ཨ་མདོའི་ཡུལ་སྐད་ལས་མིང་མཐའི་པ་སྒྲ་འགྱུར་ཚུལ་ལ་ཅུང་ཟད་དཔྱད་པ།

[གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་ཨ་མདོའི་ས་ཁུལ་འགའི་ཡུལ་སྐད་ཁྲོད་དུ་མིང་གི་སྐབས་སུ་རྗེས་འཇུག་ག་དང་ཡང་འཇུག་ས་ཁོ་ནའི་རྗེས་སུ་ཡོད་པའི་པ་སྒྲ་དེ་དཔའ(hwa)ཡི་སྒྲ་དང་། ཤ(xha)སྒྲ། ག(kwa)སྒྲ་སོགས་སུ་འགྱུར་བ་དང་། རྗེས་འཇུག་གཞན་དག་དང་བྱ་ཚིག་གི་སྐབས་སུ་གོང་གསལ་གྱི་སྒྲ་དེ་ལྟར་མི་འགྱུར་བའི་ཚུལ་གླེང་ཡོད།

[གནད་ཚིག]ཡུལ་སྐད། མིང་མཐའ། མིང་། བྱ་ཚིག

སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཡུལ་ཕྱོགས་སོ་སོ་ན་འཚོ་སྡོད་བྱེད་བཞིན་པའི་བོད་པ་རྣམས་ཀྱིས་ཡི་གེ་གཅིག་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད་ནའང་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་གང་མང་ཞིག་ལ་འཕྲད་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་ལ་བརྟེན་ནས་འཛམ་གླིང་གི་སྐད་རིགས་སོ་སོའི་སྒྲ་གང་ཡང་རུང་བ་ཞིག་ཡང་དག་པའི་ངང་ནས་ཀློག་འདོན་བྱེད་ཐུབ་པ་ནི་ང་ཚོའི་སྐད་ཡིག་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན། ཡི་གེའི་ངོས་ནས་རྣམ་གཞག་གསལ་བ་དེ་ལྟར་ཡང་མིང་མཐའི་པ་སྒྲ་ཀློག་སྟངས་ཀྱིས་ཡུལ་སོ་སོའི་སྐད་ལ་ཁྱད་པར་ཤོར་བ་ནི་མིག་སྔར་རྒྱུན་འབྱམས་སུ་གྱུར་ཞིང་། སྐབས་འདིའི་བཤད་བྱ་གཙོ་བོ་ཡང་ཡུལ་སྐད་ལ་ཁྱད་པར་ཇི་ལྟར་ཤོར་བའི་ཚུལ་ཏེ། དཔེར་ན། སྤང་ཞེས་པའི་ཡི་གེ་འདིའི་ཀློག་སྟངས་ལ་ཀན་ལྷོའི་ས་ཆ་མང་ཆེ་བར་དཔོང(hwaŋ)དང་། ཡང་ས་ཆ་ལ་ལར་གསང་ཞེས་མགོ་ཅན་གཙོར་བྱས་ཏེ་འདོན་པ་དང་། དཔའ་རིས་ས་ཆར་སྤྱང་ཀིའི་སྒྲ་ལ་གསང་གི་ཞེས་བརྗོད་པ་ལྟ་བུ། ཡང་ས་ཆ་གཞན་དུ་སྤང་ཤ་ལ་གསང་ཤ་ཞེས་ཀློག ལ་ལས་ཧྥུང་ཞེས་སྒྲ་མི་འདྲ་བ་སྣ་ཚོགས་འབྱིན་བཞིན་ཡོད་པའི་དཔེ་ལྟར་དུ་ཡི་གེ་གཞན་དག་ལའང་འདི་དང་འདི་ལྟ་བུའི་སྣང་ཚུལ་བྱུང་ཡོད། ས་ཆ་ལ་ལའི་ཕལ་སྐད་དེ་ས་ཆ་རེ་འགའི་ཡུལ་སྐད་དུ་སྣང་བ་དང་། ས་ཆ་ལ་ལའི་ཡུལ་སྐད་ཡང་ས་ཆ་ལ་ལའི་ཕལ་སྐད་དུ་སོང་བའི་ཁྱད་པར་ཙམ་ལས་རྩ་བའི་འབྲི་ཚུལ་གཅིག་ཏུ་སྣང་། དཔེར་ན། སྦྲ་ཞེས་པའི་ཡིག་འབྲུ་འདིའི་ཀློག་སྟངས་ལ། སྦ་དང་། བ། ར། སྦྲ་ཞེས་ཡོད་པ་ལྟ་བུ་སྟེ། གོང་གི་དཔེ་དེ་དག་ནི་མིག་སྔར་མདོ་སྨད་ཀྱི་ཡུལ་སྐད་ཀྱི་ཁྱད་པར་ཡིན་ཞིང་། འདི་ལྟའི་ཁྱད་པར་གྱི་ཚུལ་ལམ་སྒྲ་འབྱིན་ལུགས་ལ་རྟོག་དཔྱོད་ནན་མོ་བྱས་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཕན་ཚུན་བར་གོ་བརྡ་འཕྲོད་རྒྱུ་ལ་ཕན་ཐོགས་པར་འགྱུར་བས། འདིར་ཨ་མདོ་ས་ཁུལ་གྱི་ཡུལ་སྐད་ཁྲོད་ཀྱི་རྗེས་འཇུག་ག་དང་། ཡང་འཇུག་སའི་རྗེས་ཀྱི་མིང་མཐའི་པ་སྒྲ་འབྱིན་ལུགས་དང་། ཚུལ་ཇི་ལྟར་འགྱུར་ཚུལ་ཅུང་ཙམ་གླེང་བར་འདོད།

དང་པོ། མིང་གི་སྐབས་སུ་མིང་མཐའི་པ་སྒྲ་འགྱུར་སྟངས།

བརྡ་སྤྲོད་ཀྱི་གཞུང་དུ་ག་ད་བ་ས་ན་མ་པ། ཞེས་པ་སྟེ། དཔེར་ན། བཀག་པ། ཀླད་པ། བཀབ་པ། བསྒྲུབས་པ། མནན་པ། འགྲམ་པ་ཞེས་མིང་དང་བྱ་ཚིག་གང་རུང་གི་སྐབས་སུ་འཇུག་ཀྱང་ཡུལ་སྐད་ཀྱི་ཁྲོད་དུ་མིང་དང་བྱ་ཚིག་གི་སྒྲ་འབྱིན་ལུགས་སོ་སོར་གྱུར་པ་མ་ཟད་སྒྲ་འབྱིན་ཚུལ་མང་དུ་བྱུང་ཡོད་དེ།

