་ན་མེད། །ལུས་ལ་ཚ་དང་གྲང་བ་ནི། །གླིང་གསུམ་དག་ན་སྒྲ་མི་སྙན། །ལྷ་རྣམས་རྣམ་པར་སྤངས་པ་ཡིན། །དགུན་དཔྱིད་དབྱར་དང་སྟོན་རྣམས་ནི། །གླིང་བཞི་འདོད་ལྷ་རྣམས་ན་ཡོད། །གོང་མ་ན་མེད་ཉིན་མཚན་དང་། །ཕ་མ་རྣམས་ཀྱང་དེ་བཞིན་ནོ། །རྗེ་བྲན་གླིང་གསུམ་འདོད་ལྷ་རྣམས། །སྒྲ་མི་སྙན་དང་གོང་ན་མེད། །ནོར་དང་འབྲུ་ཡོད་གླིང་གསུམ་ནའོ། །འབྲུ་ཡོད་ནོར་མེད་སྒྲ་མི་སྙན། །ནོར་ཡོད་འབྲུ་མེད་འདོད་ལྷ་རྣམས། །གཉིས་ཀ་མེད་པ་གོང་མ་ཡིན། །ཕ་མ་ནས་ནི་འབྲུ་ཡི་བར། །ཀུན་ལ་ཞེན་པ་གླིང་གསུམ་ན། །འབྲུ་མ་གཏོགས་ལ་ཞེན་པ་ནི། །འདོད་ལྷའོ་སྒྲ་མི་སྙན་དང་ནི། །གོང་མའི་ལྷ་རྣམས་ཞེན་པ་མེད། །ཟླ་མཚན་སྦྲུམ་མ་བུ་བཙའ་བ། །གླིང་བཞི་ན་ཡོད་ལྷ་རྣམས་ནི། །རྫུས་སྐྱེས་ཁུ་བ་འབྱུང་བ་ཡང་། །མི་རྣམས་འདོད་ལྷ་རླུང་དག་རྒྱུ། །ཚེ་དང་ལུས་དང་འཁྲིག་པ་སྤྱོད། །རྩ་བར་བཤད་ཕྱིར་འདིར་མ་བྲིས། །མཐོ་རིས་ཀྱི་ནི་ལོངས་སྤྱོད་དག །ལུང་བཞིན་དུ་ནི་བསྡེབས་པ་ཡིན། །ཞེས་སོ། །
                          གསུམ་པ། འཇལ་བྱེད་ཀྱི་ཚད་ཞར་བྱུང་དང་བཅས་པ་བཤད་པ།
ད་ནི་སྣོད་བཅུད་འཇལ་བྱེད་ཀྱི་ཚད་བཤད་པ་ལ། གཟུགས་ཅན་གྱི་ཚད་ནི་གཟུགས་ཅན་གྱི་ཆུང་བའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ལ། ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲན་གཅིག་དང་། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག་དང་། དེ་བདུན་ལ་ཆུ་རྡུལ་གཅིག་དང་། དེ་བདུན་ལ་རི་བོང་གི་རྡུལ་གཅིག་དང་། དེ་བདུན་ལ་ལུག་གི་རྡུལ་གཅིག་དང་། དེ་བདུན་ལ་གླང་གི་རྡུལ་གཅིག་དང་། དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག་དང་། དེ་བདུན་ལ་སྲོ་མ་ཙམ་གྱི་རྡུལ་གཅིག་དང་། དེ་བདུན་ལ་ཤིག་ཙམ་གྱི་རྡུལ་གཅིག་དང་། དེ་བདུན་ལ་ནས་འབྲུ་ཙམ་དང་། དེ་བདུན་ལ་ཚེ་ལོ་བརྒྱ་པའི་སོར་མོའི་ཚིགས་ཞེས་བྱའོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་དང་། ཁྲུ་བཞི་ལ་ནི་གཞུ་འདོམ་གང་། གཞུ་འདོམ་ལྔ་བརྒྱར་རྒྱང་གྲགས་ཡིན་ལ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཅེས་བྱའོ། །གདགས་པ་ལས་ནི། ལྕགས་ཆུ་གཉིས་མི་འབྱུང་བར་ཕྲ་རབ་རྡུལ་དང་། རྡུལ་ཕྲན་དང་། ཉི་ཟེར་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། སྲོ་མ་དང་། ཨ་བ་ག་ན་དང་། བ་ཏི་ཀ་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་བཤད་ལ། རྒྱ་རོལ་ལས། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། རྡུལ་ཆུང་ངུ་དང་། ཉི་ཟེར་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། སྲོ་མ་དང་། ཡུངས་འབྲུ་དང་། ནས་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་གསུངས་མོད་ཀྱི་མིང་ཐ་དད་ཙམ་ལས་རྡུལ་ཕྲ་རབ་ལ་ཆེ་ཆུང་མེད་དོ། །ཡང་དེ་ལས། གཞུ་སྟོང་ལ་ཡུལ་མ་ག་ངྒའི་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་ཏུ་བཤད་དོ། །དེ་རྣམས་ཀྱིས་སྣོད་དང་བཅུད་ཀྱི་ལུས་ཚད་ཐམས་ཅད་འཇལ་ལོ། །
དུས་ཀྱི་ཚད་ནི། དུས་ཀྱི་ཐུང་བའི་མཐའ་ནི་དུས་མཐའི་སྐད་ཅིག་མ་ཡིན་ལ། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་་ལྔ་འདའོ། །དེ་ལྟ་བུའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་དང་། དེའི་སྐད་ཅིག་མ་དེ་དྲུག་ཅུ་ལ་ཐང་གཅིག་དང་། དེ་སུམ་ཅུ་ལ་ཡུད་ཙམ་དང་། དེ་སུམ་ཅུ་ལ་ཉིན་ཞག་གཅིག་དང་། དེ་སུམ་ཅུ་ལ་ཟླ་བ་གཅིག་སྟེ། དེ་ལྟར་ན་དེ་གསུམ་ནི་གོང་ནས་གོང་དུ་སུམ་ཅུར་བསྒྱུར་རོ། །ཟླ་བ་ཐམས་ཅད་ཞག་སུམ་ཅུ་རེ་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། འགྲེལ་བ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་དང་། འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ཁ་བ་སོ་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ཞེས་དང་། དུས་རྣམས་མཐའ་དག་འཕོ་བས་ན། །ཟླ་ཕྱེད་གསུམ་གསུམ་རྗེས་ལ་འཆད། །ལོ་ལ་ཞག་རེས་མ་ཚང་བའི། །ཟླ་བ་དྲུག་ཏུ་བསྟན་པ་ཡིན། །ཞེས་འབྱུང་བས་སྟོན་ཟླ་ཐ་ཆུང་ཚེས་བཅུ་དྲུག་ནས་བཟུང་སྟེ་ཟླ་བ་ཕྱེད་དང་གཉིས་གཉིས་ནི་འདས་ལ་ཟླ་བ་ཕྱེད་ཕྱེད་ལུས་པའི་མཚམས་སུ་ཞག་མི་ཐུབ་པ་རེ་རེ་འབྱུང་བའི་ཕྱིར་ཏེ། དེ་དག་ཀྱང་དབྱར་དགུན་འབྲིང་ཐུབ། སྟོན་དཔྱིད་འབྲིང་མི་ཐུབ་ཅེས་པས་དགུན་ཟླ་ར་བ་དང་། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འབྲིང་བོ་དང་། དབྱར་ཟླ་ར་བ་དང་། དབྱར་ཟླ་ཐ་ཆུང་དང་། སྟོན་ཟླ་འབྲིང་བོ་དྲུག་གི་་མར་ངོའི་ཚེས་བཅུ་བཞི་པ་རྣམས་ལ་ཟླ་བ་ཟད་པས་གསོ་སྦྱོང་བཅུ་བཞི་པ་ལ་བྱེད་པ་རྣམས་ཏེ། དེ་ལ་མི་ཐུབ་པའི་དོན་ནི་གནམ་ཟླས་ས་ཟླའི་དོད་མ་ཐུབ་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་གྱི་བསམ་པའི་ཡུལ་ལས་འདས་པས་མཐའ་གཅིག་ཏུ་མི་ངེས་པའི་ཕྱིར་རོ། །དེ་ལྟར་ཞག་མི་ཐུབ་པ་དྲུག་ལོ་ཕྱི་མ་ལ་བླངས་པ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ནི་ལོ་གཅིག་གོ །གལ་ཏེ་དེ་ལྟ་ན་ལོ་ལྔ་ལྔ་ན་ཟླ་བཤོལ་འབྱུང་བས་ད་ལྟར། རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་བོ་གཉིས། །ཞེས་ལོ་གསུམ་གསུམ་ན་འདོར་བ་དང་འགལ་ལོ་ཞེ་ན། དངོས་པོ་ལ་དེ་ལྟར་ཡིན་ཀྱང་ལོ་གསུམ་གསུམ་ན་འདོར་བ་ནི་རྒྱལ་པོ་དང་མཐུན་པར་བྱ་བའི་ཕྱིར་ཡིན་པས་ཉེས་པ་མེད་དེ། ལུང་སྡེ་བཞི་ལས། སྟོན་པ་མཉན་ཡོད་ཀྱི་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ་དགེ་སློང་རྣམས་ལོ་ལྔ་ལྔ་ན་བཤོར་དོར་ཅིག་ཅེས་གསུངས་ནས་ལོ་ལྔ་ལྔ་ན་བཤོལ་འདོར་རོ། །རྒྱལ་པོ་དག་ནི་ལོ་གསུམ་གསུམ་ན་བཤོལ་འདོར་བར་བྱེད་དོ། །དགེ་སློང་དག་གིས་རྒྱལ་པོའི་ལྟར་མ་བྱས་པ་དང་། བློན་པ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཀའ་སྩལ་པ། དགེ་སློང་དག་བློན་པོ་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་རྒྱལ་པོའི་གཞུང་བཞིན་དུ་ཡང་གྱིས་ཤིག་ཅེས་གསུངས་ལ། དེ་དང་མཐུན་པར་འདུལ་བའི་མདོ་ལས་ཟླ་བ་བཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ། །ཞེས་དང་། འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ལོ་དང་ཟླ་བ་ཟླ་བཤོལ་དག །རྒྱལ་པོའི་བཀའ་ཡིས་ཀྱང་ནི་བསྔགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་ལྡན་དེ་ཡི་རྗེས་འབྲང་བྱ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཡང་ལུང་སྡེ་བཞི་ལས། སྐར་མ་བརྩི་བ་མི་མཐུན་པར་གྱུར་ཏེ། དགེ་སློང་དག་གིས་དེ་ལྟར་མ་བྱས་པ་དང་། སྐར་མ་བརྩི་བ་ལ་མཁས་པ་དག་འཕྱ་ནས་དགེ་སློང་རྣམས་ཀྱིས་སྟོན་པ་ལ་གསོལ་བ་ན། དགེ་སློང་དག་སྐར་མ་བརྩི་བ་དག་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་སྐར་མ་བརྩི་བ་དག་གི་རྗེས་སུ་ཡང་འཇུག་པར་བྱོས་ཤིག་གསུངས་ལ། འདུལ་བའི་མདོ་ལས་ཀྱང་། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་སོ། །ཞེས་འབྱུང་ངོ་། །
 གཞན་ཡང་གྲངས་ཀྱི་གནས་ལུང་སིལ་བུ་ལས་འབྱུང་བ་སྡོམ་དུ་བསྡུས་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་བ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པང་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་ཕྱིང་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་དང་ནི་སྟོབས་མིག་རྣམས། །ཆེན་པོ་དང་ནི་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡིན། །བར་ནས་བརྒྱད་ནི་མི་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ཏོ། །ཞེས་གསུངས་པ་ལྟར་ལ། བསྣན་ཚུལ་ནི་སྟོབས་མིག་གི་རྗེས་སུ་འབྱུང་བཞིའམ་ཚད་མེད་བཞི་གང་རུང་ཆེན་པོའི་ཟླ་དང་བཅས་ཏེ་འདྲེན་པར་མཛད་སྣང་ངོ་། །དེ་དག་གིས་སེམས་ཅན་གྱི་ཚེ་ཚད་སོགས་འཇལ་ལོ། །
