རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ་དང་བོད་ཀྱི་རོ་སྒྲུང་།

རྒྱ་གར་ནི་ཆོས་ལུགས་དང་སྙན་ངག་གི་ཕ་ས་ཡིན་པར་མ་ཟད། འཛམ་བུའི་གླིང་གི་སྒྲུང་གི་འབྱུང་ཁུངས་ཀྱང་ཡིན་ཏེ། སྤྱི་ལོ1859ལོར། འཇར་མན་གྱི་མཁས་པ་པིན་ཧྥ་ཡུ་བྱ་བས་ཡོ་རོབ་གླིང་གི་བྱིས་སྒྲུང་གི་ཁུངས་རྒྱ་གར་ཡིན་པའི་ལྟ་ཚུལ་བཏོན།[1] སྒྲུང་གི་དཔྱད་ཞིབ་ལ་ཧྥིན་ལན་གྱི་མཁས་པ་རྣམས་འཛམ་གླིང་དུ་རྒྱལ་ཁབ་གཞན་གྱི་མཁས་པ་ལས་ཁྱད་དུ་འཕགས་ཤིང་། ཧྥིན་ལན་གྱི་ལོ་རྒྱུས་ས་ཁམས་པའི་མཁས་པ་རྣམས་ཀྱིས་རྒྱ་གར་ནི་སྒྲུང་གི་འབྱུང་ཁུངས་ཆེས་གལ་ཆེ་བ་ཞིག་ཡིན་ཤས་ཆེ་ཞེས་སྨྲ་བར་བྱེད།[2]དེ་བཞིན་རྒྱའི་མཁས་པ་ཅི་ཞན་ལིན་གྱིས་ཀྱང“འཛམ་གླིང་གི་གབ་སྒྲུང་དང་བྱིས་སྒྲུང་ཡོད་དོ་ཅོག་རྒྱ་གར་ནས་བྱུང་ཞེས་སྨྲ་མི་བཏུབ་མོད། དེ་དག་ཕལ་ཆེ་བའི་འབྱུང་ཁུངས་རྒྱ་གར་ཡིན་པ་ནི་གནས་ཚུལ་ངོ་མ་ཡིན།”[3]ཞེས་བཤད།  རྒྱ་གར་དུ་སྔར་བྱུང་བའི་གཏམ་ངོ་མཚར་བ་ལ་རིག་བྱེད་ཀྱི་གཏམ་རྒྱུད་དང་། འཇིག་རྟེན་ལ་གྲགས་པའི་སྒྲུང་རྒྱུད།  བྱང་ཆུབ་སེམས་དཔའི་སྐྱེས་རབས་སོགས་ཡོད་པ་ལས།  འཇིག་རྟེན་ལ་གྲགས་པའི་སྒྲུང་རྒྱུད་ནི་སྤྲོ་བ་སྐྱེད་པ་དང་བླང་དོར་འདོམས་པ་གཉི་གའི་གང་གཙོ་བོར་བྱེད་པའི་ཆ་ནས་འཇིག་རྟེན་གྱི་སྒྲུང་དང་གབ་སྒྲུང་གཉིས་སུ་དབྱེ་ཞིང་།   སྔ་མ་ནི 《གཏམ་རྒྱུད་ཆེན་མོ》བྱ་བའི་རྒྱུན་གང་ལ་མངའ་བ 《གཏམ་གྱི་ཆུ་བོའི་རྒྱ་མཚོ》ཞེས་པ་དང་དེའི་རྒྱུད་དུ་གཏོགས་པའི་སྒྲུང་རྣམས་དང་།  ཕྱི་མ་ནི 《པཉྩ་ཏནྟྲ》འམ 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ》ཞེས་བྱ་བ་དང་དེའི་རྒྱུད་དུ་གཏོགས་པའི་སྒྲུང་རྣམས་ཏེ།   འདིར་སྐབས་སུ་བབ་པའི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ནི་སྔ་མའི་རིགས་སུ་གཏོགས་པའོ ། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ནི་ཁ་ཆེའི་སྙན་ངག་མཁན་སོ་མ་དེ་ལྦ་སྟེ་ཟླ་བའི་ལྷས་མཛད་པའི《གཏམ་གྱི་ཆུ་བོའི་རྒྱ་མཚོ》 ཞེས་པར་བསྡུས་ཡོད་ཅིང་། 《གཏམ་གྱི་ཆུ་བོའི་རྒྱ་མཚོ》བྱ་བ་ནི་གུ་ཎྰ་ཌྷ་ཡས་མཛད་པའི《གཏམ་རྒྱུད་ཆེན་མོ》ཞེས་པ་ཤོ་ལོ་ཀ་འབུམ་ཅན་གྱི་སྙན་ངག་གཞུང་ཚད 《མ་ཧཱ་བྷཱ་ར་ཏ》དང་མཉམ་པ་དེ་སཾསྐྲྀཏའི་སྐད་དུ་ཉུང་བསྡུས་སུ་བྲིས་པ་ཞིག་གོ །  ངག་རྒྱུན་ལ 《གཏམ་རྒྱུད་ཆེན་པོ》ནི་དང་པོ་ལྷ་ཆེན་དབང་ཕྱུག་གིས་ཨུ་མར་བཤད་པ་དེའི་འཁོར་ཞིག་གིས་བརྐུས་ནས་ཉན་རྗེས་མི་ཡུལ་དུ་འོངས་ནས་ཤ་ཟ་ཞིག་ལ་བསྒྲགས།  གུ་ཎྰ་ཌྷ་ཡས་གཏམ་རྒྱུད་དེ་ཤ་ཟ་དེ་ལས་ཐོས་ཤིང་།  རང་ཡང་སྐུགས་ཕམ་ནས་ཤ་ཟའི་སྐད་ལས་སྐད་རིགས་གཞན་ལ་སྤྱོད་པར་མི་དབང་བར་གྱུར་པས། སྐད་རིགས་དེ་ཉིད་ཀྱིས་ལོ་བདུན་ལ་ཤོ་ལོ་ཀ་འབུམ་བདུན་ཅན་གྱི་གཏམ་རྒྱུད་ཆེན་པོ་རང་གི་ཁྲག་གིས་ཤིང་གི་ལོ་མ་ལ་བྲིས་ཏེ་རྒྱལ་པོ་ལ་ཕུལ་མོད། རྒྱལ་པོས་དེ་ཤ་ཟའི་སྐད་དུ་བརྩམས་པ་མཐོང་ནས་བླང་བར་མ་འདོད་དོ།། དེ་ནས་ཁོ་ཡི་མུག་སྟེ་གཏམ་རྒྱུད་ཀློག་བཞིན་ལོ་མ་རེ་རེ་བཞིན་མེ་ནང་དུ་འཕངས་པས་ཤོ་ལོ་ཀ་འབུམ་དྲུག་མེ་ལ་བསྲེགས་ཤིང་། ཤོ་ལོ་ཀ་འབུམ་གཅིག་ཁོ་ན་ལུས་པ་ནི་ད་ལྟ《གཏམ་རྒྱུད་ཆེན་པོ》རུ་གྲགས་པ་དེ་ཡིན་ཟེར། 《སྙན་ངག་མེ་ལོང》ལས།    

རྨད་བྱུང་དོན་ཆེན་རྒྱ་ཆེའི་གཏམ། །  

འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། །”  