༡. ག་དང་སའི་རྗེས་ཡང་ཅན་གྱི་མིང་མཐའི་པ་སྒྲ་དེ་དཔའ(hwa)རུ་འགྱུར་བ།

ལག་པ། ཐག་པ། སྔགས་པ། ཤིང་སྟག་པ་ཞེས་པའི་ཐ་སྙད་འདི་དག་གི་འབྲི་ཚུལ་ཐད་བོད་མི་ཡོངས་སུ་ཁྱད་པར་མེད་ཀྱང་། སྒྲ་འབྱིན་དུས་ལྷ་ས་བ་རྣམས་ཀྱིས་ལག་པ་ལ་ལ་པ(lapa)ཐག་པ་ལ་ཐ་པ(thapa)ལྟར་ཀློག ཨ་མདོ་པ་རྣམས་ཀྱིས་ཡིག་ངོས་ནས་འདོན་དུས་རྗེས་འཇུག་གའི་གདངས་གསལ་བའི་ཚུལ་གྱིས་ལག་པ(lakpa)ཞེས་ཀློག་ནའང་ཡུལ་སྐད་ཀྱི་ཁྲོད་དུ་སྒྲ་འགྱུར་ཏེ་ལོག་དཔའ(lokhwa)ཞེས་མིང་མཐའི་པ་སྒྲ་དཔའ(hwa)རུ་འགྱུར་བ་མ་ཟད། ལག་ལའང་དབྱངས་ཨོ་ཞུགས་པའི་ཚུལ་ལྟར་འདོན། གཤམ་ནས་ང་ཚོས་ད་དུང་འདིའི་སྐོར་རེའུ་མིག་གི་ལམ་ནས་རྒྱུས་ལོན་བྱས་པ་འདི་ལྟ་སྟེ།

རྗེས་འཇུག་ག་ཡི་རྗེས་ཀྱི་མིང་མཐའི་པ་སྒྲ་དཔའ་རུ་འགྱུར་བ།

ཡིག་མིང་།

སྒྲ་འགྱུར་ཚུལ།

སྒྲ་རྟགས།

ཐག་པ།

ཐོག་དཔའ།

thok hwa

ལག་པ།

ལོག་དཔའ།

lok hwa

སྐྱག་པ།

སྐྱོག་དཔའ།

htɕok hwa

ཡག་པ།

ཡོག་དཔའ།

jok hwa

ཇག་པ།

ཇོག་དཔའ།

tɕok hwa

བདག་པོ།

བདོག་དཔོ།

hdak hwa

ནག་པོ།

ནོག་དཔོ།

nok hwa

འཕགས་པ།

འཕོགས་དཔའ།

phok hwa

མག་པ།

དམོག་དཔའ།

hmok hwa

ཞགས་པ།

ཞོགས་དཔའ།

ɕok hwa

གཤོག་པ།

གཤོག་དཔའ།

ɕok hwa

སྒོག་པ།

སྒོག་དཔའ།

gok hwa

འབྲོག་པ།

འབྲོག་དཔའ།

ndʐok hwa

གོང་གི་རེའུ་མིག་ལས་ཨ་མདོའི་ཁ་སྐད་དུ་རྗེས་འཇུག་ག་ཡི་རྗེས་ཀྱི་མིང་མཐའི་པ་སྒྲ་དཔའ(hwa)རུ་འགྱུར་མོད། ལྷ་སའི་སྐད་དུ། ནག་པོ་ལ།(napo53)གཡོག་པོ་ལ།(jo55ko53)གྲོགས་པོ་ལ།(tʂho11ko)འབའ་ཐང་སྐད་དུ་ལག་པ་ལ།(la11pa53)སྒོག་པ་ལ།(go13pa53)སོགས་སུ་འབོད་པ་ལས་དཔའ(hwa)རུ་འགྱུར་བའི་འབོད་སྲོལ་མེད།