བསྐལ་པ་བཤད་པ་ལ། མདོ་ལས་བར་གྱི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། གནས་པའི་བསྐལ་པ་དང་། སྟོངས་པའི་བསྐལ་པ་དང་། བསྐལ་པ་ཆེན་པོ་ཞེས་བསྐལ་པ་རྣམ་པ་མང་པོ་བཤད་པ་དེ་དག་ལས་འཇིག་པའི་བསྐལ་པ་ལས་བཅུད་འཇིག་ཚུལ་ནི། གནས་པའི་བསྐལ་པ་ཐ་མའི་ཚེ་འཛམ་བུའི་གླིང་གི་མིའི་ཚེ་ལོ་བརྒྱད་ཁྲིའི་བར་གྱུར་པ་དང་། མནར་མེད་པའི་གནས་ནས་དམྱལ་བའི་སེམས་ཅན་ཚེ་ཟད་པ་གཅིག་གནས་འཕོ་བ་ནི་དུས་མཉམ་སྟེ། དེ་ནི་བསྐལ་པ་འཇིག་པའི་མགོ་བརྩམས་པ་ཡིན་ལ། དེ་ནས་དམྱལ་བའི་སེམས་ཅན་དག་གསར་དུ་སྐྱེས་པ་ཆད་ཅིང་། སྔར་སྐྱེས་པ་རྣམས་ཀྱང་ལས་ཟད་ན་གོང་དུ་སྐྱེ་བའམ། མ་ཟད་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེས་ཏེ་དམྱལ་བ་རྣམས་རིམ་གྱིས་སྟོངས་པར་འགྱུར་རོ། །དེའི་རྗེས་ལ་ཚུལ་དེ་ལྟ་བུས་དུད་འགྲོ་དང་ཡི་དྭགས་ཀྱི་གནས་ཀྱང་སྟོངས་པར་འགྱུར་རོ། །དེ་ནས་ལྷོ་འཛམ་བུའི་གླིང་བའི་མི་རྣམས་ལ་ལུང་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་སྐྱེས་ཏེ། ཀྱེ་མའོ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ་ཞེས་ལན་གཉིས་སུ་སྒྲོགས་ཏེ། སྒྲ་དེ་ཚེགས་ཆུང་ངུས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །དེ་ཐོས་ནས་གཞན་རྣམས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇིག་སྟེ་འཛམ་གླིང་གི་མི་ཐམས་ཅད་ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ཚུལ་དེ་ཉིད་ཀྱིས་ཤར་ནུབ་ཀྱི་གླིང་གི་མི་རྣམས་ཀྱང་སྟོངས་པར་འགྱུར་རོ། །དེའི་རྗེས་ལ་བྱང་སྒྲ་མི་སྙན་པ་རྣམས་ལ་རྣམ་སྨིན་གྱིས་སྒྲིབ་པས་དེ་ལྟ་བུའི་ཏིང་ངེ་འཛིན་མི་སྐྱེས་པས། དེ་རྣམས་འདོད་པའི་ལྷ་རྣམས་སུ་སྐྱེས་ཏེ་སྟོངས་པར་འགྱུར་རོ། །འདོད་པའི་ལྷ་རྣམས་ལའང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་སྐྱེས་ཏེ་སྔར་བཞིན་དུ་བསྒྲགས་པས་ཐམས་ཅད་ཀྱིས་བསམ་གཏན་དང་པོ་ཐོབ་སྟེ་ཤི་ནས་བསམ་གཏན་དང་པོར་སྐྱེ་བར་འགྱུར་ལ། བསམ་གཏན་དང་པོ་རྣམས་ཀྱང་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་སྔར་བཞིན་ཐོབ་ནས་གཉིས་པ་ཡན་ཆད་དུ་སྐྱེས་ནས་སྟོངས་པར་འགྱུར་བ་ཡིན་ནོ། །མེ་ཡིས་འཇིག་ན་དེ་ཙམ་གྱིས་ཟིན་པའི་སེམས་ཅན་ཞིག་པ་ཡིན་ལ། ཆུས་འཇིག་ན་བསམ་གཏན་གཉིས་པ་ལ་སྔར་བཞིན་དུ་གསུམ་པ་སྐྱེས་ནས་གསུམ་པར་སྐྱེས་ཏེ་སྟོངས་ལ། རླུང་གིས་འཇིག་ན་གསུམ་པ་ལ་སྔར་བཞིན་དུ་བཞི་པ་སྐྱེས་ནས་བཞི་པར་སྐྱེས་ཏེ་སྟོངས་བར་འགྱུར་རོ། །
སྣོད་འཇིག་ཚུལ་ནི། མེས་འཇིག་པའི་ཚེ་ཉི་ན་བདུན་ཤར་བས་སྲེག་པར་བྱེད་པ་ཡིན་ཏེ། དེ་ལྟར་བསམ་གཏན་དང་པོ་མན་ཆད་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེའི་ཚེ། ནམ་མཁར་སྤྲིན་མེད་ཅིང་ཉི་མ་འདི་ཉིད་བཞི་འགྱུར་གྱིས་ཚ་བར་གྱུར་བས་ནི་ཆུ་ལས་གྱུར་པའི་རྩི་ཤིང་དང་ནགས་ཚལ་རྣམས་སྐེམས་པར་བྱེད་དོ། །དེ་ནས་ཉི་མ་གཉིས་ཤར་བས་ཆུ་ཕྲན་ལྟིངས་ཀ་ཆེ་ཆུང་རྣམས་དང་། དེ་བཞིན་དུ་གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་ཆེན་པོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོའང་སྐེམས་པར་བྱེད་ལ། དྲུག་པས་ས་ཆེན་པོ་དང་མཆོག་ཏུ་སྲ་བའི་རི་རབ་ལའང་དུ་བ་ཐུལ་བར་བྱེད་དོ། །བདུན་པས་ནི་ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་སྟེ་བསྲེག་པ་ན།  འོད་ཆུང་དང་། འོད་གསལ་དང་། ཚད་མེད་འོད་ཀྱི་ལྷ་གཞོན་ནུ་རྣམས་སྐྲག་པར་བྱེད་དོ། །དེའི་ཚེ་ལྷ་རྒན་པོ་རྣམས་ན་རེ། ཀྱེ་གཞོན་ནུ་རྣམས་མ་འཇིགས་ཤིག །སྔོན་ཡང་འདི་ལྟ་བུའི་མེ་འབར་བ་བྱུང་སྟེ། ཚངས་པའི་འཇིག་རྟེན་ནས་ལོག་པ་ཡིན་ཞེས་དབུགས་འབྱིན་པར་བྱེད་དེ། དེ་ནས་མེ་དེ་ནི་རང་ཞི་བར་འགྱུར་སྟེ། གདགས་པ་ལས། དུས་མཐའི་ཚེ་ན་འཚོ་བའི་འཇིག་རྟེན་འདིར། །སྤྲིན་རྣམས་ཆུ་ནི་ཅུང་ཟད་གཏོང་མི་བྱེད། །ཉི་མ་གཅིག་པུས་རྩྭ་དང་གེལ་བ་དང་། །སྨན་དང་ས་བོན་ཤིང་མ་ཟད་པར་བྱེད། །ཉི་མ་གཉིས་པས་ལྟེངས་ཀ་ཆུང་ངུའི་ཚོགས། །དེ་བཞིན་ཆུ་ཀླུང་ཆུང་ངུ་སྐམ་པར་འགྱུར། །ལྟེངས་ཀ་ཆེན་པོའི་ཚོགས་དང་ཀླུང་ཆེན་དང་། །ཆུ་རྣམས་ཉི་མ་གསུམ་པས་མེད་པར་བྱེད། །མི་མ་ཡིན་གནས་ཆེ་བ་རྒྱ་ཆེ་བ། །མ་དྲོས་ཞེས་བྱ་ཤིན་ཏུ་ཡིད་འོང་ཞིང་། །གཙང་མའི་ཆུ་ཡིས་ཤིན་ཏུ་གང་བ་ནི། །ཉི་མ་བཞི་པ་ཡིས་ནི་སྐམ་པར་འགྱུར། །རིན་ཆེན་མང་པོས་གང་ཞིང་རབ་འཇིགས་ལ། །སེམས་ཅན་ཚོགས་ཆེན་དག་གིས་གནས་གྱུར་པ། །རྒྱ་མཚོ་དག་ནི་ཉི་མ་ལྔ་རྣམས་ཀྱིས། །ཡོངས་སུ་གདུང་བས་མ་ལུས་སྐམ་པར་འགྱུར། །ས་དང་གངས་དང་དེ་བཞིན་རི་རབ་དང་། །གསེར་གྱི་རི་དབང་དེ་བཞིན་བདུན་པོ་རྣམས། །ཉི་མ་དག་པ་དྲུག་གིས་རབ་གདུངས་པས། །ཀུན་ནས་དུད་པ་ཤིན་ཏུ་འཐུལ་བར་བྱེད། །གང་ཚེ་ཉི་མ་བདུན་པ་ཤར་གྱུར་ཅིང་། །འདིར་ནི་འོད་ཟེར་དྲ་བ་རབ་གཏོང་བ། །དེ་ཡི་ཚེ་ན་ས་དང་རི་རྣམས་ཀུན། །ཤིན་ཏུ་རབ་ཏུ་འབར་བར་འགྱུར་ཞེའོ། །འོད་ཟེར་དྲ་བ་རབ་འཇོམས་ལྡན་པ་ཡི། །ཉི་མ་དེ་བདུན་རྣམ་པར་རྒྱུ་ཞེའོ། །ས་འདི་དང་ནི་དེ་བཞིན་གསེར་གྱི་གཞི། །སེམས་ཅན་དམྱལ་བརྒྱད་རི་རྣམས་ཐམས་ཅད་དང་། །འདོད་ལྡན་ལྷ་རྣམས་ཀྱི་ནི་ཁང་པ་དང་། །འདོད་པ་ཀུན་གྱི་གནས་སུ་སོང་ནས་ཀྱང་། །འདོད་པའི་ལྷ་མང་ཤིན་ཏུ་ཡིད་འོང་བྲལ། །ཚངས་པའི་གནས་རྣམས་ཤིན་ཏུ་སྲེག་པར་བྱེད། །ཇི་སྐད་སྨྲས་བཞིན་མ་ལུས་ཀུན་བསྲེགས་ནས། །དུས་མཐའི་ཉི་མ་གཟི་བརྗིད་ཆེ་ལྡན་པ། །དེ་དག་ཉིད་ཀྱང་དབང་ནི་མེད་འགྱུར་ཞིང་། །མི་རྟག་པས་ནི་བཅོམ་ནས་ཞིག་པར་འགྱུར། །དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེ་དང་ས། །དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི། །སྐྱེ་བོ་དམ་པ་དག་གིས་བསྟེན་པའི་ཕྱིར། །འཕགས་པའི་གནས་ལ་རྟག་ཏུ་བློ་ཞོག་ཅིག། ཅེས་སོ། །ཆུས་འཇིག་པ་ན་འོད་གསལ་གྱི་གནས་སུ་སྤྲིན་འཁྲིགས་པ་ལས་ཆར་ཆེན་པོ་བབས་ནས་ལན་ཚྭ་ཆུས་ནང་དུ་ཞུ་བ་ལྟ་བུས་འཇིག་གོ །རླུང་གིས་འཇིག་པ་ན་བསམ་གཏན་གསུམ་པའི་གནས་ནས་ལས་ཀྱི་རླུང་གིས་རི་རབ་ཀྱང་འཐོར་བའི་བར་དུ་བྱེད་ན། གཞན་རྣམས་ལྟ་ཅི་སྨོས་པའི་རླུང་གིས་འཇིག་པར་བྱེད་དོ། །དེ་ཡང་མེས་འཇིག་ན་བསམ་གཏན་དང་པོ་མན་ཆད་དང་། ཆུས་འཇིག་ན་བསམ་གཏན་གཉིས་པ་མན་ཆད་དང་། རླུང་གིས་འཇིག་ན་བསམ་གཏན་གསུམ་པ་མན་ཆད་འཇིག་པ་ཡིན་ཅིང་། བསམ་གཏན་བཞི་པ་ན་འཇིག་པ་དེ་དག་མེད་ཀྱང་མི་རྟག་སྟེ། དེའི་གཞལ་མེད་ཁང་རྣམས་རླུང་ལ་སོགས་པ་འོག་གཞི་གཅིག་ཏུ་འབྲེལ་བ་མ་ཡིན་པར་སྐར་མ་ལྟར་གནས་པས་ན། གཞལ་མེད་ཁང་སེམས་ཅན་དང་བཅས་ཏེ་ཅིག་ཅར་དུ་འབྱུང་ཞིང་ཅིག་ཅར་དུ་འཇིག་པའི་ཕྱིར་རོ། །དེ་ལྟར་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་གོ་རིམ་ནི། མེ་ཡིས་འཇིག་པ་བདུན་བསྟུད་མར་འབྱུང་ལ། དེ་ནས་ཆུས་འཇིག་པ་གཅིག་འབྱུང་། དེ་ལྟར་མེ་འཇིག་བདུན་གྱི་རྗེས་ལ་ཆུ་འཇིག་གཅིག་སྟེ། དེ་ལྟ་བུའི་ཚུལ་གྱིས་ཆུ་འཇིག་བདུན་ཐལ་ནས་ཀྱང་མེ་འཇིག་ལན་བདུན་དུ་འབྱུང་ཞིང་། དེ་ནས་མཇུག་ཏུ་རླུང་གིས་འཇིག་པ་གཅིག་འབྱུང་བས་ན། བསྐལ་ཆེན་དྲུག་ཅུ་རྩ་བཞི་རེ་ལ་རླུང་གིས་འཇིག་པ་རེ་རེ་འབྱུང་ངོ་། །དེས་ན་བསྐལ་པ་འདིའི་དབང་དུ་བྱས་པའི་འཇིག་ཚུལ་བསམ་གཏན་དང་པོའི་མན་ཆད་ཡིན་ཏེ། བསྐལ་པ་བཟང་བོ་འདི་ནི་མེས་འཇིག་པའི་ཡིན་པའི་ཕྱིར་རོ། །
སྟོང་པའི་ཚུལ་ནི། དེ་ལྟར་འཇིག་སྟེ་ཟད་ཟིན་ནས་གནས་པའི་ཡུན་ཚད་དང་འདྲ་བའི་ཡུན་དུ་སྟོངས་པར་འདུག་པ་ཡིན་ནོ། །
འཆགས་བསྐལ་ནི། སྣོད་འཆགས་པའི་མགོ་བརྩམས་པ་ནས་དམྱལ་བ་མནར་མེད་མ་རྫོགས་ཀྱི་བར་དུ་འཇོག་ལ།
གནས་བསྐལ་ནི། དམྱལ་བ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་ནས་བཟུང་སྟེ་དེ་མ་ཟད་ཀྱི་བར་དང་། འཇིག་བསྐལ་ལ་མནར་མེད་དུ་སེམས་ཅན་སྐྱེས་འཕྲོ་ཆད་པ་ནས་བཟུང་སྟེ་མེ་ཆུ་རླུང་གསུམ་གང་རུང་གིས་གང་འཇིག་རྒྱུའི་སྣོད་ཀྱི་འཇིག་རྟེན་ཞིག་ཟད་ཟིན་པའི་བར་དང་། སྟོང་བསྐལ་ནི་འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་འཆགས་པའི་མགོ་བརྩམས་པའི་བར་དུ་འཇོག་གོ །འཆགས་སོགས་བཞི་པོ་ལ་བར་བསྐལ་ཉི་ཤུ་རེ་ཡོད་དེ། བཅུད་འཆགས་འཇིག་གཉིས་ལ་བར་བསྐལ་བཅུ་དགུ་རེ་དང་། སྣོད་འཆགས་འཇིག་གཉིས་ལ་བར་བསྐལ་རེ་སྟེ་ཉི་ཤུ་ཡོད་ལ། གནས་བསྐལ་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ལས་འགྲིབ་པ་ནས་བཟུང་སྟེ་ཚེ་ལོ་བརྒྱད་ཁྲི་བར་གྱུར་པའི་བར་ནི་འཆགས་པར་གཏོགས་པ་ས་སྡེར་བཤད། དེ་ནས་རིམ་གྱིས་འགྲིབས་ཏེ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་དུ་བྱུང་བའི་བར་གྱི་བར་བསྐལ་གཅིག་པོ་དེ་ལ་བར་གྱི་བསྐལ་པ་དང་ཡ་ཐོག་རིང་མོ་ཞེས་བྱ་ཞིང་། དེ་ནས་ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ་བརྒྱད་ཁྲིའི་བར་དུ་སྐྱེ་བར་འགྱུར་བ་དང་། བརྒྱད་ཁྲི་ནས་མར་འགྲིབ་སྟེ་ཚེ་ལོ་བཅུ་པར་གྱུར་པའི་བར་བསྐལ་གཅིག་ཡིན་ལ། དེ་ལྟ་བུའི་འཕེལ་འགྲིབ་ཟུང་བཅོ་བརྒྱད་ནི་བར་གྱི་ཁུག་པ་བཅོ་བརྒྱད་ཅེས་བྱ་བ་དང་། ཁུག་པ་བཅོ་བརྒྱད་སོང་བའི་རྗེས་སུ། ཚེ་ལོ་བཅུ་པ་ནས་ཡར་བརྒྱད་ཁྲིའི་བར་དུ་སྐྱེ་བའི་བར་བསྐལ་གཅིག་གི་ཡུན་ཚད་ཅན་ལ་བར་གྱི་བསྐལ་པ་ཐ་མ་དང་མ་ཐོག་རིང་མོ་ཞེས་བྱ་སྟེ། ཐོག་མཐའི་འཕེལ་འགྲིབ་རྐྱང་བ་གཉིས་ཆོས་ཉིད་ཀྱིས་དལ་གྱི་འགྲོ་བ་བུལ་ལ། བར་གྱི་ཁུག་པ་རྣམས་མགྱོགས་པར་འགྲོ་བས་དུས་མྱུར་པའི་ཕྱིར། ཐོག་མཐའི་འཕེལ་འགྲིབ་རེ་རེ་དང་བར་གྱི་ཁུག་པ་རེ་རེ་ཡུན་ཚད་མཉམ་མོ། །དེ་ལྟར་ན་གནས་བསྐལ་ལ་བར་བསྐལ་ཉི་ཤུ་དང་། སྟོངས་བསྐལ་ལ་ཡང་བར་བསྐལ་ཉི་ཤུ་ཡོད་ཅིང་། འཆགས་པ་དང་འཇིག་བསྐལ་ལ་ཡང་བར་བསྐལ་ཉི་ཤུ་རེ་ཡོད། དེ་ལྟ་བུའི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་འཇོག་པ་ཡིན་ནོ། །
དེ་ཡང་སྔར་བསྐལ་པ་དང་པོར་བྱུང་བའི་མི་རྣམས་ནི་གཟུགས་ཅན་གྱི་ལྷ་དང་འདྲ་སྟེ། ཡིད་ཙམ་ལས་རྫུས་ཏེ་སྐྱེས་པས་ཡིད་ལས་བྱུང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ། རང་འོད་ཀྱིས་མུན་པ་སེལ་བ། དགའ་བ་ཟས་སུ་ཟ་བ། ཚེ་ལོ་དཔག་མེད་ཐུབ་པའི་ཁྱད་པར་དུ་ལྡན་པ་ཡིན་ལ། འདིའི་དཔག་མེད་ནི་སྟོང་ལ་སོགས་པའི་གྲངས་ཚད་ཀྱིས་ཡོངས་སུ་བཟུང་བར་མི་ནུས་པའི་དོན་དུ་རང་འགྲེལ་ལས་སོ། །བསྐལ་པ་དང་པོའི་མིའི་ཚེ་ལོ་དཔག་མེད་ནས་འགྲིབ་པར་རྩོམ་ལ། ས་ཆེན་པོ་འདིར་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབས་པས་ཆུས་བཀང་བར་གྱུར་པ་རླུང་གིས་བསྡུས་ཤིང་འཐས་པར་བྱས་པས། སའི་སྟེང་དུ་སའི་རོ་བཅུད་འོ་མའི་སྤྲིས་མ་ལྟར་འཆགས་ཤིང་། ཁ་དོག་མར་གསར་འདྲ་བ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་ཞིག་ཡོད་པ་དེ་སྐྱེ་བོ་བརྐམ་ཆགས་ཅན་ཞིག་གིས་སོར་མོའི་རྩེ་མོས་བླངས་ཏེ་ལྕེ་ཐོག་ཏུ་མྱངས་ཤིང་། དེ་བཞིན་དུ་གཞན་རྣམས་ཀྱིས་ཀྱང་མྱངས་པས་རིམ་གྱིས་རོ་ལ་ཆགས་པར་གྱུར་ཏེ། དེ་ནས་ལུས་ལྕི་བར་གྱུར་པས་རང་འོད་ནུབ་པ་དང་མྱ་ངན་བྱེད་པ་ན། སྤྱི་མཐུན་གྱིས་ལས་དབང་གིས་ཉི་ཟླ་གཟའ་སྐར་རྣམས་བྱུང་བས་ཉིན་མཚན་དང་དུས་ཚིགས་ཀྱི་ཐོག་མ་ཡང་བྱུང་ངོ་། །དེའི་ཚེ་མང་དུ་ཟོས་པ་ནི་མདོག་ངན་ཞིང་ཉུང་ངུ་ཟོས་པ་ནི་མདོག་བཟང་བས་ཁྱོད་ནི་ངན་ལ་ང་ནི་བཟང་ངོ་ཞེས་བརྙས་ཤིང་། མི་དགེ་བ་བྱས་པས་བཅུད་དེ་ནུབ་པར་གྱུར་ཏོ། །དེ་ནས་སའི་བཅུད་ཁ་དོག་དོང་གའི་མེ་ཏོག་ལྟ་བུ་སའི་སྟེང་དུ་འཆགས་པ་ལ་སྔར་བཞིན་བྱས་པས་དེ་ཡང་ནུབ་པར་གྱུར་ཏོ། །དེ་ནས་མྱུ་གུའི་ཚལ་དྲི་རོ་སྔར་དང་འདྲ་བ་ཁ་དོག་ཀ་དམ་ཡུ་ཀའི་མེ་ཏོག་ལྟ་བུ་བྱུང་བ་ལ་སྔར་བཞིན་བྱས་པས་ནུབ་པར་གྱུར་ཏོ། །དེ་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་སོར་བཞི་ཙམ། ནངས་རྔས་ན་ནུབ་སྐྱེ་བ། ནུབ་བརྔས་ན་ནངས་སྐྱེ་བ། ཤུབ་ཤུན་མེད་པ་བྱུང་ཞིང་དེ་ཟས་རགས་པ་ཡིན་པས་བཤང་གཅི་འདོར་བའི་དབང་པོའི་སྒོ་དང་མཚན་མ་ཡང་བྱུང་སྟེ། སྐྱེས་པ་དང་བུད་མེད་ཀྱི་ཐ་སྙད་ཀྱང་བྱུང་། དེ་ནས་སྔོན་གྱི་བག་ཆགས་གོམས་པའི་དབང་གིས་ཆགས་པ་སྐྱེས་ཏེ་ལོག་གཡེམ་ལ་ཞུགས་པར་གཞན་གྱིས་མཐོང་དོགས་ནས་ཁང་པ་བརྩིགས་ཏེ་ཁྱིམ་གྱི་དང་པོ་བྱུང་ངོ་། །དེ་ནས་མི་ལེ་ལོ་ཅན་ཞིག་གིས་ཞག་ཁ་ཤས་ཀྱི་སྐལ་བ་བླངས་ཏེ་གསོག་འཇོག་བྱས་པས་ཤུལ་དུ་སླར་མ་སྐྱེས་པས། གཅིག་གིས་རང་གི་སྐལ་ཟད་པ་ན་གཞན་གྱི་སྐལ་བླངས་པས་མ་བྱིན་ལེན་གྱི་མགོ་ཐོག་མར་ཡང་བྱུང་ངོ་། །དེ་ནས་ཞིང་བགོས་ཏེ་ཐམས་ཅད་འདུས་ནས་མི་རང་བཞིན་བཟང་བ་ཞིག་དཔོན་དུ་བསྐོས་ཏེ་སྟོན་ཐོག་གི་དྲུག་ཆ་བསྟབ་སྟེ་སྐྱེ་བོ་མང་པོས་བཀུར་པས་མང་བཀུར་རྒྱལ་པོར་གྲགས་ཤིང་། གླིང་འདིར་རྒྱལ་པོའི་ཐོག་མ་ཡང་དེ་ནས་བྱུང་ངོ་། །རྒྱལ་པོ་དེའི་རིགས་རྒྱུད་ལ་རྒྱལ་རིགས་དང་། ཁྱིམ་ལའང་རྒྱལ་ཁབ་ཅེས་བྱའོ། །མི་རྣམས་ཀྱི་ནང་ནས་འགའ་ཞིག་ཁྱིམ་ལས་ཕྱིར་ཕྱོགས་ཏེ་དགོན་པར་གནས་པ་ལ་ནི་བྲམ་ཟེའི་རིགས་དང་། ཁྱིམ་ན་གནས་ཀྱང་བརྐུ་འཕྲོག་སོགས་མི་བྱེད་པ་ལ་རྗེའུ་རིགས་དང་