ཅེས་དང་། 《མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོ》རུ།  

རྨད་བྱུང་དོན་གྱི་མཚན་ཉིད་མཚོན། ། ཤ་ཟའི་སྐད་དངོས་སྤྱོད་ཡུལ་ཆེ། །  

མི་ཞོན་བྱིན་ལ་སོགས་པ་ཡི། །  སྤྱོད་པ་ལྟ་བུ་གཏམ་ཆེན་འགྱུར། །  

ཞེས་འབྱུང་བའི་རྨད་དུ་བྱུང་བའི་བརྗོད་བྱ་རྒྱ་ཆེར་སྟོན་པའི་བསྟན་བཅོས 《རྒྱ་ཆེའི་གཏམ》 མམ 《གཏམ་རྒྱུད་ཆེན་མོ》 ཞེས་འབྱུང་པོའམ་ཤ་ཟའི་སྐད་ཀྱིས་བརྩམས་པའི་དཔེར་བཀོད་པ་དེ་ནི་གོང་གི་གུ་ཎྰ་ཌྷ་ཡས་བརྩམས་པའི《གཏམ་རྒྱུད་ཆེན་པོ》ཞེས་པ་དེ་ཡིན་ནོ། ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་སྙན་འགྲེལ《དབྱངས་ཅན་ངག་གི་རོལ་མཚོར》“འདིའི་རྒྱ་དཔེ་ཀུན་མཁྱེན་དྷ་རྨཱ་ཀ་རའི་གཟིགས་ལམ་དུ་ཡང་ཆུད་འདུག”ཅེས་སི་ཏུ་པཎ་ཆེན་གྱིས 《གཏམ་རྒྱུད་ཆེན་མོ》གཟིགས་མྱོང་བ་འདྲ་ཞིག་གསུངས་འདུག་ཀྱང་།  གུ་ཎྰ་ཌྷ་ཡས་བས་པའི《གཏམ་རྒྱུད་ཆེན་མོ》ནི་དུས་རབས་བཅུ་གཅིག་པའི་ཕྱི་ནས་དཔེ་རྒྱུན་ཆད་པར་མངོན་པས། སི་ཏུ་པཎ་ཆེན་གྱིས་གཟིགས་པ་ནི། ཟླ་བའི་ལྷའི《གཏམ་གྱི་ཆུ་བོའི་རྒྱ་མཚོ》 དང་། ཁྲེ་མེན་དྲའི《གཏམ་རྒྱུད་ཆེན་མོའི་མེ་ཏོག་ཆུན་པོ》 དང་། བུདྡྷ་སྭཱ་མིན་གྱི《གཏམ་རྒྱུད་ཆེན་མོའི་ཚིགས་བཅད་བསྡུས་པ》 ཞེས་གུ་ཎཱ་ཌྷ་ཡའི《གཏམ་རྒྱུད་ཆེན་མོའི》དོན་ཉུང་ངུར་བསྡུས་པའི་སཾསྐྲྀཏའི་སྐད་ཀྱི་དཔེ་གསུམ་ཡོད་པའི་གང་རུང་ཞིག་ཡིན་ངེས། 《གཏམ་གྱི་ཆུ་བོའི་རྒྱ་མཚོ》མཛད་མཁན་ཟླ་བའི་ལྷ་ནི་ཁ་ཆེའི་ཡུལ་གྱི་བྲམ་ཟེ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་།  ཡབ་ཀྱི་མཚན་ལ་རཱ་མ་ཟེར།  ཁོང་ནི་ཁ་ཆེའི་རྒྱལ་པོ་ཨ་ནན་ཏ་སྤྱི་ལོ(1029~1064ལ་ཁྲིར་བཞུགས)དང་དེའི་བུ་རྒྱལ་པོ་ཀ་ལ་ཤ(སྤྱི་ལོ1064~1088ལ་ཁྲིར་བཞུགས)གཉི་གའི་དུས་ཀྱི་ཕོ་བྲང་གི་སྙན་ངག་མཁན་ཡིན་ཞིང་། རྒྱལ་པོ་ཀ་ལ་ཤའི་ཡུམ་ཡུལ་ཛ་ལན་དྷ་རར་འཁྲུངས་པའི་སཱུརྱ་མ་ཏིའི་སྐྱོ་སྣང་བསངས་པའི་ཆེད་དུ《གཏམ་གྱི་ཆུ་བོའི་རྒྱ་མཚོ》བརྩམས་པར་གྲགས།  《གཏམ་གྱི་ཆུ་བོའི་རྒྱ་མཚོ》 ནི་བརྩམས་ཆོས་ཀྱི་མིང་གི་བཏགས་དོན་ལྟར་གཏམ་རྒྱུད་ཀྱི་རིགས་ཡོད་དོ་ཅོག་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་ཞིག་ཡིན་ཏེ། བམ་པོ(lambaka)བཅོ་བརྒྱད།  རླབས་ཕྲེང(ལེའུ)བརྒྱ་ཉེར་བཞི། ཤོ་ལོ་ཀ་ཉིས་ཁྲི་ཆིག་སྟོང་སུམ་བརྒྱ་གྱ་བརྒྱད་ཀྱིས་གྲུབ།  བརྩམས་ཆོས་འདི་སྙན་ངག་གི་ལམ་ནས་བརྩམས་ཤིང་།  རྒྱལ་པོ་ཨུ་ད་ཡ་ན་དང་རྒྱལ་པོའི་བུ་ན་ར་ལྦཱ་ཧ་ན་དྷ་ཏའི་གཏམ་རྒྱུད་ཀྱིས་གཞུང་བསྲིངས་པ་ལ། གཏམ་རྒྱུད་རིང་ཐུང་མི་འདྲ་བ་སུམ་བརྒྱ་ལྔ་བཅུ་བར་བར་དུ་བཀོད་པ་ཞིག་གོ། 《གཏམ་གྱི་ཆུ་བོའི་རྒྱ་མཚོ》ནི 《གཏམ་རྒྱུད་ཆེན་པོའི》 བརྗོད་བྱ་ཉུང་ངུར་བསྡུས་ནས་བརྩམས་པ་ཡིན་པས། 《གཏམ་རྒྱུད་ཆེན་པོ》ད་ལྟ་མཐོང་དུ་མེད་ཀྱང་། དེ་ཇི་ལྟ་བུ་ཞིག་ཡིན་པ《གཏམ་གྱི་ཆུ་བོའི་རྒྱ་མཚོ》ལས་ཅུང་ཟད་རྗེས་སུ་དཔོག་ནུས།  སོ་མ་དེ་ལྦའི《གཏམ་གྱི་ཆུ་བོའི་རྒྱ་མཚོ》ལྟ་བུ་བདེ་ཞིང་སྙན་ལ་འདུས་ཤིང་འདྲིལ་བ་དང་། ཚིག་དོན་མཐུན་སྡེབ་དེ་འདྲ་ལེགས་པའི་དཔེ་ནི་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་ལས་མཐོང་དཀའ་བར་བཤད། སོ་མ་དེ་ལྦས་དེ་ལྟ་བུའི་རྩོམ་ཚུལ་རྨད་དུ་བྱུང་བ་ལ་བརྟེན་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་ཤེས་བྱེད་ཀྱི་ཡིག་ཆ་དཀོན་པོ་དང་། འཛམ་གླིང་གི་རྩོམ་རིག་ལའང་ཤན་ཤུགས་ཆེ་བ།   གཏམ་རྒྱུད་ཀྱི་བང་མཛོད་ཆེན་པོར་བསྔགས་པའི《གཏམ་གྱི་ཆུ་བོའི་རྒྱ་མཚོ》བྱ་བ་མཛད་ཅིང་། བསྟན་བཅོས་དེ་མཛད་པ་ལ་བརྟེན་ནས་ཁོང་ལ་བསྐལ་བའི་བར་དུ་མི་ཉམས་པའི་གྲགས་པ་ཐོབ།  

《པཉྩ་ཏནྟྲ》 འམ 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ》དང་། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》གཉི་ག 《གཏམ་གྱི་ཆུ་བོའི་རྒྱ་མཚོ》རུ་བསྡུས་ཡོད་ཅིང་། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ནི་ཉེར་བཀོད་ཀྱི་ཉེར་བཀོད་དུ་བྱས་ཏེ 《གཏམ་གྱི་ཆུ་བོའི་རྒྱ་མཚོའི》 བམ་པོ་བཅུ་གཉིས་པར་བསྡུས་ཡོད། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ནི་བྲམ་ཟེ་རྒན་པོ་ཞིག་གིས་རྒྱལ་པོ་ཞིག་ལ་བཤད་པའི་གཏམ་རྒྱུད་ཡིན་པར་བྱས་ནས་བམ་པོ་དེར་བཀོད་འདུག་ལ། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ནི་དང་པོ《གཏམ་རྒྱུད་ཆེན་མོ》དང་མ་ལག་མི་གཅིག་པའི་བརྩམས་ཆོས་རང་རྐྱ་བ་ཞིག་ཡིན་པས། གུ་ཎཱ་ཌྷ་ཡའི《གཏམ་རྒྱུད་ཆེན་མོ》རུ་དེ་ཡོད་མེད་མི་ཤེས་ཀྱང་། སོ་མ་དེ་ལྦས་དེ་རང་གི་བརྩམས་ཆོས་སུ་བསྡུས་ཡོད་པར་མ་ཟད། ཆ་ཚང་བར་ཚིགས་བཅད་དུ་བྱས་འདུག།   འོན་ཀྱང་དེའི་ཐོག་མའི་རྣམ་པ་ནི《པཉྩ་ཏནྟྲ》སོགས་གནའ་བོའི་རྒྱ་གར་གྱི་གཏམ་རྒྱུད་བྱིངས་དང་འདྲ་བར་བཅད་ལྷུག་སྤེལ་མའི་ལུས་སུ་ཡོད་པར་བསམས།  

《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལ་གླེང་གཞིའི་གཏམ་རྒྱུད་གཅིག་དང་།  གླེང་བསླངས་པའི་གཏམ་རྒྱུད་ཉེར་བཞི་སྟེ།  གཏམ་རྒྱུད་ཉེར་ལྔ་པ་ནི་སྒྲུང་ཧྲིལ་བོ་མཇུག་སྡུད་བྱེད་དོ།། རྒྱུ་བྱེད་ཀྱི་སྐུད་པ་ལྟ་བུའི་གླེང་གཞིའི་གཏམ་རྒྱུད་གཅིག་ལ་བརྒྱུ་བའི་ཕྲེང་རྡོག་ལྟ་བུའི་གཏམ་རྒྱུད་གཞན་མ་ཉེར་བཞི་པོ་རེ་རེ་ནས་བརྒྱུས་པས། དོན་གྱི་བརྗོད་ཚུལ་ཕྲེང་བརྒྱུས་མ་དེ་འདྲ་ལ་སྒྲོམ་གཞིའི་རྣམ་པ་ཅན་གྱི་དོན་བརྗོད་ཚུལ་གྱི་སྒྲིག་གཞི་དང་།  དེ་འདྲའི་གཏམ་རྒྱུད་ལ་སྒྲུང་གི་རིག་ལམ་གྱི་བརྡ་ཆད་དུ“གཏམ་རྒྱུད་སྒྲོམ་བཅུག་མ”[1]ཟེར། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པའི》གླེང་གཞིའི་གཏམ་རྒྱུད་ནི་འདི་ལྟ་སྟེ།  རྒྱལ་པོ་རྣམ་གནོན་ཉི་མ་ལ་སྒྲུབ་པ་བ་ཞིག་གིས་ལོ་བཅུ་ལ་ཉིན་རེ་བཞིན་ཤིང་ཏོག་རེ་ཕུལ་ཅིང་། ཕྱིས་སུ་རྒྱལ་པོས་དེས་ཕུལ་བའི་ཤིང་ཏོག་རེ་རེའི་ནང་དུ་ནོར་བུ་རེ་ཡོད་པ་ཤེས་པས། དེ་ཡི་འདོད་པ་སྐོང་ཕྱིར་མཚན་མོར་དུར་ཁྲོད་དུ་སོང་ནས་མི་རོ་ཞིག་མཆོད་སྦྱིན་གྱི་སྟེགས་བུའི་ཁར་ཁྱེར་འོང་རྒྱུ་ཁས་བླངས། རྒྱལ་པོས་མི་རོ་རྒྱབ་ཏུ་ཁུར་ཏེ་ཕྱིར་ལོག་པའི་ལམ་དུ་མི་རོའི་ཁོག་ཏུ་ཞུགས་པའི་རོ་ལངས་ཀྱིས་ཁོ་ལ་སྒྲུང་བཤད་ཅིང་། སྒྲུང་བཤད་ཚར་རྗེས་ཁོ་ལ་ལན་འདེབས་དཀའ་བའི་དྲི་བ་རེ་བཏོན། རྒྱལ་པོས་དེ་ལ་ལན་བཏབ་པའི་ཚེ། ཁ་གྲག་མི་ཆོག་པའི་དམ་ཚིག་ཤོར་ནས་མི་རོ་དེ་སླར་དུར་ཁྲོད་དུ་འཕུར་བས་ཁོ་ཡང་བསྐྱར་ལེན་དུ་སོང་། དེ་ལྟར་ཐེངས་ཉེར་བཞི་བྱས་པས་སྒྲུང་ཉེར་བཞི་བཤད་ཅིང་། མཐར་རྒྱལ་པོས་ལན་གདབ་རྒྱུ་མ་ཪྙེད་དེ་དམ་ཚིག་སྲུང་ཐུབ་པ་བྱུང་བས། མི་རོས་དེ་ལ་སྒྲུབ་པ་བ་དེས་ཁོ་རང་བསད་ནས་མཆོད་སྦྱིན་དུ་བྱ་རྩིས་ཡོད་ཚུལ་སྨྲས་པས། རྒྱལ་པོ་ཕྱིར་ལོག་སྟེ་སྒྲུབ་པ་བ་དེ་བསད་ནས་མཆོད་སྦྱིན་དུ་བྱས་ཤིང་། དེ་ནས་རོ་ལངས་དེ་རྒྱལ་པོའི་མཛའ་བཤེས་སུ་གྱུར་ཅེས་པའོ །དེས་ན་སྒྲུང་ཉེར་ལྔ་ཞེས་པ་མཇུག་གི་ལེའུ་བསྣན་ཏེ་ཉེར་ལྔར་བྱེད་པ་ལས་གླེང་གཞིའི་གཏམ་རྒྱུད་སྒྲུང་ཉེར་ལྔའི་གྲས་སུ་མི་འདྲེན་པ་ཆེས་མཐའ་མའི་གཏམ་རྒྱུད་ཉེར་ལྔ་པ་རང་དུ་གསལ་བོར་བྱུང་མོད།  གཞུང་དངོས་མ་མཐོང་བས་འདྲེན་ཚུལ་ལ་མགོ་རྨོངས་པ་མང་ངོ་།། གཏམ་རྒྱུད་གཞན་མ་རྣམས་ནི་སོ་སོར་ཚུགས་ཐུབ་ཀྱི་གཏམ་རྒྱུད་རྐྱང་ཡིན་ཞིང་། བརྗོད་བྱ་ལ་ཕན་ཚུན་འབྲེལ་བ་ཅི་ཡང་མེད། སྒྲུང་འཆད་པ་ལ་འཆད་མཁན་དང་ཉན་མཁན་གཉི་ག་དགོས་པས། སྐབས་འདིའི་རོ་ལངས་ནི་སྒྲུང་མཁན་གྱི་དོད་དང་།  རྒྱལ་པོ་ནི་དོན་དུ་སྒྲུང་ཉན་མཁན་པའི་དོད་དོ། །  སྤྱིར《གཏམ་གྱི་ཆུ་བོའི་རྒྱ་མཚོ》 སྙན་ངག་གི་ལམ་ནས་བརྩམས་ཤིང་། དེ་ལས་ཀྱང 《རོ་ལངས་ཀྱི་སྒྲུང་ཉིར་ལྔ་པ》ནི་ལྷག་པར་སྙན་ངག་གིས་ཀུན་ནས་བཅིངས་པ་དང་། གཞུང་ཚད་སྙན་ངག་ཤོ་ལོ་ཀ་ཉིས་སྟོང་ཆིག་བརྒྱ་པོ་དྲུག་ཡོད་པར་བཤད།  《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལ་རྒྱ་གར་དུ་ད་དུང་འདི་ལས་གཞན་པའི་ཚིགས་བཅད་རྐྱང་བ་ཅན་དང་། བཅད་ལྷུག་སྤེལ་མ་ཅན། གཏམ་རྒྱུད་ཉེར་ལྔ་ཅན་དང་། གཏམ་རྒྱུད་ཉེར་གཅིག་ཅན། སཾསྐྲྀཏའི་སྐད་ཀྱིས་བརྩམས་པ་དང་། བྷང་ག་ལའི་སྐད་དུ་བརྩམས་པ། ཧིན་དྷའི་སྐད་དུ་བརྩམས་པ་སོགས་དཔེ་རྒྱུན་སྣ་ཚོགས་པ་ཞིག་མཆིས་མོད།  ཀུན་ལས་གྲགས་ཆེ་བ་ནི་སོ་མ་དེ་ལྦས་མཛད་པའི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》འདིའོ། །           

དོན་ཚན་གཉིས་པ། རོ་ལངས་དང་རོ་སྒྲུབ།

《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལས་བྱུང་བའི་རོ་ལངས་ཞེས་པ་ནི་སཾསྐྲྀཏའི་སྐད་དུ་བེ་ཏཱ་ལ་བྱ་བ་སྟེ། རང་རེ་ལ་གྲགས་པའི་གདོན་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དང་། བེམ་རོ་ལ་ཞུགས་ནས་བྱ་བ་བྱེད་པ་ཞིག་གོ །།  འདི་བེམ་རོ་ལ་ཞུགས་པའི་འདྲེ་གདོན་གྱི་རིགས་ཤིག་ལ་གོ་བ་ལས་གཞན། རོ་ལང་དུ་འཇུག་བྱེད་ཀྱི་གདམས་པ་ལ་གོ་བའི་སྐབས་ཀྱང་ཡོད་པ་འདྲ། རོ་ལངས་ཀྱི་སྐོར་ནི་ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང་ལས་མང་དུ་འབྱུང་ལ། གསང་སྔགས་ཆེར་མ་དར་བའི་དུས་ཀྱི་ནང་པའི་གསུང་རབ[1]དག་ལས་ཀྱང་སྐབས་སྐབས་སུ་མཐོང་བར་འགྱུར།  རང་རེའི་སྒྲོལ་བསྟོད་གྲགས་ཅན《ཕག་འཚལ་ཉེར་གཅིག་མ》ལས་ཀྱང་།“གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།།”ཞེས་འབྱུང་།  བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་རྣམས་སུ། ། རོ་ལངས་བྱ་བ《ཧ་རི་ཝཾ་ཤ》རུ་ཅུང་ཟད་ཙམ་གླེང་ལ། 《སྔོན་གྱི་རབས》སུའང་འདྲེ་གདོན་གྱི་རིགས་ཤིག་ཏུ་བགྲངས་ཡོད་མོད། 《མ་ཧཱ་བྷཱ་ར་ཏ》ལས་བེ་ཏཱ་ལ་ཛ་ན་ནི་བྱ་བ་ལས་རོ་ལངས་ཞེས་པའི་མིང་རང་རྐང་ནི་མ་བྱུང་ངོ་།།[2]  ཕྱི་རོལ་པའི་ཆོས་ལས་རོ་ལངས་ནི་དབང་ཕྱུག་པ་དང་འབྲེལ་ཆེ་སྟེ། ཕྱིས་སུ་བྱུང་བའི་ཁ་ཆེའི་ཡུལ་གྱི་དབང་ཕྱུག་པའི་ཡིག་ཆ་ལས་རོ་ལངས་ནི་ལྷ་ཆེན་དབང་ཕྱུག་གི་འཁོར་ཞིག་ཏུ་བརྩིས་འདུག། འོན་ཀྱང་དོན་དམ་དུ་རོ་ལངས་ཀྱི་སྐོར་དེ་དང་པོ་ཕྱི་ནང་གང་གི་ཆོས་སུའང་མི་གཏོགས་པར་གནའ་བོའི་རྒྱ་གར་གྱི་ཡུལ་ཆོས་ཉི་ཚེ་བ་ཞིག་ཡིན་པ་ཕྱིས་སུ་ནང་པ་དང་། དབང་ཕྱུག་པ་སོགས་ཀྱིས་རང་རང་གི་ཆོས་ལུགས་སུ་བླངས་པ་ཨེ་ཡིན་སྙམ།  

གང་ལྟར་ཡང་སྔོན་རྒྱ་གར་དུ་རོ་ལངས་ཀྱི་དངོས་གྲུབ་ཟེར་བ་ཞིག་བསྒྲུབ་རྒྱུ་ཡོད་དེ། 《རྒྱ་གར་ཆོས་འབྱུང》 ལས། “དེའི་སློབ་མ་ནི་སློབ་དཔོན་བྷ་གོ་སྟེ། དེ་ཡང་རོ་ལངས་ཀྱི་དངོས་གྲུབ་གྲུབ”[1]ཅེས་འབྱུང་བ་བཞིན་ནོ། ། དུར་ཁྲོད་ནས་བམ་རོ་ཁུར་འོང་དགོས་པ་ནི་རོ་ལངས་ཀྱི་དངོས་གྲུབ་སྒྲུབ་པ་ལ་རོ་ལངས་སྤྱན་འདྲེན་པའི་ཕྱིར་ཡིན་ཏེ། རོ་ལངས་ནི་སྤྱིར་བཏང་དུ་བམ་རོ་ལ་ཞུགས་ནས་བྱ་བ་བྱེད་པའི་ཕྱིར་རོ།། ལྷ་གཞན་དག་ནི་སྤྱན་དྲངས་པའི་མོས་པ་བྱས་པས་ཆོག་མོད།  འདི་ནི་དེ་ལྟར་ལྗིད་ཏིག་གེར་རྒྱབ་ལ་ཁུར་འོང་དགོས་པ་ཞིག་ཡིན་པར་སྣང་། སྤྱན་འདྲེན་པ་ནི་མཆོད་སྦྱིན་གྱི་དོན་དུ་ཡིན་ལ།  མཆོད་སྦྱིན་བྱེད་པ་ནི་ནད་འཆོས་པ་དང་། འཁོན་ལན་སློག་པ་དང་། དངོས་གྲུབ་ཞུ་བ་ལྟ་བུའི་འདོད་དོན་སྣ་ཚོགས་བསྒྲུབ་ཏུ་གཞུག་པའི་ཆེད་ཡིན། འདིའི་མཆོད་སྦྱིན་བྱེད་ཚུལ་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་སྟེ། མཆོད་པའི་དངོས་པོ་ནི་མིའི་ཤ་ཁྲག་གིས་བྱ་དགོས། དེའི་ཚུལ་ནི《གཏམ་གྱི་ཆུ་བོའི་རྒྱ་མཚོ》ལས་འདི་ལྟར་འབྱུང་།  མི་ཁྲག་གིས་བྲན་པའི་ས་ངོས་ལ་མི་རུས་ཀྱི་ཕྱེ་མས་མཎྜལ་བྲིས་པའི་ཕྱོགས་བཞིར་མི་ཁྲག་བླུགས་པའི་བུམ་པ་བཤམས་ལ། དེའི་དབུས་སུ་བམ་རོ་གན་རྐྱལ་དུ་འཇོག།  མི་ཚིལ་གྱི་སྒྲོན་མེ་སྦོར། མིའི་མིག་འབྲས་བསྲེགས་པའི་བདུག་སྤོས་བདུག། ཀ་པ་ལ་ཁྲག་གིས་བཀང་བའི་ཡོན་ཆབ་དང་མི་ཤའི་མཆོད་པ་འབུལ། སྔགས་མཁན་གྱིས་སྔགས་ཟློ་བཞིན་དུ་མི་རུས་ལས་བྱས་པའི་སྐྱོགས་ཀྱིས་བམ་རོའི་ཁ་ལ་སྦྱིན་སྲེག་དངོས་སུ་ལྡུག། རོ་ལངས་ལ་མི་ཤ་དངོས་སུ་བཟའ་རུ་འཇུག་ཅིང་། དེས་མ་ཚིམས་ན་སྔགས་མཁན་རང་གི་ཤའང་བཅད་ནས་སྟེར་དགོས། དེ་ལྟ་བུའི་མཆོད་པས་ཡིད་ཚིམས་པར་གྱུར་ན། རོ་ལངས་ཀྱིས་སྔགས་མཁན་གྱི་འདོད་དོན་སྒྲུབ་པར་བྱེད་མོད། རོ་ལངས་ཀྱི་གདམས་པའི་ལག་ལེན་ལ་ནོར་འཛོལ་བྱུང་ཚེ། སྔགས་མཁན་རང་ཉིད་འཆི་བར་འགྱུར་བའང་ཡོད་ལ། དེ་ཡང་སྒྲུབ་གཡོག་གམ་རོ་ལངས་སྒྲུབ་པའི་གྲོགས་མཚན་རྟགས་དང་ལྡན་པ་ཞིག་ངེས་པར་དགོས་པར་བཤད་དེ། 《རྒྱ་གར་ཆོས་འབྱུང》 ལས།   མ་ག་དྷའི་ཕྱོགས་གཅིག་ན་མུ་སྟེགས་བྱེད་ཀྱི་རྣལ་འབྱོར་པ་སྔགས་ཀྱི་ནུས་པ་གྲུབ་ཅིང་དྲང་པོའི་རང་བཞིན་ཅན་ན་ར་དཱ་ཞེས་ཟེར་བ་ཞིག་ཡོད་ཅིང་། དེ་རོ་ལངས་ཀྱི་དངོས་གྲུབ་སྒྲུབ་པ་ལ་གྲོགས་ལུས་སྟོབས་ཆེ་ཞིང་ནད་མེད་ལ་དཔའ་བོའི་མཚན་མ་དགུ་ཡོད་པ། ངག་བདེན་པར་སྨྲ་བ། བློ་རྣོ་ཞིང་དཔའ་བ། གཡོ་སྒྱུ་མེད་པ། བཟོ་གནས་ཐམས་ཅད་ལ་མཁས་པ་ཞིག་དགོས་པ[1]  