ཡང་འཇུག་སའི་རྗེས་ཀྱི་མིང་མཐའི་པ་སྒྲ་དཔའ་རུ་འགྱུར་བ།

ཡིག་མིང་།

སྒྲ་འགྱུར་ཚུལ།

སྒྲ་རྟགས།

རོགས་པ།

རོགས་དཔའ།

rok hwa

དོགས་པ།

དོགས་དཔའ།

tok hwa

སྔགས་པ།

སྔོགས་དཔའ།

hŋok hwa

ཚོགས་པ།

ཚོགས་དཔའ།

tshok hwa

པགས་པ།

བོགས་དཔའ།

wok hwa

གོང་དུ་དྲངས་པའི་དཔེར་བརྗོད་ནི་མདོ་སྨད་ཀྱི་ཡུལ་གྲུ་འགར་རྗེས་འཇུག་ག་དང་ཡང་འཇུག་སའི་རྗེས་སུ་པ་སྒྲ་ཡོད་ཚེ་དཔའ་རུ་འགྱུར་བ་ལས་རྗེས་འཇུག་ཡོད་ཚད་ཀྱི་མིང་མཐའི་པ་སྒྲ་དེ་ལྟར་མི་འགྱུར། དཔེར་ན། སྐམ་པ་ལ་སྐམ་འབའ(nba)དང་། རྩམ་པ་ལ་རྩམ་འབའ(nba)རྔོན་པ་ལ་རྔོན་འབའ(nba)ཞེས་སྒྲ་འབྱིན་ཞིང་། ལ་ལའི་སྐབས་སུ་པ(pa)སྒྲ་དངོས་སུ་འབྱིན་པའང་ཡོད་དེ། སྐེད་པ། སྐུད་པ། ཀླད་པ་ལྟ་བུ། དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་མིང་མཐའི་པ་སྒྲ་དཔའ་རུ་འགྱུར་བའི་ཚུལ་འདི་ལ་འདི་ལྟར་གསུངས་ཡོད་དེ།“མིང་གང་གི་ཆ་ཤས་སྔ་མའི་རྗེས་འཇུག་གི་གནས་དང་བྱེད་པའི་རྩོལ་བ་ཆ་ཤས་ཕྱི་མར་ཞུགས་ནས་སྒྲ་གདངས་མཐུན་པར་འགྱུར་བ་ཡིན”①ཞེས་རྗེས་འཇུག་གི་དབྱངས་ཀྱི་ང་རོ་དང་བཅས་པ་ཕྱི་མར་འདྲེས་ནས་སྒྲ་གདངས་མཐུན་པར་གྱུར་ཚུལ་གསུངས་ཡོད། གོང་གི་དཔེ་ལས་ང་ཚོས་ད་དུང་ཤེས་ཐུབ་པ་ནི་མིང་དངོས་སུ་དབྱངས་མེད་ན་ཡུལ་སྐད་དུ་ཕལ་ཆེ་བར་དབྱངས་ཨོ་སྦྱོར་ཞིང་། དབྱངས་ཡོད་ན་དབྱངས་དེ་བཞིན་དུ་ཀློག་པ་མ་ཟད། མིང་མཐའི་པ་སྒྲ་དཔའ(hwa)རུ་འགྱུར་བ་ནི་ཕལ་ཆེར་མིང་ལ་དབྱངས་མེད་པ་དང་དབྱངས་ཨོ་སྦྱར་བ་དག་ཡིན།

༢. ག་དང་སའི་རྗེས་ཡང་ཅན་གྱི་མིང་མཐའི་པ་སྒྲ་དེ་ཤ(xha)རུ་འགྱུར་བ།

གོང་དུ་བཀོད་པ་ལྟར་རྗེས་འཇུག་ག་དང་ཡང་འཇུག་སའི་མིང་མཐའི་པ་སྒྲ་དཔའ་རུ་འགྱུར་བ་ལས་གཞན་ད་དུང་མིང་རེ་འགའི་མིང་མཐའི་པ་སྒྲ་དེ་ཤ(xha)སྟེ་ཤ་ལ་ཧ་སྒྲ་ལྡན་པའི་ཚུལ་དུ་ཐོན་པའི་གདངས་ལྟ་བུ་རུ་འགྱུར་བའང་ཡོད་དེ།

ཡིག་མིང་།

སྒྲ་འགྱུར་ཚུལ།

སྒྲ་རྟགས།

རྟུག་པ།

རྟུག་ཤ

tək xha

རྨིག་པ།

རྨིག་ཤ།

tȵək xha

དྲུག་པ།

དྲུག་ཤ

tʂək xha

སྡིག་པ།

སྡིག་ཤ

tdək xha

ཤུག་པ།

ཤུག་ཤ

ɕək xha

འུག་པ།

འུག་ཤ

əkək xha

སྨུག་པ།

སྨུག་ཤ

hmək xha

ཕྲུག་པ།

ཕྲུག་ཤ

tʂhək xha

དབྱུག་པ།

དབྱུག་ཤ

hjək xha

རྩིག་པ།

རྩིག་ཤ

htsək xha

འཚིག་པ་ཟོས།

འཚིག་ཤ་ཟོས།

tsək xha

རིག་པ།

རིག་ཤ

rək xha

ཐིགས་པ།

ཐིགས་ཤ

thək xha

འཇིགས་པ།

འཇིགས་ཤ

ndʑək xha

རྗེས་འཇུག་ག་དང་ཡང་འཇུག་སའི་རྗེས་སུ་པ་སྒྲ་ཡོད་ཚེ་མིང་མཐའི་པ་སྒྲ་དེ་ཤ་རུ་གྱུར་ན་ངག་ནས་བརྗོད་བདེ་བ་དང་། དཔའ་རུ་གྱུར་ན་ཁ་ལ་མི་བདེ་བ་མ་ཟད། ཡུལ་སྐད་དུའང་རྟུག་དཔའ(hwa)། འུག་དཔའ་ཞེས་པའི་སྒྲ་འབྱིན་སྲོལ་མེད། མིང་མཐའི་པ་སྒྲ་ཤ་རུ་འགྱུར་བའི་མིང་ཡིན་ན་དབྱངས་ཨི་དང་ཨུ་ལྡན་པ་དག་ལ་ད་གཟོད་པ་སྒྲ་དེ་ཤ(xha)རུ་འགྱུར་བའི་ཆོས་ཉིད་ལྡན། གལ་ཏེ་དབྱངས་ཨོ་དང་ལྡན་པ། དཔེར་ན། ཞོགས་པ་ཟེར་བ་ལ་ཞོགས་ཤ་དང་། འབྲོག་པ་ལ་འབྲོག་ཤ་ཞེས་བཀླགས་ན་ཐ་སྙད་ལ་ལས་དོན་ཅི་ཡང་མི་སྟོན་པ་དང་། ལ་ལའི་དོན་གྱི་ངོ་བོར་འགྱུར་བ་འབྱུང་སྲིད།