། བརྐུ་འཕྲོག་དང་སྲོག་གཅོད་སོགས་བྱེད་པ་ལ་ནི་དམངས་རིགས་དང་གདོལ་བའི་རིགས་སོ་ཞེས་པས་རིགས་ཐ་དད་ཀྱང་བྱུང་ངོ་། །དེ་ནས་གཞན་གྱི་ནོར་བརྐུས་ཀྱང་མ་བརྐུས་སོ་ཞེས་རྫུན་དང་། དེ་ལ་བརྟེན་ནས་ཁྲིམས་གཅོད་པ་སོགས་མི་དགེ་བའི་ལས་ཀྱི་ལམ་དེ་དག་ལྷག་པར་སྤྱད་པས་ཚེ་དང་གཟུགས་དང་ལོངས་སྤྱོད་རྣམས་འགྲིབས་ཏེ། ཚེ་ཤིན་ཏུ་ཐུང་བས་ལོ་བཅུ་བའི་བར་དུ་མར་འགྲིབས་པ་ཡིན་ནོ། །དེ་ནས་ཕུང་ཀྲོལ་ཀུན་གྱི་རྩ་བ་རོ་ལ་ཆགས་པ་དང་ལེ་ལོ་ཡིན་པར་ཤེས་སོ། །དེའི་དུས་ཀྱི་བར་བསྐལ་དེ་མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་པར་གྱུར་ཏེ། དེ་ཡང་མཚོན་གྱི་དུས་སུ་བསམ་པ་རྩུབ་པས་མཐོང་ཚད་ལ་སྡང་པའི་གནོད་སེམས་པ་དག་གོ །མཚོན་ཆ་རྩུབ་པ་ཅི་བླངས་མཚོན་དུ་གྱུར་ཏེ། རྔོན་པས་རི་དྭགས་མཐོང་བ་བཞིན་གཅིག་གིས་གཅིག་བསད་པས་ཞག་བདུན་འབྱུང་ལ། དེས་ཤི་བ་ཐམས་ཅད་དམྱལ་བར་སྐྱེའོ། །ནད་ཀྱི་དུས་སུ་མི་མ་ཡིན་རྣམས་འཁྲུགས་ནས་ནད་གསོར་མི་རུང་བ་ཟླ་བ་བདུན་བཏང་བས་ཕལ་ཆེར་འཆི་སྟེ། དེས་ཤི་བ་རྣམས་ཀྱང་དམྱལ་བར་སྐྱེའོ། །མུ་གེའི་ཚེ་ལྷས་ཆར་མ་ཕབ་པས་མུ་གེ་ལོ་བདུན་དང་ཟླ་བ་བདུན་བཏང་བས་ཕལ་ཆེར་འཆི་སྟེ། དེས་ཤི་བ་རྣམས་ཀྱང་ཡི་དྭགས་སུ་སྐྱེའོ། ས་སྡེ་ལས་ཚེ་ལོ་སུམ་ཅུ་ལ་མུ་གེ་དང་། ཉི་ཤུ་ལ་ནད་དང་། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །ནད་མཚོན་མུ་གེའི་བསྐལ་པ་ངན་པ་དེ་དག་ཏུ་མི་སྐྱེ་བའི་ཐབས་ནི། ཉི་མ་འགའ་ཞིག་ལ་སྲོག་གཅོད་སྤངས་པས་སྡོམ་པ་སྲུང་ན་མཚོན་བསྐལ་དུ་མི་སྐྱེས། དགེ་འདུན་ལ་སྨན་ཕུལ་ན་ནད་བསྐལ་དུ་མི་སྐྱེས། དེ་ལ་བསོད་སྙོམས་ཕུལ་ན་མུ་གེའི་བསྐལ་བར་མི་སྐྱེས་པར་བཤད་དོ། །དེ་ལྟར་ཚེ་ལོ་ཡར་འཕེལ་བ་དང་བརྒྱ་ལས་མར་འགྲིབ་པའི་དུས་སུ་སངས་རྒྱས་མི་འབྱུང་སྟེ། རིམ་པ་ལྟར་འཁོར་བ་ལས་སེམས་ཅན་རྣམས་ཡིད་སྐྱོ་བ་མེད་པ་དང་། སྙིགས་མ་ལྔ་ཤིན་ཏུ་ལྷག་པའི་ཕྱིར་རོ། ། སྤྱིར་འཇིག་རྟེན་དུ་སངས་རྒྱས་བྱོན་པ་ལ་རྒྱུ་གསུམ་ཚང་དགོས་ཏེ། སངས་རྒྱས་ཀྱི་ཞིང་དག་པ། བྱང་སེམས་ཀྱི་ཚོགས་བསགས་པ། གདུལ་བྱའི་ཁམས་སྨིན་པ་སྟེ་གསུམ་འཛོམས་དགོས། ཚོགས་ཀྱང་བསྐལ་ཆེན་གྲངས་མེད་གསུམ་དུ་བསགས་པ་ཞིག་དགོས་པ་ཡིན་ལ། འདིའི་གྲངས་མེད་ནི་བགྲང་དུ་མི་ནུས་པ་ལ་མི་བྱེད་ཀྱི་གྲངས་གནས་དྲུག་ཅུའི་ནང་ཚན་གྱི་ཐ་མ་གྲངས་མེད་ལ་བྱེད་པར་གསུངས། དེ་ཡང་བསྐལ་པ་བཟང་པོ་འདི་ལ་མི་མཇེད་འཇིག་རྟེན་འདིར་སངས་རྒྱས་སྟོང་འབྱོན་པ་ཡིན་ལ། དེའང་སྐྱེ་དགུའི་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་འཁོར་བ་འཇིག་འཛམ་བུའི་གླིང་གི་ཡུལ་དབུས་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་བཟང་པོ་ཞེས་བྱ་བར་བྱོན། དེ་ནས་སྐྱེ་དགུའི་ཚེ་ལོ་སུམ་ཁྲིའི་དུས་སུ་སངས་རྒྱས་གསེར་ཐུབ་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་ལྔ་པ་ཞེས་བྱ་བར་བྱོན། དེ་ནས་སྐྱེ་དགུའི་ཚེ་ལོ་ཉི་ཁྲིའི་དུས་སུ་སངས་རྒྱས་འོད་སྲུངས་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་ཚེ་ཏན་བྱ་བར་བྱོན། དེ་ནས་རྩོད་ལྡན་གྱི་ཚེ་ལོ་བརྒྱ་པའི་དུས་སུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་འཛམ་བུའི་གླིང་གི་ཡུལ་དབུས་སེར་སྐྱའི་གནས་སུ་བྱོན་ནོ། །མ་འོངས་པ་ན་ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ་ཚེ་ལོ་བརྒྱད་ཁྲིའི་བར་གྱུར་པའི་དུས་སུ་རྗེ་བཙུན་བྱམས་པ་མགོན་པོ་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་ཏོག་གི་བློ་གྲོས་ཞེས་བར་འབྱོན་པ་ནས་བཟུང་སྟེ་སངས་རྒྱས་སྟོང་གི་ཐ་མ་དེ་བཞིན་གཤེགས་པ་མོས་པ་ལ་ཐུག་གི་བར་རྣམས་ཀྱང་འཛམ་བུའི་གླིང་འདིར་འབྱོན་པར་འགྱུར་པ་ཡིན་ནོ། །དེ་ལྟར་སངས་རྒྱས་འབྱོན་པའི་བསྐལ་པ་ལ་སྒྲོན་བསྐལ་དང་། མི་འབྱོན་པའི་བསྐལ་པ་ལ་མུན་བསྐལ་ཞེས་བྱ་བ་ཡིན་ནོ། །བསྐལ་པ་བཟང་པོ་འདིའི་རྗེས་སུ་མུན་བསྐལ་དྲུག་ཅུ་རྩ་ལྔ་འདས་ནས་སྙན་པ་ཆེན་པོ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་བརྒྱད་ཁྲི་འདས་རྗེས་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི། དེ་ནས་མུན་བསྐལ་སུམ་བརྒྱ་འདས་ནས་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱོན་པར་མདོ་སྡེ་ལས་གསུངས་སོ། །དེ་ལྟར་ན་མུན་བསྐལ་མང་པོ་བརྒྱུད་མར་འབྱུང་ཞིང་། བརྒྱ་ལམ་ན་སྒྲོན་བསྐལ་རེ་འབྱུང་བས་ན་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཆེས་ཆེར་དཀོན་པ་ཡིན་ནོ། །