ཞེས་འབྱུང་བ་དང་། 《ས་སྐྱ་ལེགས་བཤད》ལས།

རོ་ལངས་སྒྲུབ་པའི་གྲོགས་ངན་ན།། ཐོག་མར་སྒྲུབ་པོ་ཟ་བར་འགྱུར། །

ཞེས་གསུངས་པ་བཞིན་ནོ།། རོ་ལངས་མགུ་བར་བྱེད་པ་ལ། ཤ་ཁྲག་གི་མཆོད་པ་གྱ་ནོམ་པ་ཙམ་གྱིས་མི་ཆོག་པར་སྣང་སྟེ། རང་ལུས་ཀྱི་ཤ་བཅད་ནས་སྟེར་བཟོད་པའམ། གཞན་དུ་ན་མཚོན་ཐོགས་ནས་རོ་ལངས་ལ་འཛིང་རག་བཀྱེ་ནུས་ན་རོ་ལངས་གཏིང་ནས་དགྱེས་པར་འགྱུར་པས། རོ་ལངས་སྤྱན་དྲངས་ནས་མཆོད་སྦྱིན་བྱེད་པ་དང་། དེ་ལ་འདོད་དོན་བསྒྲུབ་ཏུ་འཇུག་པ་སྟེ། རོ་ལངས་ཀྱི་གདམས་པ་ལག་ཏུ་བསྟར་བའི་རིམ་པ་ནི། རོ་སྒྲུབ་བྱེད་མཁན་ནམ་སྔགས་མཁན་དང་སྒྲུབ་གཡོག་གམ་རོ་ལངས་སྤྱན་འདྲེན་མཁན་གྱི་སྐྱེ་བོའི་སྡུག་རུས་དང་། ཕོ་ཚོད། དཔའ་སྙིང་བཅས་ལ་ཉམས་སད་པ་ཡིན་པར་ངེས། རོ་ལངས་ཀྱི་གདམས་པ་ནག་ཟླའི་ཉིན་བཅུ་བཞི་པའི་མཚན་མོར་ལག་ཏུ་བསྟར་བ་ཡིན་ལ། དེ་ཡང་ཟླ་བའི་འོད་ཟེར་མེད་པའི་དུས་ལ་གཟས་པ་ཡིན་ཏེ། གནས་དུར་ཁྲོད་ནས། དུས་སྨག་ནག་པའི་མཚན་མོ་ལ་རོ་ལངས་སྤྱན་འདྲེན་པ་དང་། དྲངས་ནས་ཀྱང་དེ་ལ་མིའི་ཤ་ཁྲག་གི་མཆོད་སྦྱིན་ཚམ་ཚོམ་མེད་པར་བྱེད་ནུས་པ་ནི། ངེས་པར་སྙིང་སྟོབས་དང་སྤོབས་པའི་ཕ་མཐར་སོན་པ་ཞིག་ཡིན་དགོས། རོ་ལངས་ལ་མཆོད་སྦྱིན་ཇི་ལྟར་བྱ་བའི་ཚུལ་དེ།  

ཀཱ་པ་ལ་ཟེར་སྟེགས་ཁར་མི་མགོ་བཞག༔བ་སུ་ཏ་ཡིན་ཟེར་ནས་རྒྱུ་མ་བྲེས༔རྐང་གླིང་ཡིན་ཟེར་མི་ཡི་རྐང་དུ་འདུག༔ཞིང་ཆེན་གཡང་གཞི་ཡིན་ཟེར་མི་ལྤགས་བཀྲམ༔རཀྟ་ཡིན་ཟེར་གཏོར་མར་ཁྲག་བླུགས་འདུག༔དཀྱིལ་འཁོར་ཡིན་ཟེར་ཁྲ་ཁྲ་ཤིག་ཤིག་འདུག༔གར་པ་ཡིན་ཟེར་རུས་པའི་ཕྲེང་བ་གྱོན༔གིང་པ་ཡིན་ཟེར་མི་རེར(ས)གཅེར་རྒྱུགས་བྱེད༔བྱིན་འབེབས་ཡིན་ཟེར་ཅི་འདྲའི་གསོབ་གྱོན་འདུག༔ཞལ་བཪྙན་ཡིན་ཟེར་སྣ་ཚོགས་འབག་གྱོན་འདུག༔[2]   

ཅེས་སྔར་བོད་དུ་དར་བའི་གསང་སྔགས་ཀྱི་སྒྲུབ་པ་བྱེད་ཚུལ་འགའ་རེ་དང་ཕྱོགས་འདྲ་བ་ཞིག་ཡོད་པས། བོད་ཀྱི་འདིའང་དེ་ལས་བྱུང་བ་ཨེ་ཡིན་སྙམ་པ་ཞིག་འདུག་མོད། ད་དུང་ཞིབ་ཏུ་མ་དཔྱད་པར་ཁ་ཚོན་གཅོད་པར་མི་ནུས། བོད་ཀྱི་དེབ་ཐེར་གྲགས་ཅན《སྦ་བཞེད》དུ་བསམ་ཡས་གཙུག་ལག་ཁང་གང་ལ་དཔེ་བལྟ་སའི་ཡུལ་རྒྱ་གར་གྱི་ཨོ་ཏཎྟ་པུ་རིའི་གཙུག་ལག་ཁང་ཇི་ལྟར་བཞེངས་པའི་ཚུལ་གྱི་ངག་རྒྱུན་ཞིག་བཀོད་འདུག་པ་ནི།  

དེ་ལྟ་བུ་གཅིག་ཨོ་ཏཎྟ་པུ་རི་ནའང་ཡོད་གསུངས། དེ་ཅི་འདྲ་ཞུས་པས།  དེ་ནི་མུ་སྟེགས་རིག་འཛིན་གྱི་སྒྲུབ་པ་པོས་རོ་སྒྲུབ་བྱེད་པ་ལ། དངོས་གྲུབ་ལེན་པའི་སྒྲུབ་གཡོག་མཚན་རྟགས་དང་ལྡན་པ་ཀུན་ཏུ་བཙལ་བས་མ་བཪྙེད་པས། མ་ག་ཏའི་དགེ་སློང་སྒྲུབ་པ་པོ་ལ་ཉེ་གནས་གཅིག་ཡོད་པ་དེ་དེའི་མཚན་རྟགས་དང་ལྡན་ནས། སྒྲུབ་པ་པོ་དགེ་སློང་ལ་མཎྜལ་གསེར་གྱི་ཉེའུ་བཀྲམ་པ་ཡང་དང་ཡང་དུ་ཕུལ་བས། ཁྱོད་ང་ལ་གདམ་ངག་འདོད་དམ། རིག་འཛིན་གྱིས་སྨྲས་པ། ང་ཁྱོད་ཀྱི་ཉེ་གནས་དཔའ་བའི་རྟགས་ཅན་ཞུའོ། ། དེས་དེ་ལ་ཕུལ་ལོ། །   དེ་ནས་སྒྲུབ་ཁང་དུ་ཕྱིན་པ་དང་།   རོ་སོག་ཕོན་ཙམ་པ་གཅིག་དཀྱིལ་འཁོར་སྟེང་ན་འདུག་གོ ། །   དེ་ལ་དགེ་ཚུལ་རོ་ལ་དཔའ་བའི་རྟགས་ཡོད་པས་མ་འཇིགས་པར་དེའི་ལྕེ་ཆོད་ཅིག།  ལྕེ་དེ་གསེར་གྱི་རལ་གྲིར་སོང་བ་དང་ང་ལ་བྱིན་ཅིག། དེ་གར་གཏད་པར་འགྲོ་བར་ནུས་པ་ཡིན་ཏེ། ང་འོག་མིན་དུ་རིག་འཛིན་སྒྲུབ་དུ་འགྲོ་བ་ཡིན། རོ་འདི་གསེར་དུ་འགྱུར་བས་དེ་ཁྱོད་ལ་རྔན་པར་སྦྱིན་ནོ་ཟེར།  དེར་དེས་མཉམ་པར་བཞག་གོ ། དགེ་ཚུལ་རོ་ལ་བཞོན་ནས་གྲིས་ལྕེ་གཅོད་དུ་བཅུག་པ་དང་། རོ་འགུལ་ཞིང་མིག་འཁྲུལ། ཁ་བཏབ་བཏབ་བྱེད་པ་དང་།ལྕེ་དར་ཤམ་ཙམ་ཅིག་ཉུག་བྱུང་བ་ལ་མ་ཟིན་ནོ།།  ལན་གཉིས་སུ་མ་ཟིན་པ་དང་། ད་རེས་ལྕེ་མ་ཆོད་ན་དང་པོར་ངེད་རང་གཉིས་གསོད། དེ་ནས་སྟོང་གསུམ་སྲིད་པ་གསུམ་གྱི་སེམས་ཅན་གསོད་དུ་འོང་བས་བསྒྲིམས་ལ་ཆོད་ཅིག་ཟེར་རོ ། དེས་རོ་དང་ཁ་སྤྲད་དེ་བསྒྲིམས་པ་དང་། སོས་ལྕེ་ཟིན་ནས་བཅད་པས་རལ་གྲིར་གྱུར་ནས་ནམ་མཁའ་ལ་དབྱུགས་པས།  ནམ་མཁའ་ལ་དགེ་ཚུལ་འཕུར་བ་ལ།  རིག་འཛིན་ན་རེ།   ཁྱེད་ནང་པ་སངས་རྒྱས་པ་ལ་ཕམ་པ་འོང་བ་ཡིན་པ་ལ།  རལ་གྲི་ནི་ང་དབང་ན། མར་ལ་ཤོག་ཅིག་ཟེར་བ་ལ། དེ་ལྟ་ཡིན་མོད། ངས་ལྟད་མོ་ལྟ་ཡིས་ཟེར་ནས་རི་རབ་ཀྱི་ཁར་སོང་ནས།  གླིང་བཞི་རི་རབ་ཉི་ཟླ་གཟའ་སྐར་དང་བཅས་པ་དང་།  ལྕོག་བཞི་སུམ་ཅུ་རྩ་གསུམ་བཀོད་པ་དང་བཅས་པ་བལྟས་པས་ལེགས་པར་མཐོང་། དེ་ནས་མར་འཛམ་བུའི་གླིང་ངོགས་སུ་རལ་གྲི་དབྱུགས་པས་རིག་འཛིན་གྱི་དྲུང་དུ་བྱུང་ནས། རོ་ལས་གསེར་དུ་གྲུབ་པ་དེ་དགེ་ཚུལ་ཁྱོད་གྱིས་ཤིག། འདིས་དགེ་སློང་ལྔ་བརྒྱའི་འཚོ་བ་ལྡང་སྟེ།  རུས་པ་ལ་མ་བཅད་ཅིག། བཅད་ན་ལོག་འཚོར་འགྱུར་ཏེ་ཕྱིས་མི་སྐྱེའོ། ། གཞན་དུ་ན་ནང་བཅད་ཀྱང་ནུབ་མོ་སྐྱེའོ།། དེ་སྐད་ཟེར་ཏེ་ཁོང་རལ་གྲི་ནམ་མཁའ་ལ་དབྱུགས་ཏེ་འོག་མིན་དུ་སོང་ངོ་།།  དགེ་ཚུལ་དེས་སློབ་དཔོན་དགེ་སློང་དེ་ལ་སྨྲས་པས།  ཞལ་ནས།   འོ་ཅག་དགེ་སློང་ལྔ་བརྒྱའི་བཞུགས་ས་གཙུག་ལག་ཁང་གཅིག་བྱེད་དགོས་པས།  མགོན་པོ་ལ་ས་གཞི་ཞུ་བའི་གཏོར་མ་བྱའོ་ཟེར་ནས། བྷ་ལིམ་བྱས་པས་བྱ་རོག་གིས་ཁྱེར་ནས་མཚོ་ཅིག་གི་དཀྱིལ་ན་དེའུ་ཡོད་པའི་ཁར་བཞག་གོ།།  དེའུ་དེའི་ཁར་གཙུག་ལག་ཁང་གཅིག་བརྩིགས་ཏེ་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ཉི་མ་དང་ཟླ་བ་བཅས་པ་ལ་དཔེ་བྱས་ནས་བཞེངས་པའི་གཙུག་ལག་ཁང་ཨོ་ཏཎྟ་པུ་རི་བྱ་བ་ཡོད།[1]