༣. ག་དང་སའི་རྗེས་ཡང་ཅན་གྱི་མིང་མཐའི་པ་སྒྲ་དེ་རྗེས་འཇུག་ག(kwa)ཡི་གདངས་སུ་འགྱུར་བ།

ཡིག་མིང་།

སྒྲ་འགྱུར་ཚུལ།

སྒྲ་རྟགས།

རིག་པ།

རིག་ག

rək kwa

རྩོག་པ།

རྩོག་ག

htsok kwa

སྔགས་པ།

སྔོགས་ག

hŋak kwa

འཚིག་པ་ཟ།

འཚིག་ག་ཟ།

tshək kwa

འཇིགས་པ།

འཇིགས་ག

ndʑək kwa

དབྱུག་པ།

དབྱུག་ག

hjək kwa

སྨུག་པ།

སྨུག་ག

hmək kwa

དོགས་པ།

དོགས་ག

tok kwa

རོགས་པ།

རོགས་ག

rok kwa

གོང་གི་རེའུ་མིག་ལས་ང་ཚོས་རྟོགས་ཐུབ་པ་ནི་མིང་གི་སྐབས་སུ་རྗེས་འཇུག་ག་ཡི་རྗེས་སུ་པ་སྒྲ་ཡོད་ཚེ་ཡུལ་སྐད་ལ་མིང་མཐའི་པ་དེ་ག་རུ་འགྱུར་བའི་ཆོས་ཉིད་རྙེད་ཐུབ་པ་ནི་མིང་གང་ཡང་རུང་བ་ཞིག་གི་རྗེས་འཇུག་དེ་མིང་མཐའ་གཞན་དང་འཕྲད་ཀྱང་། རྗེས་འཇུག་གང་དེའི་བྱེད་རྩོལ་གྱི་དབང་གིས་མིང་མཐའི་སྒྲ་དེ་ཡང་རྗེས་འཇུག་གང་དེར་མཐུན་པར་འགྱུར། དཔེར་ན། འཇིགས་པ་ལ་འཇིགས་ག་དང་། དོགས་པ་ལ་དོགས་ག རོགས་པ་ལ་རོགས་ག་སོགས་ཀྱི་མིང་མཐའི་སྒྲ་འགྱུར་ཚུལ་དེ་དག་ནི་གཙོ་བོ་རྗེས་འཇུག་གང་དེའི་བྱེད་རྩོལ་ལ་ལྟོས་ནས་བྱུང་བ་རེད། གཞན་ཞིག་ནི་ལ་དོན་གྱི་ཕྲད་དེ་མིང་མཐའི་ཡི་གེའི་རྣམ་པར་འགྱུར་བ་ལྟ་བུ་སྟེ། དཔེར་ན། ཆུ་ནང་ལ་ལྷུང་། དམག་ལ་སྐྱོད། རླངས་འཁོར་ལ་བསྡད། ལྗར་པན་ལ་སོང་། ཁྲིན་ཏུའུ་ལ་སོང་།
གནམ་ལ་འཕུར་ལྟ་བུ་ལ། ཆུ་ནང་ང་ལྷུང་། དམག་ག་སྐྱོད། རླངས་འཁོར་ར་བསྡད། ལྗར་པན་ན་སོང་། ཁྲིན་ཏུའུ་འ་སོང་། གནམ་མ་འཕུར་ལྟ་བུའི་རང་བཞིན་དང་གཅིག་མཚུངས་ཡིན་ནོ།།

གོང་གི་རེའུ་མིག་གཉིས་ཀར་བཀོད་པའི་མིང་མཐའ་ཁག་གཅིག་གི་འགྱུར་ཚུལ་སྟེ། སྒོག་པ﹏སྒོག་དཔའ﹏སྒོག་ག་དང་། ཤུག་པ﹏ཤུག་ཤ﹏ཤུག་ག་དང་། རྩོག་པ﹏རྩོག་དཔའ﹏རྩོག་ག་དང་།
རིག་པ﹏རིག་ཤ﹏རིག་ག དྲུག་པ﹏དྲུག་ཤ﹏དྲུག་ག སྨུག་པ﹏སྨུག་ཤ﹏སྨུག་ག འུག་པ﹏འུག་ཤ﹏འུག་ག་ཞེས་ཡུལ་སྐད་ཁྲོད་དུ་པ་སྒྲར་གདངས་མི་འདྲ་བ་གཉིས་འབྱིན་བཞིན་པ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་དེ་དག་ནི། རྟགས་འཇུག་གི་གཞུང་དུ། རྗེས་འཇུག་གི་ཇི་ལྟར་འཇུག་པ་ལ་སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས། དོན་གྱི་འཇུག་ཚུལ་ལས་ཕྱི་མ་གང་ལྟར་འགྱུར་བའི་མིང་མཐའ་འདྲེན་པ་ལ་བརྗོད་བདེ་འདྲེན་པ་དང་རྟགས་མཚུངས་འདྲེན་པ་གཉིས་ཡོད་པ་ལས། བརྗོད་བདེ་འདྲེན་པ་ནི་གཙོ་བོ་ང་ཚོའི་ཡུལ་སྐད་དུ། རྐང་བ་ལ་རྐོང་ང་། ཕྲེང་བ་ལ་ཕྲེང་ང་། རིག་པ་ལ་རིག་ག སྒོག་པ་ལ་སྒོག་ག་སོགས་ལྟ་བུ་སྟེ། བརྗོད་བདེ་འདྲེན་པའི་རྣམ་པ་ཡིན་ལ་མིང་གཞན་ལ་སྒྲ་མཚུངས་འདྲེན་པ་དང་རྗེས་མཐུན་འདྲེན་པ་ཡང་ཟེར་བའི་བརྗོད་ཚུལ་དེ་དག་ཇི་ལྟར་བྱུང་བའི་གནས་ལུགས་ནི་གོང་གི་ཡུལ་སྐད་དེ་དག་ལས་ཤེས་ཐུབ།“བོད་ཀྱི་སྐད་ལ་མིང་སྔ་མའི་རྗེས་འཇུག་གི་སྒྲ་རང་ཤུགས་ཀྱིས་རིང་དུ་བསྲིངས་པ་མཐོ་འདེགས་དམའ་འབེབས་ཀྱིས་ཅུང་ཟད་རེ་བསྒྱུར་བ་ཡིས་རྟེན་གཞི་རྗེས་འཇུག་ལ་བརྟེན་པའི་ཕྲད་ཀྱི་རྣམ་གྲངས་གཞན་རྣམས་གྲུབ་པའི་ཚུལ་བོད་སྐད་ཀྱི་ཚིག་ཕྲད་ཕལ་ཆེར་རྗེས་འཇུག་ལ་གྲུབ།”②ཅེས་པ་ལས་ཀྱང་སྒྲ་མཚུངས་འདྲེན་པ་ནི་གཙོ་བོ་ནི་མིང་སྔ་མའི་རྗེས་འཇུག་ལས་གྲུབ་པ་ཤེས་དགོས།

ང་ཚོས་པ་སྒྲ་འཇུག་ཡུལ་གྱི་རྗེས་འཇུག་དྲུག་ལས་མིང་གི་སྐབས་སུ་ག་སའི་རྗེས་སུ་པ་སྒྲ་ཡོད་ན་སྒྲ་འབྱིན་ཚུལ་ཇི་ལྟར་འགྱུར་བ་གོང་དུ་བཀོད་ཟིན་ལ། རྗེས་འཇུག་གཞན་དག་སྟེ་ད་ཡི་རྗེས་སུ་པ་སྒྲ་ཐོབ་སྐབས་ཀླད་པ། སྐེད་པ། སྐུད་པ། སྒྱིད་པ་ཞེས་པ་སྒྲ་ཇི་ལྟ་བ་འབྱིན་པ་ལས་གོང་ལྟར་ཀླད་པ་ལ་ཀླད་དཔའ། ཀླད་ཤ། ཀླད་ག་ལྟ་བུའི་སྒྲ་འབྱིན་ཚུལ་མེད། ན་མའི་རྗེས་སུ་པ་སྒྲ་ཡོད་ན་འབའ་ཞེས་སྒྲ་ཅུང་ཙམ་འགྱུར་ཏེ། དཔེར་ན། གྲམ་པ་ལ་གྱམ་འབའ། འགྲམ་པ་ལ་འགྱམ་འབའ། སྤེན་པ་ལ་སྤེན་འབའ་ཞེས་པ་ཙམ་ལས་མི་འགྱུར་ཞིང་། གོང་ལྟར་འགྲམ་དཔའ། འགྲམ་ཤ། འགྲམ་ག་ཞེས་བཤད་སྲོལ་མེད་དོ། ། གཞན་རྗེས་འཇུག་བ་ཡི་རྗེས་སུ་མིང་མཐའ་པ་ཐོབ་པའི་ཡི་གེ་ནི་བྱ་ཚིག་ཅན་གྱི་ཡི་གེ་ཡིན་པ་ལས་མིང་སྟོན་པའི་ཡི་གེ་ཐོབ་ཚུལ་མེད།

གཉིས་པ། བྱ་ཚིག་ཁག་ཅིག་ངག་ནས་བརྗོད་དུས་མིང་གི་ཆ་ཤས་སུ་གྱུར་པའི་པ་སྒྲ་འདོན་དུ་མེད་པའི་ཚུལ།

གོང་དུ་བཀོད་པའི་དཔེར་བརྗོད་ཚང་མ་ནི་མིང་གི་སྐབས་སུ་མིང་མཐའི་སྒྲ་ཇི་ལྟར་འགྱུར་བའི་ཚུལ་ཡིན་པ་ལས་བྱ་ཚིག་གི་སྐབས་སུ་མིང་མཐའི་སྒྲ་དེ་ལྟར་མི་འགྱུར་ཏེ། དཔེར་ན། འགག་པ། འགོག་པ། བསྡད་པ། བསྐྱོད་པ། བསྒྲུབ་པ། གཏུབ་པ། བཅག་པ། ལྡག་པ། གཞོག་པ། བསྔགས་པ། བསྣན་པ། འཐེན་པ། འདུམ་པ་ཞེས་པའི་བྱ་ཚིག་འདི་དག་གི་མིང་མཐའི་པ་སྒྲ་ལ་འགག་དཔའ། འགོག་དཔའ། བསྡད་དཔའ། བཅག་དཔའ། ལྡག་དཔའ། གཞོག་དཔའ། བསྔགས་དཔའ། བསྣན་དཔའ། འཐེན་དཔའ་ལྟ་བུའི་ཀློག་ཚུལ་མེད་པ་མ་ཟད། འགག་ཤ། འགོག་ཤ། བསྐྱོད་ཤ། བཅག་ཤ། ལྡག་ཤ། གཞོག་ཤ། བསྔགས་ཤ། བསྣན་ཤ། འཐེན་ཤ་ཞེས་པའི་ཀློག་ཚུལ་ཡང་མེད། འགོག་ག བསྒྲུབ་ག གཏུབ་ག བཅག་ག ལྡག་ག་ཞེས་བྱ་ཚིག་གི་སྐབས་སུ་སྒྲ་མཚུངས་འདྲེན་པའང་མེད་པས་གཙོ་བོ་མིང་དང་བྱ་ཚིག་བར་གྱི་ཁྱད་པར་ཡིན་པ་ཤེས་པར་བྱའོ། ། འདི་ལ་དགེ་རྒན་ལྕགས་ཐར་རྒྱལ་གྱིས“ཨ་མདོའི་ཡུལ་སྐད་དུ་བརྡ་རྙིང་བ་དང་གསར་བ་གཉིས་ཀ་ཡོད་མོད། མིང་གཅིག་ལ་བརྡ་རྙིང་བ་བཀོལ་ཚེ་བརྡ་གསར་བ་མི་འཁོལ་བ་དང་། བརྡ་གསར་བ་འཁོལ་བའི་ཡུལ་དུ་བརྡ་རྙིང་བ་སྤེལ་མར་མི་སྤྱོད་པས། སྐད་ཆའི་བརྗོད་ལུགས་དང་དོན་ལ་ཉོག་དྲ་གཏན་ནས་མེད་དོ།།”③ཞེས་བརྗོད་པ་བཞིན་མིང་དང་བྱ་ཚིག་གི་སྐབས་སུ་སྒྲ་སོ་སོ་འབྱིན་པ་ལས་མིང་དང་བྱ་ཚིག་གཉིས་ཀའི་སྐབས་སུ་སྒྲ་གཅིག་མཐུན་དུ་འགྱུར་བའི་ལུགས་མེད་པ་གོང་གི་ལུང་བརྡ་གསར་རྙིང་གཉིས་ཀ་མཉམ་དུ་མི་སྤྱོད་པའི་དཔེ་ལྟ་བུའོ། །