རང་སངས་རྒྱས་ནི། ཚེ་ལོ་ཡར་འཕེལ་མར་འགྲིབ་གཉིས་འགྲིབ་གཉིས་ཀར་འབྱུང་སྟེ། དེ་ཡང་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་ཡིན་ལ། དེ་ལ་ཚོགས་ན་སྤྱོད་པ་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་རྒྱལ་དང་། བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་ནི་བསྐལ་པ་ཆེན་པོ་བརྒྱ་ཡི་བར་དུ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ཏེ། བྱང་ཆུབ་ཀྱི་ཚོགས་བསགས་པ་ལས་འབྱུང་བ་ཞིག་ཡིན། དེ་ཡང་སློབ་དཔོན་མེད་པར་རང་ཉིད་གཅིག་པུའི་དོན་དུ་བྱང་ཆུབ་པའི་ཕྱིར་རང་སངས་རྒྱས་ཞེས་བྱ་ལ། སངས་རྒྱས་མི་བཞུགས་པའི་ཞིང་དུ་འབྱུང་ཞིང་། སྒྲ་མེད་པར་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་སྟོན་པ་དང་། འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཛད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །
འཁོར་ལོས་བསྒྱུར་པའི་རྒྱལ་པོ་ནི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི་བར་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ཁོ་ན་འབྱུང་ཞིང་། དེ་ལས་འཕྱི་བ་ལ་མི་འབྱུང་སྟེ། དེ་ལ་དེའི་ལོངས་སྤྱོད་མི་རྫོགས་པའི་ཕྱིར་རོ། །སྤྱིར་འཁོར་ལོས་བསྒྱུར་རྒྱལ་ལ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་བསྒྱུར་བཞི་ཡོད་ཅིང་། དེ་དག་ཀྱང་མས་རིམ་བཞིན་འཛམ་བུའི་གླིང་གཅིག་དང་། ལྷོ་དང་ཤར་གྱི་གླིང་གཉིས་དང་། བྱང་མ་གཏོགས་པ་གསུམ་དང་། བཞི་ཆར་ལ་མངའ་བསྒྱུར་བར་བྱེད་ལ། དེ་དག་གིས་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་ཚུལ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་པ་ལྟར་རོ། །ཅིའི་ཕྱིར་འཁོར་ལོས་བསྒྱུར་བ་ཞེས་བྱ་ཞེ་ན། དེ་དག་ལ་འཁོར་ལོ་རིན་པོ་ཆེ་དག་ཡོད་ལ་དེས་རྒྱལ་སྲིད་ལ་མངའ་བསྒྱུར་བའི་ཕྱིར་དང་། འཁོར་བསྒྱུར་དེ་དག་གླིང་བཞི་གཅིག་ཏུ་དུས་ལྷན་ཅིག་ཏུ་གཉིས་ལ་སོགས་པ་འབྱུང་བ་ནི་མ་ཡིན་ཏེ། འགྲན་ཟླ་མེད་པའི་ལས་ཅན་ཡིན་པའི་ཕྱིར་དཔེར་ན་སངས་རྒྱས་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་དུས་གཅིག་ལ་མི་འབྱུང་བ་བཞིན་ནོ། །དེ་དག་ལ་ཡོ་བྱད་ཕུན་སུམ་ཚོགས་པ་རིན་པོ་ཆེ་གཞན་དྲུག་ཀྱང་། གླང་པོ་དང། རྟ་དང་། ནོར་བུ་དང་། བུད་མེད་དང་། ཁྱིམ་བདག་དང་། བློན་པོ་རིན་པོ་ཆེ་སྟེ་རྒྱལ་སྲིད་རིན་པོ་ཆེ་བདུན་དང་། དྲན་ཉེ་ལས། རལ་གྲི་དང་། པགས་པ་དང་། མལ་ཆ་དང་། ཚལ་དང་། ཁྱིམ་དང་། གོས་དང་། ལྷམ་སྟེ་ཉེ་བའི་རིན་ཆེན་བདུན་ཡང་འབྱུང་བར་གསུངས་ལ། ལུས་ཕུན་སུམ་ཚོགས་པ་སྐྱེས་བུ་ཆེན་པོའི་མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པའི་མཚན་སུམ་ཅུ་ཡང་ཡོད་དེ། འོན་ཀྱང་རིན་ཆེན་ཕྲེང་བ་ལས། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་དང་། ཉི་མ་རྣམས་ཀྱིས་འོད་བྱེད་པ། །མེ་ཁྱེར་རྣམས་དང་བག་འདྲ་ལྟར། །སངས་རྒྱས་རྣམས་ཀྱི་མཚན་དང་ནི། །འཁོར་ལོའི་བསྒྱུར་རྣམས་བག་ཙམ་འདྲ། །ཞེས་འབྱུང་བ་ལྟར། ཐུབ་པ་སངས་རྒྱས་ཀྱི་མཚན་སུམ་ཅུ་རྩ་གཉིས་ནི་ཤིན་ཏུ་ཡུལ་ན་གནས་པ་དང་། གསལ་ལ་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ལ་འཁོར་ལོའི་བསྒྱུར་བའི་ནི་དེ་ལྟ་མ་ཡིན་ནོ། །