ཅེས་པ་སྟེ། རང་རེའི་ཡི་གེར་བཀོད་པའི་རོ་ལངས་ཀྱི་སྐོར་ལ་འདི་ལས་སྔ་བ་མ་མཐོང་། རོ་སྒྲུབ་བྱེད་པ་ནི་ཕྱི་རོལ་མུ་སྟེགས་པའི་ཆོས་དང་འབྲེལ་ཆེ་བ་སྒྲུབ་པ་པོ་མུ་སྟེགས་ཀྱི་རིག་འཛིན་ཡིན་པ་དང་། ནང་པ་རྣམས་ཀྱང་དེ་ལ་བརྒྱུད་ནས་འབྲེལ་ཡོད་པ་སྒྲུབ་གཡོག་ནང་པའི་དགེ་ཚུལ་ཡིན་པ། སྙིང་ཁམས་ཀྱི་ཉམས་སད་ལྟ་བུ་ཡིན་པ་སྒྲུབ་མཁན་ནམ་སྒྲུབ་གཡོག་དཔའ་བའི་རྟགས་ཅན་དགོས་པ་ལས་ཤེས་ནུས་ལ། ལེགས་པར་གྲུབ་ན་རོ་གསེར་དུ་འགྱུར་བ་སོགས་དངོས་གྲུབ་འབྱུང་བ། སྟབས་ཉེས་ན་སྒྲུབ་མཁན་ནམ་སྒྲུབ་གཡོག་སྲོག་དང་འབྲལ་བ་སོགས་རོ་ལངས་དང་འབྲེལ་བའི་དོན་གྱི་གནད་རྣམས་གོང་གི་ཡི་གེ་ལ་ཆ་ཚང་བར་འདུ། 《སྦ་བཞེད》ལས་བྱུང་བའི་ངག་རྒྱུན་འདི་ཡིན་པ་རྒྱ་གར་གྱི་ཡིན་ངེས་མོད། ད་ལྟ་རྒྱ་གར་གྱི་ཡིག་ཆ་ལས་དེ་མཐོང་མི་ནུས། འདི་ནི་ཤིན་ཏུ་འགངས་ཆེ་སྟེ། བདག་གིས་བསམས་ན། རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》དང་། བོད་ཀྱི《རོ་སྒྲུང》ཐུན་མོང་གི་ཐོག་མའི་ས་བོན་ནི་འདི་ཡིན་ངེས་སྙམ།  《མཁས་པའི་དགའ་སྟོན》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཕྱིས་ཀྱི་དེབ་ཐེར་གྲགས་ཅན་དག་ཏུའང《སྦ་བཞེད》ལས་བྱུང་བའི་རོ་སྒྲུང་གི་སྐོར་དེ་བཀོད་ཡོད་དོ། །      ཡང་ཇོ་ནང་ཏཱ་ར་ཎ་ཐས་མཛད་པའི《བཅོམ་ལྡན་འདས་སྟོན་ཤཱཀྱ་ཐུབ་པའི་རྣམ་ཐར》ལས།  

མཐར་དེས(ཀུན་དུ་རྒྱུ་མིག་དམར)རོ་ལངས་རྦད་པ་ན། འཕགས་པ་ཤཱ་རིའི་བུས་རོ་ལངས་ལ་ཕུར་བུས་བཏབ་པོ།།  འདི་ནི་ཆོས་ཉིད་དེ་རོ་ལངས་བཏང་བ་ལ་ཕ་རོལ་པོས་ཕུར་བུས་བཏབ་ན། གཏོང་བ་པོ་ཉིད་གསོད་པ་ཡིན་པས་རོ་ལངས་སླར་ལྡོག་སྟེ་མིག་དམར་ལ་སོགས་པ་མུ་སྟེགས་རྣམས་བདས་པས། དེ་དག་འཇིགས་ཤིང་སྐྲག་ནས་མགོན་སྐྱབས་གཞན་མེད་དེ། འཕགས་པ་ཤཱ་རིའི་བུ་ལ་སྐྱབས་སུ་སོང་བས། འཕགས་པས་ཕུར་བུ་ཕྱུང་བ་ན་རོ་ལངས་ཞི་བར་གྱུར་ཏོ །[1]  

ཞེས་འབྱུང་། འདི་ལས་ཀྱང་རོ་ལངས་ནི་མུ་སྟེགས་པ་དང་འབྲེལ་ཡོད་པ་མཐོང་ཐུབ་ལ།དེ་དངོས་གྲུབ་ལེན་སའི་ཡུལ་དུ་བྱེད་པ་ལས་གཞན། སྐབས་འགར་གླང་ཆེན་སྨྱོན་པ་རྦོད་པ་བཞིན་ཐད་ཀར་རང་གི་དགྲ་བོའི་ཐད་དུ་བཏང་ནས་ཕར་གནོད་པ་སྐྱེལ་དུ་འཇུག་པའི་སྲོལ་ཡོད་པའང་ཤེས་ཐུབ། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ》ལས་བྱུང་བའི་རོ་ལངས་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་དང་། དེས་ཆོས་ལུགས་དང་རིག་གནས་ཇི་འདྲ་ཞིག་མཚོན་པར་བྱས་པའི་ཚུལ་ནི་དེ་ལྟར་རོ །  

དོན་ཚན་གསུམ་པ། བོད་ཀྱི་རོ་སྒྲུང་དང་བོད་ཀྱིས་རོ་ལངས་ཀྱི་སྒྲུང་ཉེར་ལྔ་པར་བཅོས་བྱས་པ།

  《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར།།”ཞེས་ཚིགས་བཅད་ཀྱིས་གསུངས་པའི་ཕྱི་ལ་དེའི་གསལ་བྱེད་དུ་“རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་། མཆིལ་བའི་སྒྲུང་སོགས་ཉན་བཤད་དང་།”[2]ཞེས་བོད་ཀྱི་བཙན་པོ་དགུ་པ་སྤུ་དེ་གུང་རྒྱལ་གྱི་རིང་ནས 《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》སོགས་བོད་ལ་དར་བར་བཤད། བོད་ཀྱི་ཆོས་འབྱུང་དེབ་ཐེར་ཁུངས་མ་དག་ལས 《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》གི་སྐོར་གསལ་བོར་གསུངས་པ་ལ་དེབ་ཐེར་འདི་ཉིད་སྔ་བར་སེམས།  འདིར་བཤད་པའི《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ཞེས་པ་དང་། 《གཏམ་གྱི་ཆུ་བོའི་རྒྱ་མཚོ》ལས་བྱུང་བའི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》གཉིས་ནི་སྤྱི་བབ་ཀྱི་ཆ་ནས་འདྲ་མཚུངས་ཡིན་ངེས། དེས་ན་བོད་དུ་སངས་རྒྱས་ཀྱི་བསྟན་པའི་དབུ་བཪྙེས་པ་ནི་བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ཡིན་ལ། བོད་དུ་རྒྱ་གར་གྱི་ནང་པའི་ཆོས་དར་བའི་འགོ་ཚུགས་པའི་དུས་ལས་ཀྱང་ཆེས་ཤིན་ཏུ་སྔ་བའི་བཙན་པོ་སྤུ་དེ་གུང་རྒྱལ་གྱི་རིང་ནས་བོད་ལ་རྒྱ་གར་གྱི་རོ་སྒྲུང་དར་ཡོད་པ་གསལ་བར་བྱས། 《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ནི《ཙིནྟ་མ་ཎིའི་གཟུངས》དང་།《དཔང་སྐོང་ཕྱག་རྒྱ་པ》དང་། 《ཟ་མ་ཏོག་བཀོད་པ》སོགས་དང་མི་འདྲ་སྟེ། འདིའི་ཆོས་ལུགས་དང་རིག་གནས་ཀྱི་རྒྱབ་གཞི་བྲམ་ཟེའི་ཆོས་ལུགས་དང་བྲམ་ཟེའི་རིག་གནས་ཡིན་པར་མ་ཟད། འདི་ནི་འབངས་མིའི་ཁྲོད་དུ་དར་བའི་སྐྱེ་བོ་ཕལ་བའི་རིག་གནས་དང་། ངག་ཐོག་གི་རིག་གནས་ཡིན་པས། བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་དམངས་ཁྲོད་དང་ངག་ཐོག་བརྒྱུད་དེ་རྒྱ་གར་གྱི་བྲམ་ཟེའི་རིག་གནས་དར་བའི་དུས་རིམ་ཞིག་ཡོད་པ་ཡང་བསྐྱར་ར་སྤྲོད་བྱུང་ལ། དུས་ཚིགས་ནི་མ་མཐའ་ཡང་སྤུ་དེ་གུང་རྒྱལ་གྱི་དུས་ནས་ཡིན་པ་གསལ་ཁ་བྱུང་། དེས་ན་ལྷ་ཐོ་ཐོ་རིའི་ཡར་སྔོན་གྱི་བཙན་པོ་ཉེར་བདུན་གྱི་རིང་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཟེར་པའི་སྒྲུང་དེའང་ཆ་ཤས་ཤིག་རྒྱ་གར་ནས་འོང་བར་ཁས་ལེན་དགོས།  