བྱ་ཚིག་ཁག་ཅིག་གི་རྗེས་འཇུག་ག་ད་བ་ས་ན་མའི་རྗེས་སུ་པ་སྒྲ་ཐོབ་སྐབས་སུ་མིང་མཐའི་པ་སྒྲས་ནུས་པ་མི་འདོན་པས་བྱ་བ་བརྗོད་པའི་ཚིག་གྲོགས་གཞན་ཞིག་གིས་དོན་སྟོན་པར་གྲོགས་བྱེད་དགོས་ཏེ། དཔེར་ན། བཅག་པ། ལྡག་པ། བཀད་པ། ལྷོད་པ། བཏབ་པ། གཏུབ་པ། བཞེས་པ། བཞུགས་པ། བྱིན་པ། འདོན་པ། བཀྲམ་པ། བཙེམ་པ་ཞེས་པ་ལྟ་བུ་ལ། བཅག་བཏང་ཟིག བཅག་བཏང་ང་། ལྡག་བཏང་ཟིག ལྡག་བཏང་ང་།
བཀད་སོང་ཟིག བཀད་བཏང་ཟིག ལྷོད་སོང་ཟིག་ཅེས་བྱ་བ་སྟོན་པའི་ཚིག་གྲོགས་གཞན་ཞིག་སྦྱོར་དགོས་པ་ལས། བྱ་བའི་མིང་གི་མཐར་པ་སྒྲ་བཀོད་པའི་བཤད་ཚུལ་དེ་འདྲ་ཡང་མེད་པ་ནི་དཔེར་ན། ཡང་ན་ཆར་བ་བབས་པ་ཞེས་པར་ཆར་བ་བབས་བཏང་ཐལ། ཆར་བ་བབས་བཞག ཆར་བ་འབབ་གོ་གི ཆར་བ་བབས་སོང་ཞེས་བརྗོད་པ་ལས་ཆར་བ་བབས་པ་ཞེས་མི་བརྗོད་པ་ལྟ་བུ། ལྷ་སའི་སྐད་དུ་པ་སྒྲ་སྦྱོར་ནའང་དེའི་མཇུག་ཏུ་ད་དུང་རེད་དང་ཡིན་སོགས་བརྗོད་དེ། དཔེར་ན། ང་ཨ་མདོར་ཕྱིན་པ་ཡིན། ངས་བྲིས་པ་ཡིན་ཞེས་པ་ལྟ་བུ། ཨ་མདོའི་སྐད་དུ་ངས་བྲིས་ནི་ཡིན། ཡང་ན་ངས་བྲིས་ནས། ངས་བྲིས་བཏང་ང་ལྟ་བུ་བརྗོད་པ་ལས་ངས་བྲིས་པ་ཞེས་ཚིག་མཇུག་ད་དུང་བཤད་མ་ཚར་བ་ལྟ་བུའི་སྣང་ཚུལ་མེད། འོན་ཀྱང་བསྟོད་པ་དང་སྨད་པ། བསྔགས་པ་སོགས་བྱ་ཚིག་རེ་འགའི་མིང་མཐའི་པ་སྒྲ་ངག་ནས་འདོན་ཚུལ་ཡོད་དེ། བསྟོད་པ་ལ་བསྟོད་པ་བྱས། སྨད་པ་བྱས། བསྔགས་པ་བྱས་ལྟ་བུ། ལུང་བ་རེ་རེར་ཡུལ་སྐད་དང་ཡུལ་སྐད་མི་འདྲ་བ་ལས་ཕན་ཚུན་གོ་བརྡ་མི་འཕྲོད་པའི་སྣང་ཚུལ་བྱུང་བ་འདིས་ང་ཚོས་གཅིག་གྱུར་གྱི་སྐད་ཡིག་ཅིག་དང་བྱེ་བྲག་ཏུ་དེ་རིང་གི་བརྗོད་དོན་ཚིག་ཕྲད་སོགས་སྦྱོར་བའི་དམིགས་ཡུལ་ནི་བོད་ཆོལ་ཁ་གསུམ་གྱི་རྩ་བའི་འབྲི་ཚུལ་གྱི་སྟེང་ནས་གཅིག་གྱུར་དང་། ཁ་ནས་བརྗོད་བདེ་བ། ཉན་ན་གོ་སླ་བ། ཐུན་མོང་གིས་རྟོགས་ཐུབ་པའི་སྐད་ཡིག་བསྐྲུན་པ་ལས་ཡུལ་སྐད་ཀྱི་དབང་དུ་ཁྱེར་ན་བརྗོད་ཚུལ་མི་འདྲ་བ་མང་དུ་མཆིས་པ་ཤེས་ཐུབ། གོང་གི་དཔེར་བརྗོད་དེ་དག་གི་མིང་མཐའི་པ་སྒྲ་དོར་ཏེ་བཅག ལྡག གཏུབ། བྱིན། ལྷོད། བཞུགས། འདོན་ཞེས་བྲིས་ནའང་དོན་མི་འགྱུར་ཡང་ཡིག་སྐད་དུ་འབུད་ཤིང་གཏུབ་པ་ཞེས་མདོ་དབུས་ཁམས་གསུམ་གྱིས་དོན་གོ་བའི་ཚིག་འདི་ལ་ཁ་སྐད་དུའང་འབུད་ཤིང་གཏུབ་པ་ཞེས་བརྗོད་ན་ཁ་ལ་མི་བདེ་བ་མ་ཟད། ཉན་མཁན་གྱིས་ཉན་ནའང་དེ་འདྲའི་བདེ་བོ་ཞིག་མིན་པས། འབུད་ཤིང་གཏུབ་ཀྱིན་ཡོད། འབུད་ཤིང་གཏུབ་བཏང་ང་། ཞེས་ཁ་སྐད་དུ་བྱ་བ་བརྗོད་པའི་ཚིག་གཞན་ཞིག་སྦྱར་ཏེ་དོན་བསྟན་པ་རེད། དེ་བཞིན་དུ་མིང་གི་སྐབས་སུ་ཀླད་པ། སྐུད་པ། སྐེད་པ་ལྟ་བུའི་མིང་མཐའ་དོར་ནའང་དོན་ལ་འགྱུར་བ་མེད་ལ། མིང་མཐའ་གཞན་ཏེ་ཟླ་དང་ཟླ་བ། རྣ་དང་རྣ་བ། ལག་དང་ལག་པ་སོགས་ལས་ཀྱང་རྟོགས་ཐུབ་མོད། ཡིག་རིགས་གཅིག་གྱུར་དང་མདོ་དབུས་ཁམས་གསུམ་ཚང་མས་གོ་ཐུབ་པའི་ཆེད་དུ་སུམ་རྟགས་ཀྱི་རྩ་ཚིག་ཏུ་ག་ད་བ་ས་ན་མ་པ་ཞེས་གཏན་འཁེལ་རང་བཞིན་གྱི་ཆོས་ཉིད་ཅིག་གཏན་ལ་ཕབ་པ་དེའི་ལུགས་ནན་ཏན་དུ་བརྩི་བར་བྱའོ།།