འཛམ་བུའི་གླིང་འདིའི་མི་རྣམས་ཀྱི་རྟེན་ནི་གླིང་གཞན་པ་གསུམ་ལས་ཁྱད་དུ་འཕགས་པ་ཡིན་ཏེ། ཇི་སྐད་དུ་འཛམ་བུའི་གླིང་རྣམས་ལས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར། འཛམ་བུ་གླིང་འདིའི་མི་རྣམས་ཀྱི་རྟེན་ལ་སྡོམ་པ་གསུམ་ག་སྐྱེ་བ་དང་། ལྷ་མིའི་རྟེན་དང་འཁོར་ཕུན་སུམ་ཚོགས་པ་ཇི་སྙེད་ཞིག་ཡོད་པ་ཐམས་ཅད་བསྒྲུབ་ནུས་པ་དང་། སོ་སོར་རྟོག་པའི་ཤེས་རབ་དང་། ངེས་འབྱུང་བྱང་སེམས་ཤུགས་དྲག་པོ་སོགས་ལམ་གོང་མ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བ་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་མཐོང་ཆོས་ལ་སྨིན་ཏེ་ཚེ་མཇུག་ལ་ཁྱད་པར་ཅན་དུ་འགྱུར་བ་དང་། ལྷག་པར་ཚེ་སྟོད་ལ་ཐར་ལམ་བསྒོམས་ཏེ་ཚེ་མཇུག་ལ་འབྲས་བུ་བཞི་མངོན་དུ་བྱེད་པ་ཆེས་མང་བ་དང་། མདོར་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྟེན་འདིས་བསྒྲུབ་ནུས་པའི་ཕྱིར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱང་འཛམ་བུའི་གླིང་བའི་རྟེན་ཅན་དུ་ངེས་པར་བཤད་ལ། གླིང་འདིར་ཐོག་མར་བྱུང་བའི་རྒྱལ་པོ་མང་པོས་བཀུར་བ་དང་། དེའི་བུ་འོད་མཛེས་དང་། དེའི་བུ་དགེ་བ། དེའི་བུ་དགེ་མཆོག །དེའི་བུ་གསོ་སྦྱོང་འཕགས་ཏེ་དེ་དག་ལ་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་གྲགས་སོ། །དེའི་རྗེས་སུ་གསོ་སྦྱོང་འཕགས་ཀྱི་བུ་རྒྱལ་པོ་ང་ལས་ནུའམ་སྤྱི་པོ་སྐྱེས། དེའི་བུ་མཛེས་པ། དེའི་བུ་ཉེ་མཛེས། དེའི་བུ་མཛེས་ཅན། དེའི་བུ་ཉེ་མཛེས་ལྡན་ཏེ་ལྔ་པོ་དེ་ལ་བསྐལ་པ་དང་པོའི་དུས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ་ཞེས་བྱ་བ་ཡིན་ནོ། །དེ་ནས་རྒྱལ་པོའི་གདུང་མ་ཆད་པར་དུས་རིང་མོ་ཞིག་ཏུ་རྒྱལ་རབས་ཆེས་མང་བ་བརྒྱུད་པའི་མཐར། འཛམ་བུའི་གླིང་གི་མི་རྣམས་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱའི་རིགས་ཀྱི་རྒྱལ་པོ་སྲས་གཙང་གིས་རྒྱལ་སྲིད་བཟུང་ཞིང་། དེ་ལ་སྲས་གཞོན་ནུ་དོན་གྲུབ་དང་དགའ་བོ་གཉིས་བྱུང་བ་ལས། བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་གྲུབ་ཁབ་ཏུ་བཞུགས་ཏེ་བཙུན་མོ་དྲུག་ཁྲི་བཞེས་པ་ལས་བཙུན་མོ་དམ་པ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་འཁྲུངས། མང་བཀུར་རྒྱལ་པོའི་རྒྱལ་རྒྱུད་ཐ་མ་ནི་སྒྲ་གཅན་འཛིན་ཡིན་ཏེ། དེས་རྒྱལ་སྲིད་མ་བཟུང་བར་འཁོར་བའི་རྒྱུན་གཅོད་ཕྱིར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས། ཇི་སྲིད་ཐུབ་པའི་བསྟན་པ་ནམ་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་སྐུ་ཚེ་བྱིན་གྱིས་བརླབས་ཏེ། ད་ལྟའང་སུམ་ཅུ་རྩ་གསུམ་དང་འཛམ་བུའི་གླིང་གི་སའི་ཆ་དུ་མར་ཐུབ་པའི་བསྟན་པ་མི་ནུབ་པར་འཛིན་པར་བཞུགས་སོ། །
གཞན་ཡང་ཐུབ་པའི་བསྟན་པའི་གནས་ཚད་མདོ་སྡེ་དུ་མར་ལོ་གྲངས་མང་ཉུང་སྣ་ཚོགས་བྱུང་ཡང་། ལོ་ལྔ་སྟོང་དུ་གནས་པར་གསུངས་པ་ཉིད་ངེས་པའི་དོན་ཡིན་པར་མཁས་གྲུབ་དམ་པ་མང་པོས་གསུངས་ལ། དེ་ཡང་ལོ་སྟོང་ཕྲག་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་པ་ཕྲག་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་ཕྲག་དང་པོ་དང་། གཉིས་པ་དང་། གསུམ་པ་རྣམས་ལ་རིམ་བཞིན་དགྲ་བཅོམ་པ་དང་། ཕྱིར་མི་འོངས་པ་དང་། རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས་དགྲ་བཅོམ་པའི་ལེའུ་དང་། ཕྱིར་མི་འོངས་པའི་ལེའུ། རྒྱན་དུ་ཞུགས་པའི་ལེའུ་ཞེས་བྱ་སྟེ་ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་ཕྲག་བཞི་པ་དང་། ལྔ་པ་དང་། དྲུག་པ་རྣམས་གོ་རིམ་བཞིན་དུ་ལྷག་མཐོང་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་ཕྲག་བདུན་པ་དང་། བརྒྱད་པ་དང་། དགུ་བ་ལ་རིམ་པ་ལྟར་ཆོས་མངོན་པ་དང་། མདོ་སྡེ་དང་། འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང་། མདོ་སྡེའི་ལེའུ་དང་། འདུལ་བའི་ལེའུ་ཞེས་བྱ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་ཐ་མ་བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་ཞེས་བྱའོ། །དེ་ལས་ད་ལྟ་གང་གི་དུས་ཡིན་སྙམ་ན། སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་མང་དུ་ཡོད་པ་ལས་དཔལ་ལྡན་ཕུག་པ་ཡབ་སྲས་ཀྱི་ལུགས་ལྟར་ན། ལྔ་བརྒྱ་ཕྲག་བཅུའི་ནང་ནས་ལྔ་བརྒྱ་ཕྲག་དྲུག་པ་ཚུལ་ཁྲིམས་ལེའུ་ནས་ཀླུ་བུག་སྲིད་པའི་བགྲང་བྱ་འདས་པ་ཡིན་ནོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།