ད་ལྟའི་བར་རང་རེ་ལ་ཡོངས་སུ་གྲགས་པའི《རོ་སྒྲུང》བྱ་བའང་ཡིན་པ་ནི་སྤུ་དེ་གུང་རྒྱལ་གྱི་སྐབས་ནས་ཡོད་པའི《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ཞེས་པ་དེའི་རྒྱུན་ཡིན་པར་སྣང་ལ།  ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་“ཙེང་གི་རྦག་ཞིན་དང་སྤང་གི་བོང་བུ་སྟག་ཅུང”སོགས་ཀྱི་གཏམ་རྒྱུད་ཆ་མི་ཚང་བ་དེའང་ཡིན་རྒྱུ་ནི《རོ་སྒྲུང》གི་དུམ་བུ་ཞིག་ཡིན་པ་ཤིན་ཏུ་གསལ་བས། དེ་ནི་སྤུ་རྒྱལ་བཙན་པོའི་དུས་ནས་རང་རེ་ལ《རོ་སྒྲུང》དར་ཡོད་པའི་དན་རྟགས་ཁུངས་བཙན་ཞིག་ཏུ་སོང་འདུག་པ་འདི་ནི་ཀུན་གྱིས་ངེས་པར་བསམ་པར་བྱ་འོས་པ་ཞིག་གོ ། །བཙན་པོ་སྤུ་དེ་གུང་རྒྱལ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སློབ་དཔོན་ཐོན་མིས་བོད་ལ་ཡི་གེ་བཟོས་པའི་བར་དུ་སྒྲུང་འདི་སྐྱེ་བོ་རྣམས་ཀྱི་ངག་ཐོག་བརྒྱུད་ནས་བྱུང་བ་སྨོས་མ་དགོས་ལ། སློབ་དཔོན་ཐོན་མིས་བོད་ཡིག་བཟོས་པའི་ཕྱི་ནས་ཀྱང་ཡུན་རིང་པོ་ཞིག་ལ་སྐྱེ་བོའི་ཁ་དང་རྣ་བ་ཁོ་ན་བརྒྱུད་ནས་དར་བར་ངེས། དེ་ལྟར་ལོ་ངོ་བརྒྱ་ཕྲག་དུ་མར་བོད་མི་རྣམས་ཀྱི་ཁ་ངག་བརྒྱུད་རྗེས། སྒྲུང་འདིའི་གདོད་མའི་རྣམ་པ་ལ་རྩ་བ་ནས་འགྱུར་ལྡོག་བྱུང་ཞིང་། རིམ་གྱིས་ཡི་གེར་ཡང་བཀོད་དེ་ངག་ཐོག་དང་ཡིག་ཐོག་གཉི་གའི་དར་རྒྱུན་བྱུང་། བོད་ཀྱི་ཡིག་ཐོག་གི 《རོ་སྒྲུང》དང་པོ་དེ་གང་ཡིན་པ་དང་། དེ་དུས་ནམ་ཞིག་ལ་བྱུང་བ་སོགས་ནི་བརྗོད་པར་མི་ནུས་མོད། གང་ལྟར་དེ་ལ་པར་གཞི་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། སྤྱི་ལོ1975ལོར་རྒྱ་གར་ནས་པར་བཤུ་བརྒྱབ་པའི《རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བ་མི་རོ་གསེར་སྒྲུང་ཞེས་བྱ་བ》དང་།  སྔོན་སྡེ་དགེ་པར་ཁང་དུ་བཞུགས་པའི《དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས》སྤྱི་ལོ1980ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉིར་གཅིག་པ་རྒྱས་པར་ཕྱེ་བ》ཡང་ལོ་དེར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《མི་རོ་རྩེ་སྒྲུང》བཅས་པར་གཞི་མི་འདྲ་བ་ཁག་བཞི་ནི་ཁོ་བོའི་མཐོང་ལམ་དུ་གྱུར་ལ། སྔོན་བླ་བྲང་བཀྲ་ཤིས་འཁྱིལ་དུའང《རོ་སྒྲུང》དཔར་མ་ཞིག་ཡོད་པར་གྲགས་པ་ད་རེ་ལག་ཏུ་མ་ཚུད།   པར་གཞི་དེ་དང་སྡེ་དགེའི《རོ་སྒྲུང》གཉིས་ནི་སྔོན་ནས་ཤིང་དཔར་དུ་བཏབ་ཡོད་པས་དཔར་མ་དང་།  གཞན་གསུམ་ག་ལས་རྒྱ་གར་གྱི་དེ་བྲིས་མ་ཡིན་པ་གསལ་ལ།  འཕྲོ་མ་གཉི་གའང་ལྕགས་དཔར་དུ་མ་བཏབ་གོང་ལ་བྲིས་མར་སྣང་།   རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 དང་བོད་ཀྱི་པར་གཞི་མི་འདྲ་བའི《རོ་སྒྲུང》དེ་དག་བསྡུར་ནས་དཔྱད་ན། ཆེས་མངོན་གསལ་དུ་སྣང་བའི་ཐུན་མོང་གི་ཆ་གཉིས་ཡོད། དེ་ལས་གཅིག་ནི་གཏམ་རྒྱུད་ཀྱི་སྒྲོམ་གཞི་འདྲ་མཚུངས་ཡིན་པ་སྟེ། གཏམ་རྒྱུད་རྣམས་ཀྱི་དང་པོ་ནི་གླེང་གཞི་ལྟ་བུའི་གཏམ་རྒྱུད་ཡིན་ཞིང་། དེ་རྒྱུ་བྱེད་ཀྱི་སྐུད་པའམ་ཕྲེང་ཐག་ལྟ་བུར་བྱས་པ་ལ་གཏམ་རྒྱུད་གཞན་རྣམས་ཕྲེང་རྡོག་ལྟར་རེ་རེ་ནས་དེ་ལ་བརྒྱུས་ཡོད་པའོ ། གཞན་ཞིག་ནི་དེ་ལྟ་བུའི་རྒྱུ་བྱེད་ཀྱི་སྐུད་པའམ་ཕྲེང་ཐག་ལྟ་བུ་དེ་རོ་ལངས་ཡིན་པས་སྒྲུང་མཐའ་དག་རོ་ལངས་ཀྱི་ཆིངས་གཅིག་གིས་བཅིངས་འདུག་པ་དེའོ ། །དེ་ལྟ་བུའི་སྒྱུ་རྩལ་གྱི་བཟོ་བཀོད་དེ་ནི་ངོ་མཚར་ཞིང་སྤྲོ་བ་སྐྱེད་པ་ཞིག་སྟེ།  བརྩམས་ཆོས་དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་ཡང་དེ་ལས་མངོན་འདུག  

མཚུངས་ཆོས་དེ་ཡིས་བོད་ཀྱི《རོ་སྒྲུང》 གི་ཁུངས་ནི་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ཡིན་པ་བསྙོན་དུ་མེད་པ་བསྟན། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བོད་ཀྱི་སྐྱེ་བོ་དག་གི་ཁ་དང་རྣ་བ་ལག་པ་གསུམ་ག་བརྒྱུད་བརྒྱུད་པ་ལས་ད་ལྟའི་བར་ལུས་འདུག་པའང་དེ་ཙམ་དུ་ཟད་དོ  ། །   སྤྱིར་རྒྱ་གར་ནས་འོངས་པའི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་དང་དེའི་ཞོར་ལ་འོངས་པའི་བྲམ་ཟེའི་རིག་གནས་གཉིས་ཀྱི་གང་ཡིན་ཡང་།  ཕལ་ཆེ་བ་ནི་དང་པོ་མཁས་པའི་སྐྱེ་བོ་རྣམས་དང་རྗེ་བློན་དག་གི་ཁྲོད་དུ་དར་ཞིང་།  དེ་ནས་རིམ་གྱིས་སྐྱེ་བོ་ཕལ་བ་དང་འབངས་རྣམས་ཀྱི་ཁྲོད་དུ་དར་བ་ཡིན་མོད། 《རོ་སྒྲུང》ནི་ཚུལ་དེ་ལས་ལྡོག་སྟེ། དང་པོ་འབངས་ཀྱི་སྐྱེ་བོའི་ཁྲོད་དུ་དར་ཞིང་། ལོ་ངོ་བརྒྱ་ཕྲག་དུ་མ་ཕྱིན་པའི་རྗེས་ལ།  རིམ་གྱིས་མཁས་པ་རྣམས་ཀྱིས་ངག་ཐོག་གི 《རོ་སྒྲུང》ཡི་གེར་བཀོད། རྒྱ་གར་ནས་བོད་དུ་དར་བའི་རིག་གནས་ཤིག་ལ་འདི་ཁོ་ན་ནི་དམའ་ས་ནས་མཐོ་སར་དར་བ་ཡིན། དང་པོ་བོད་ཀྱི་སྐྱེ་བོ་ཕལ་བ་རྣམས་ཀྱི་ཁ་དང་རྣ་བ་བརྒྱུད་ཅིང་།  དེ་ནས་བོད་ཀྱི་མཁས་པ་དག་གི་སོར་རྩེ་བརྒྱུད་པས།  ད་ལྟའི་བོད་ཀྱི《རོ་སྒྲུང》ལ་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པའི》རུས་སྒྲོམ་ཙམ་མ་གཏོགས་ལུས་མི་འདུག།   རུས་སྒྲོམ་དེ་ནི་གོང་དུ་བཤད་པའི་གླེང་གཞིའི་གཏམ་རྒྱུད་གཅིག་པུས་གཏམ་རྒྱུད་གཞན་རྣམས་ལྷན་ཅིག་ཏུ་བརྒྱུས་པ་དང་། དེ་ཡང་རོ་ལངས་དང་འབྲེལ་བ་དེའོ། ། བོད་ཀྱི་སྐྱེ་བོ་ཕལ་བ་དང་མཁས་པའི་སྐྱེ་བོ་རྣམས་ཀྱིས་རུས་སྒྲོམ་དེ་ཚུར་བླངས་པའི་སྟེང་ལ་ཤ་དང་ཁྲག་གིས་ཞལ་བ་བྱས་ཏེ།  ཤ་དར་ཁྲག་དར་གྱི་བོད་ཀྱི《རོ་སྒྲུང》 བཟོས།  