“ལུང་བ་མི་གཅིག་པའི་མི་ཕན་ཚུན་དབར་སྐད་བརྡ་མི་འཕྲོད་པའི་གནད་དོན་ལྷགས་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ཡུལ་སྐད་དང་ཡུལ་སྐད་དབར། ལུང་སྐད་དང་ལུང་སྐད་དབར་དུ་སྒྲ་གདངས་མི་གཅིག་པ་ཡོད་པ་དང་། ལྷག་པར་དུ་དབྱངས་འབྱིན་ཚུལ་ཐད་ཁྱད་པར་ཆེ་ཞིང་མིང་དང་ཐ་སྙད་འབོད་ཚུལ་མི་འདྲ་བས་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་གང་དེ་ལ་ཁྱད་པར་བྱུང་། དེས་ན་ཡུལ་སྐད་དབར་གྱི་དབྱེ་ཁྱད་དེ་ཡང་གཙོ་བོ་མཐའ་མའི་ཚིག་གྲོགས་ཀྱིས་བྱས་སོ་སྙམ། བོད་ཀྱི་ཡུལ་སྐད་ལུང་སྐད་སོ་སོར་ཞིབ་ཏུ་དཔྱད་ན། མཐའ་མའི་ཚིག་གྲོགས་ཀྱི་བརྡ་སྤྲོད་རིག་པའི་ནུས་པ་གཅིག་མཚུངས་རེད། དབྱེ་ཁྱད་ཡོད་ས་ནི་ལུང་སྐད་སོ་སོའི་གསལ་བྱེད་ཀྱི་སྒྲ་དང་མིང་ཙམ་གྱི་ཐོག་ནས་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དེ་ཡིན། བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་ཀྱི་བརྡ་སྤྲོད་རིག་པའི་ནུས་པ་དེ་དབུས་གཙང་ཁུལ་དང་། ཁམས། ཨ་མདོ། ལ་དྭགས། འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ཡུལ་སྐད་ཚང་མར་གཅིག་མཚུངས་སུ་ཁྱབ་ཡོད།”④ཅེས་བཀོད་པ་འདིས་ཀྱང་ང་ཚོས་ཡུལ་སོ་སོའི་བྱ་བ་བརྗོད་པའི་མཐའ་མའི་ཚིག་གྲོགས་སྦྱོར་ཚུལ་མི་འདྲ་བ་དང་།
དེ་དག་གི་དབང་གིས་ཡུལ་སྐད་སོ་སོའི་བར་གོ་བརྡ་འཕྲོད་དཀའ་བའི་སྣང་ཚུལ་བྱུང་བ་ཤེས་ཐུབ།

དབུས་གཙང་ཁུལ་དུ་གོང་གི་རྗེས་འཇུག་གའི་རྗེས་ཀྱི་པ་སྒྲ་དཔའ(hwa)རུ་འགྱུར་བའི་སྒྲ་འབྱིན་ལུགས་དག་མེད་པ་དང་། ཨ་མདོའི་ཕྱོགས་སུ་ཡོད་པས་ན་མདོ་སྨད་ཀྱི་ཡུལ་གྲུ་ཀུན་ཏུ་སྔོན་གྱི་བརྡ་རྙིང་བ་མ་འགྱུར་བར་ཡོད་པའི་ཚུལ་མཁས་པ་ཀུན་གྱི་བཞེད་པ་མཐུན་པ་དང་། ལྷག་པར་དུ་དབུས་གཙང་གི་ཕྱོགས་སུ་ཤ(xha)ལ་བྱ(ca)ཞེས་ཀློག་པ་དང་། ཤ(xha)སྒྲ་མེད་པ་དེས་ཨ་མདོའི་ཕྱོགས་ཀྱི་དཔའ(hwa)དང་ཤ(xha)སྒྲ་ཡང་གནའ་སྔ་མོ་སྔ་མོ་ཞིག་ནས་དར་ཏེ་ད་ལྟའི་བར་དུ་རྒྱུན་སྲུང་བྱས་པ་མིན་ནམ་སྙམ། ཨ་མདོ་ཡ་རྫི་དང་གཅན་ཚ་སོགས་ས་ཁུལ་རེ་གཉིས་ཀྱིས་ལྷ་ས་པ་བཞིན་ཤ(hwa)ལ་བྱ(ca)ཞེས་ཀློག་ཀྱང་མང་ཆེ་བས་ཤ(xha)ཞེས་ཀློག་པ་རེད། ཡི་གེ་གཅིག་ལ་འདོན་ལུགས་མི་འདྲ་བ་བྱུང་བ་འདིས་ལོ་རྒྱུས་ལ་རྟོག་བཟོའང་ཅུང་ཙམ་བྱས་ཡོད་དེ། གྲི་གུམ་བཙན་པོ་ལ་དོན་དངོས་སུ་སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་ལས་མེད་པ་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་སྲས་ཤ་ཁྲི་རྗེས་ནས་རྒྱལ་སྲིད་ལ་བསྐོས་ཏེ་པུ་དེ་གུང་རྒྱལ་དུ་གྲགས་པ་དེ་ཡིན་པ་དང་།
ཉ་ཁྲི་ཀོང་དཀར་རྗེ་ཡིན་པ་ཧ་ཅང་གསལ་ཡང་ཤ་ལ་བྱ་ཞེས་ཀློག་པ་དེས་སྲས་བྱ་ཁྲི་ཟེར་བ་ཞིག་ཀྱང་ཡོད་པར་བརྗོད་འདུག