བོད་ཀྱིས་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པར》བྱེ་བྲག་ཏུ་བཅོས་བསྒྱུར་ཇི་ལྟར་བྱས་པའི་ཚུལ་ནི་འདི་ལྟ་སྟེ།  ལྷ་ས་ནས་དཔེ་སྐྲུན་བྱས་པའི་རོ་སྒྲུང་གི་ཁ་བྱང་ལ“དཔལ་མཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་བཞུགས་པོ །”ཞེས་འབྱུང་བ་བཞིན། འདིའི་མཛད་པ་པོ་སློབ་དཔོན་ཀླུ་སྒྲུབ་ཡིན་པར་བྱས་པས། མ་བརྟགས་མ་དཔྱད་པ་ཀུན་གྱི་བློ་ངོར《རོ་སྒྲུང》ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཡིན་པ་ལྟ་བུ་ཞིག་ཆགས་འདུག ། འཕགས་པ་ཀླུ་སྒྲུབ་ནི་རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་རྒྱན་དྲུག་མཆོག་གཉིས་ལས་ཤིང་རྟ་ཆེན་པོ་གཉིས་ཀྱི་ཡ་གྱལ་དང་། དབུ་མ་པའི་གྲུབ་མཐའི་སྲོལ་འབྱེད་ཡིན་པས།  སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པར་གྲགས།  འདི་པར《མདོ་ཀུན་ལས་བཏུས་པ》དང་། 《དབུ་མ་རིགས་པའི་ཚོགས་དྲུག》 《རིམ་པ་ལྔ་པ》 སོགས་བརྩམས་ཆོས་གྲགས་ཅན་མང་པོ་ཡོད་པ་ཆ་ཚང་བར་བོད་སྐད་དུ་འགྱུར་ཞིང 《བསྟན་འགྱུར》དུ་བསྡུས་ཡོད། 《རོ་སྒྲུང》ཡང་དངོས་གནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ན།  དེ་ཡང《བསྟན་འགྱུར》དུ་བསྡུ་བར་འོས་མོད།   ད་ལྟའི་བར་བྱུང་བའི《བསྟན་འགྱུར》གྱི་པར་གཞི་དང་དཀར་ཆག་མི་འདྲ་བ་གང་དུའང་འདི་ཉིད་མ་བསྡུས་ལ།  དེ་བཞིན་རྒྱའི་བཀའ་བསྟན་སོགས་མི་རིགས་གཞན་གྱི་སྐད་དུ་འགྱུར་བའི་བཀའ་བསྟན་དུའང་འདི་ཉིད་བསྡུས་པ་མ་མཐོང་།  མཚོ་སྔོན་གྱི《རོ་སྒྲུང》དུ་རྩོམ་མཁན་སུ་ཡིན་གྱི་སྒྲོས་མ་བྱུང་ཞིང་།  སྡེ་དགེའི《རོ་སྒྲུང》དུའང་རྩོམ་མཁན་འདི་ཡིན་ཞེས་གསལ་བོར་མ་བཤད་ཀྱང་དོན་ལ་སློབ་དཔོན་ཀླུ་སྒྲུབ་ཡིན་པ་བསྟན་འདུག །  རྒྱ་གར་གྱི《རོ་སྒྲུང》བྲིས་མར་“ཀླུ་སྒྲུབ་སྙིང་པོ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་”ཞེས་རྩོམ་མཁན་དེ་གཉི་ག་ཡིན་པར་བཤད། དེས་ན་བོད་ཀྱིས་བྱས་པའི་བཟོ་བཅོས་དང་པོ་ནི་དེ་ཡིན་ནོ །  རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པའི》གླེང་གཞིའི་གཏམ་རྒྱུད་ནི་རྒྱལ་པོ་རྣམ་གནོན་ཉི་མ་ལ་བཟོད་པ་ཚུལ་ཁྲིམས[1]བྱ་བའི་སྒོམ་སྒྲུབ་པ་ཞིག་གིས་ཉིན་རེ་རེར་ཤིང་ཏོག་ཕུལ་བ་ལས་ཉེ་བར་བརྩམས་ཤིང་། རོ་ལེན་དུ་འགྲོ་མཁན་རྒྱལ་པོ་རྣམ་གནོན་ཉི་མ་དང་། རོ་ལེན་དུ་འགྲོ་བར་རྫོང་མཁན་ནི་སྒོམ་སྒྲུབ་པ་བཟོད་པ་ཚུལ་ཁྲིམས་ཞེས་པའོ །  བོད་ཀྱི《རོ་སྒྲུང》གི་གླེང་གཞིའི་གཏམ་རྒྱུད་ནི་མི་འདྲ་བ་གཉིས་སུ་སྣང་སྟེ།  གཅིག་ནི་རྒྱལ་པོའི་བུ་དང་།  ཕྱུག་པོའི་བུ་དང་།  སྤྲང་པོའི་བུ་གསུམ་གྱིས་བྱ་རོག་གི་ཚང་བརྡུངས་པ་དང་།  ཅིག་ཤོས་ནི་ཕུ་ནུ་གཉིས་ཀྱིས་སྒྱུ་མ་མཁན་སྤུན་བདུན་གྱིས་ནས་སྒྱུ་མ་བསླབས་པ་ལས་བརྩམས་པའོ། །  རོ་ལེན་དུ་འགྲོ་མཁན་རྒྱལ་བུ་བདེ་སྤྱོད་བཟང་པོ་སྟེ། གླེང་གཞིའི་གཏམ་རྒྱུད་དང་པོ་ལས་བྱུང་བའི་སྤྲང་པོའི་བུ་ཟླ་བ་གྲགས་པ་དང་། གཉིས་པ་ལས་བྱུང་བའི་ཕུ་ནུ་གཉིས་ཀྱི་ནུ་བོ་དོན་གྲུབ་ཡིན་ལ། རོ་ལེན་དུ་འགྲོ་བར་རྫོང་མཁན་ནི་གཏམ་རྒྱུད་གཉི་གར་ཡང་སློབ་དཔོན་ཀླུ་སྒྲུབ་བོ ། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལས་བྱུང་བའི་སྒོམ་སྒྲུབ་པ་བཟོད་པ་ཚུལ་ཁྲིམས་ཀྱི་ཚབ་ཏུ་ནང་པའི་སློབ་དཔོན་སྒྲུབ་པ་པོ་ཀླུ་སྒྲུབ་དང་།  རྒྱལ་པོ་རྣམ་གནོན་ཉི་མའི་ཚབ་ཏུ་རྒྱལ་པོ་བདེ་སྤྱོད་བཟང་པོ་བཅུག །  མཚོ་སྔོན་ནས་དཔེ་སྐྲུན་བགྱིས་པའི《མི་རོ་རྩེ་སྒྲུང》དུ་བདེ་སྤྱོད་བཟང་པོ་ཞེས་པ་ཙམ་ལས་རྒྱལ་པོའམ་རྒྱལ་བུའི་ཐ་སྙད་སྦྱར་མི་འདུག །  རྒྱ་གར་ལ་སྔོན་རྒྱལ་པོ་རྣམ་གནོན་ཉི་མ་ཟེར་བ་ཞིག་དངོས་གནས་བྱུང་མོད། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ལས་བཤད་པ་དང་འདི་གཉིས་གཅིག་ཡིན་པའི་སྒྲོས་ཅུང་ཟད་ཀྱང་མེད་ལ། སྒོམ་སྒྲུབ་པ་བཟོད་པ་ཚུལ་ཁྲིམས་ནི་རྟོག་བཟོ་ཁོ་ནར་ངེས་བསམ།  འོན་ཀྱང་སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ནི་ལོ་རྒྱུས་ལས་བྱུང་བའི་མི་སྣ་ཡིན་པ་ཙམ་དུ་མ་ཟད། མཛའ་བཤེས་སུ་གྱུར་པ་ཞིག་ཀྱང་ངེས་པར་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི《བཤེས་པའི་སྤྲིངས་ཡིག》 དང 《གཏམ་རིན་པོ་ཆེའི་ཕྲེང་བ》གཉིས་ནི་མཛའ་བོ་རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་དུ་མཛད་པ་ཀུན་ལ་ཡོངས་སུ་གྲགས་པ་བཞིན་ནོ། ། མི་རོ་ལ་གསེར་སྒྲུབ་མཁན་སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་པོ་བདེ་སྤྱོད་གཉིས་ཡིན་པའི་སྒྲོས་ནི་ཅུང་ཟད་སྔ་མོ་ཞིག་ནས་བྱུང་ཡོད་པར་མངོན་ཏེ། 《འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས》ཀྱི་ལེའུ་ཉེར་གཉིས་པའམ་ཁུ་ཆོས་གཉིས་པ་གྲོང་ཁྱེར་བདེ་ལྡན་དུ་དགེ་བའི་བཤེས་གཉེན་དམ་པ་རྒྱལ་བུ་སྐྱབས་སྦྱིན་དུ་སྐུ་སྐྱེ་བ་བཞེས་པ་ཞེས་པར་ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་དེའི་སྐོར་རགས་པ་ཞིག་གསུངས་པ་བཀོད་ཡོད་ཅིང་། ཡང་རྣམ་པ་གཅིག་ཏུ་ན་སྒྲོས་དེ་ལ་རྒྱ་གར་གྱི་ཁུངས་ཤིག་མཆིས་ཀྱང་ཆ་མ་འཚལ་ཏེ། གོང་གི་སྐྱེས་རབས་དེར་རྔོག་ལོས“གོང་གི་གཏམ་རྒྱུད་དེ་པཎྜི་ཏ་ཅིག་ལ་ཡམ་མེ་ཐོས”ཞེས་གསུངས་པའི་ཕྱིར་རོ།།  འོན་ཀྱང་དེ་ཙམ་གྱིས“རོ་སྒྲུང”གི་མཛད་པ་པོ་སློབ་དཔོན་ཀླུ་སྒྲུབ་ཡིན་དགོས་པར་ག་ལ་འགྱུར།  