མཇུག་སྡོམ།

སྤྱིར་མིང་མཐའི་བརྗོད་ཚུལ་ནི་བརྡ་སྤྲོད་པའི་གཞུང་སུམ་རྟགས་གཉིས་ལ་གཏུག་དགོས་ནའང་ཨ་མདོའི་ཡུལ་སྐད་ལས་མིང་མཐའི་པ་སྒྲའི་གདངས་དེ་རྗེས་འཇུག་ག་དང་། ཡང་འཇུག་སའི་རྗེས་སུ་བྱུང་དུས་དཔའ་དང་ཤ་དང་ག་སོགས་ཀྱི་གདངས་སུ་འགྱུར་བའི་ཚུལ་ནི་མདོ་དབུས་ཁམས་གསུམ་དང་ཡུལ་ལུང་སོ་སོར་རང་རང་གི་སྒྲ་འབྱིན་ཚུལ་ཡོད་པའི་དཔེར་གྱུར་ཞིང་། ང་ཚོས་སྐད་རིགས་གཅིག་ལ་བརྟེན་པའི་སྤུན་ཟླའི་བར་དུ་བརྡ་འཕྲོད་དགོས་ན་གཙོ་བོ་ཡུལ་སྐད་ཀྱི་སྒྲ་འབྱིན་ཚུལ་ལ་རྒྱུས་ལོན་བྱ་དགོས། འདི་ནི་ཡིག་རིགས་གཅིག་ལ་བརྟེན་ཡང་ཕན་ཚུན་བར་བརྡ་མི་འཕྲོད་པའི་མདོ་དབུས་ཁམས་གསུམ་གྱི་གནད་དོན་དང་སྤྱི་སྐད་གཅིག་གྱུར་ཡོང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རེད། སྐད་ཆ་ཇི་ལྟར་གཅིག་གྱུར་དུ་སོང་ན་ཕན་ཚུན་བར་གྱི་འབྲེལ་འདྲིས་དེ་ལྟར་གཏིང་ཟབ་པ་དང་། སྐད་ཆ་ཇི་ལྟར་འཐོར་ཞིག་དང་བརྡ་མ་འཕྲོད་ན་ཕན་ཚུན་བར་རྒྱང་གྱེས་པ་དེ་ལྟར་རིང་། བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་གཏོང་དགོས་ན་ཆོལ་ཁ་གསུམ་གྱི་སྤུན་ཟླའི་བར་གོ་བརྡ་འཕྲོད་རྒྱུ་ནི་གནད་འགག་གཙོ་བོ་ཞིག་ཡིན་པས། ཕན་ཚུན་འབྲེལ་འདྲིས་དང་རྒྱལ་སྤྱིའི་སྒྲ་རྟགས་ཀྱི་ཐབས་ལམ་སོགས་ལ་བརྟེན་ནས་ཡུལ་སོ་སོའི་སྐད་ལ་ཞིབ་འཇུག་དང་ཤེས་རྟོགས་བྱ་དགོས་པར་འདོད། སྒྲ་གང་ཞིག་འབྲུར་ཆགས་པ་ཡི་གེའོ། །ཞེས་པ་དང་། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་ཞིང་། །
ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་རང་ཉིད་ཀྱིས་བརྗོད་པར་འདོད་པར་སྒྲ་དེ་ཡི་གེའི་གཟུགས་སུ་ཕབ་རྒྱུ་ནི་ཧ་ཅང་གལ་ཆེ་ལ། གལ་ཏེ་མི་རིགས་ཤིག་ལ་སྒྲ་དེ་མཚོན་པའི་ཡི་གེ་མེད་ན་མི་རིགས་གཞན་གྱི་སྐད་ཆ་དང་སྒྲ་གསལ་བོར་འབྱིན་མི་ཐུབ། དཔེར་ན། རྒྱའི་མི་རིགས་ལ་མཚོན་ན་ང(ŋa)ཉ(ȵa)ཝ(ʁa)ལྟ་བུའི་སྒྲ་འབྱིན་ཡི་གེ་མེད་པས་ང་ལ་ན(na)དང་། ཝ་ལ་བ། ད་དུང་ལྷ་དང་ཉ་དང་ཛ་དང་ཤ་སོགས་ཅིས་ཀྱང་འབྱིན་མི་ཐུབ་པས་ན་ང་ཚོ་བོད་མི་དག་གི་མིང་འབོད་པ་དང་ཡི་གེར་འབབ་དུས་ཀྱང་ཀླུ་མོ་སྐྱིད(hləmo htɕət)ལྟ་བུ་ལ་ལིས་མོ་ཅིས(li mo tɕi)འཛོམས་སྐྱིད(ndzom htɕət)ལ་ཙོང་ཅིས(tsoŋtɕi)ལྷ་མོ་རྒྱལ་ལ(ɸa mo dʑal)ལ་མོ་ཅ(la mo tɕa)ཞེས་སྒྲ་འདྲ་བ་ཙམ་ལས་བོད་སྐད་ལྟ་བུའི་སྒྲ་ངོ་མ་ཞིག་འབྱིན་མི་ཐུབ། དེས་མི་རིགས་ཤིག་གི་རིག་གནས་ལ་སྟོང་ཆའི་ཆ་ཡོད་པའི་སྣང་བ་སྟེར་བ་མ་ཟད། མི་རིགས་གཞན་གྱི་ཡི་གེ་སྦྱང་བ་ལ་སྒྲ་མ་དག་པའི་དབང་གིས་གོ་བརྡ་འཕྲོད་དཀའ་བའི་དཀའ་ཁག་ཀྱང་སྟེར་སྲིད། དེས་ན་སྒྲ་གང་ཞིག་ཡི་གེས་མཚོན་ཐུབ་པ་ནི་མི་རིགས་དེའི་སྐད་ཆ་སྔོན་ཐོན་དུ་ཚུད་པའི་རྟགས་མཚན་ཡིན་ཞེས་སྨྲ་ཆོག་གོ།

མཆན།

①དཔའ་རིས་སངས་རྒྱས། 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》 མི་རིགས་དཔེ་སྐྲུན་ཁང་།2010ལོའི་ཟླ3 P222

②③ལྕགས་ཐར་རྒྱལ། 《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2010ལོའི་ཟླ12 P137P126

④དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ། 《བོད་ཀྱི་ཡུལ་སྐད་དུ་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་གྲུབ་སྟངས་མི་གཅིག་པའི་སྐོར་གླེང་བ》《བོད་ལྗོངས་ཞིབ་འཇུག》1996ལོའི་དེབ3པ།P63

དཔལ་མོ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང2014ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།