《རོ་སྒྲུང》ལས་བྱུང་བའི་གཏམ་རྒྱུད་བྱེ་བྲག་པ་རྣམས་ལ་རང་རང་སོ་སོའི་མི་སྣ་ཡོད་མོད། 《རོ་སྒྲུང》སྤྱིའི་མི་སྣ་གཙོ་བོ་ནི་སྒོམ་སྒྲུབ་པ་དང་། རྒྱལ་པོ་དང་། རོ་ལངས་གསུམ་གྱིས་གྲུབ་པས། རོ་ལངས་གཅིག་པུ་སོར་བཞག་བྱས་ཏེ། སྒོམ་སྒྲུབ་པའི་ཚབ་ཏུ་སྒོམ་སྒྲུབ་པ་གསར་བ་དང་། རྒྱལ་པོའི་ཚབ་ཏུ་རྒྱལ་པོ་གསར་བ་བཅུག་སྟེ།  གཏམ་རྒྱུད་སྤྱིའི་མི་སྣ་གཙོ་བོ་ལས་སུམ་གཉིས་བརྗེས་པ་དེའང་གཏམ་རྒྱུད་ཀྱི་རྣམ་པ་གཞན་ཞིག་ཏུ་བྱེད་པའི་ཐབས་བཟང་པོ་ཞིག་གོ ། ། རོ་ལངས་ནི་རོ་ལངས་ཉིད་དུ་བསྐྱུར་འདུག་པ་གནད་ཤིན་ཏུ་ཆེ་སྟེ། གལ་ཏེ་དེ་ཡང་གཞན་དུ་བྱས་ན། གཏམ་རྒྱུད་ཀྱི་རོ་དང་། སྤྲོ་བྱེད་དང་། མཚར་བྱེད་མཐའ་དག་རྩ་བ་ནས་ཉམས་པར་འགྱུར། འོན་ཀྱང་རོ་ལངས་ལའང་བཟོ་བཅོས་ཅུང་ཟད་ཅིག་བྱས་ཡོད་དེ། མིང་ལ་རོ་རྒན་དངོས་གྲུབ་རྒྱ་མཚོ་ཞེས་བཏགས་ནས་མི་གཤིས་ཅན་དུ་བྱས་པས། སྔོན་གྱི་འཇིགས་ཤིང་སྐྱི་གཡའ་བའི་རོ་ལངས་དེ་ཅུང་ཟད་སྲུན་པོར་བཏང་།   

བརྩམས་ཆོས་ཀྱི་ཀ་གདུང་རྣམས་གཞན་དུ་བསྒྱུར་པས།  བསྟན་བྱ་དང་བརྗོད་བྱ་གཞན་དུ་བསྒྱུར་རྒྱུ་ངང་ཤུགས་ཀྱིས་གྲུབ།  ལྷ་སའི《རོ་སྒྲུང》གི་པར་བྱང་དུ།  

བསྟན་འདིར་སྟོན་པ་གཉིས་པར་གྲགས་པ་ཡི། །  འགྲོ་བའི་མགོན་པོ་ཀླུ་སྒྲུབ་སྙིང་པོ་དེས། །  

རྒྱུ་འབྲས་ཡིད་ཆེས་བླངས་དོར་བྱ་བ་དང་། །མི་ཆོས་ཕྱི་ཐག་གཞུང་བསྲིང་བྱ་བའི་ཕྱིར། །  

འབྲས་བུ་དགེ་འབྱུང་བསམ་པ་འགྲུབ་པ་ཡིས། །ངོ་མཚར་དགེ་འབྱུང་བསྟན་བཅོས་འཕྲེང་བ་མཛད། །[1]  

ཅེས་འབྱུང་བ་ལྟར། བོད་ཀྱི《རོ་སྒྲུང》པར་གཞི་མི་འདྲ་བ་དེ་དག་གི་སྤྱིའི་བསྟན་བྱ་སྡུག་རུས་དང་སྙིང་སྟོབས་ཅན་ལ་མི་འགྲུབ་པའི་དོན་གང་ཡང་མེད་པ་ལས་འགྲོ་བའི་དོན་དུ་དཀའ་བ་མཐར་ཕྱིན་པ་སྤྱད་པར་འོས་པ་དང་།  བྱེ་བྲག་གི་བསྟན་བྱ་ལྷ་ཆོས་རྒྱུ་འབྲས་བླང་དོར་ལ་ཡིད་ཆེས་པ་དང་། མི་ཆོས་ཕྱི་ཐག་རིང་ཞིང་གཞུང་བཟང་བར་བྱ་བ་ཉིད་དུ་བསྒྱུར།  བསྟན་བྱ་ནི་བརྗོད་བྱ་ལ་བལྟོས་པས།   བོད་ཀྱི《རོ་སྒྲུང》དག་ཏུ་བྱུང་བའི་གཏམ་རྒྱུད་རྣམས་ནི་དེ་ལྟ་བུའི་བསྟན་བྱ་དང་མཐུན་པའི་བརྫོད་བྱ་ཅན་གྱི་གཏམ་རྒྱུད་ཁོ་ནར་སྣང་། དེས་ན་སྔར་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལས་བྱུང་བའི་གཏམ་རྒྱུད་ཉེར་ལྔ་པོ་དེ་ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་རྗེས། རང་བཞིན་གྱིས་བོར་བའམ་ཆེད་དུ་དོར་བའང་སྲིད་དེ།  གང་ལྟར་ད་ལྟ་བོད་ཀྱི《རོ་སྒྲུང》 དུ་ཕལ་ཆེ་བ་ལྷག་མི་འདུག །  དེ་བས་བོད་ཀྱི《རོ་སྒྲུང》 ནི་བརྗོད་བྱའི་ཆ་ནས་ཀྱང་ཡོངས་སུ་རྣམ་པ་གཞན་དུ་བསྒྱུར་འདུག ། མ་ཞོ་ལིང་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། ཐུན་ཅིན་ཧྭ་སོགས་ཀྱིས་གཙོ་སྒྲིག་བས་པར་བཤད་ཀྱང་དོན་ལ་སྐུ་ཞབས་ཐིན་ཅིན་ཧྭས་གཙོ་སྒྲིག་བྱས་པའི་རྒྱ་ཡིག་གི 《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཀྱི་ལེའུ་ལྔ་པའི་དོན་ཚན་གཉིས་པ 《རོ་སྒྲུང》གི་སྐབས་སུ། རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལས་བྱུང་བའི་གཏམ་རྒྱུད་རྣམས་ཀྱི་བརྗོད་བྱ་དང་བོད་ཀྱི《རོ་སྒྲུང》ལས་བྱུང་བའི་གཏམ་རྒྱུད་རྣམས་ཀྱི་བརྗོད་བྱ་འདྲ་མཚུངས་ཡིན་མིན་བཤད་མ་ནུས་པར་ལུས་འདུག་མོད།  ད་རེ་ཁོ་བོས་ཉི་ཧོང་གི་སྐད་དུ་འགྱུར་བའི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》བཀླགས་ཤིང་། དེ་བོད་ཀྱི《རོ་སྒྲུང》རྣམས་དང་བསྡུར་རྗེས།  བོད་ཀྱི《རོ་སྒྲུང》དག་ལས་བྱུང་བའི་གཏམ་རྒྱུད་རྣམས་ནི་ཕལ་ཆེ་བ་བོད་རང་གིས་གསར་དུ་བསྒྲིགས་པར་འདུག་ཅིང་། 《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》ལས་བླངས་པ་རེ་གཉིས་ལས་མེད་པ་གསལ་བོར་རྟོགས། 《རྩོམ་རིག་ལོ་རྒྱུས》དེ་ལས་ཀྱང《རོ་སྒྲུང》གི་སྒྲིག་པ་པོ་སློབ་དཔོན་ཀླུ་སྒྲུབ་ཡིན་པར་ཁས་བླངས་ཡོད་མོད། དེ་མི་འཐད་ཚུལ་གོང་དུ་བཀོད་ཟིན་ཏོ། ། རོ་ཁུར་ནས་འོང་མཁན་གྱི་ཁ་ནས་གཏམ་ཤོར་ཚུལ་ལའང་བོད་ཀྱིས་བཟོ་བཅོས་བྱས་འདུག་སྟེ། 《རོ་ལངས་ཀྱི་སྒྲུང་ཉིར་ལྔ་པ》ལས་རོ་ལངས་ཀྱིས་གཏམ་རྒྱུད་རེ་རེ་བཤད་ཚར་རྗེས་རོ་འཁུར་མཁན་ལ་གཏམ་རྒྱུད་དེའི་བརྗོད་བྱ་ལས་བརྩམས་པའི་དྲི་བ་རེ་བཏོན་ཏེ། གལ་ཏེ་ཤེས་བཞིན་དུ་ལན་མ་བཏབ་ན་མགོ་བོ་ཚལ་བར་གས་པར་འགྱུར་ཟེར་བ་ལ། ལན་བཏབ་པ་ན་ཁ་ནས་གཏམ་ཤོར་བས། རོ་ལངས་སླར་ལོག་པར་བཤད་མོད། བོད་ཀྱི《རོ་སྒྲུང》དག་ཏུ་རོ་ལངས་ཀྱིས་གཏམ་རྒྱུད་རེ་བཤད་ཚར་རྗེས་རོ་འཁུར་མཁན་གཏམ་རྒྱུད་ཀྱི་བརྗོད་བྱ་མཚར་པོ་ལ་སེམས་གཡེང་ནས་ཁ་ནས་སྐད་ཆ་ཤོར་བར་བྱས་འདུག་པས།  གཅིག་བཙན་གྱིས་འཆོར་དུ་བཅུག་པ་ལྟ་བུ་དང་། གཅིག་རང་དབང་མེད་པར་ཤོར་བར་སྣང་།  རོ་ལེན་སའི་དུར་ཁྲོད་ཀྱི་མིང་ལ་དུར་ཁྲོད་བསིལ་བ་ཚལ་བཏགས་པ་སོགས་བོད་ཀྱི《རོ་སྒྲུང》ལས་མིའི་མིང་དང་ཡུལ་གྱི་མིང་སོགས་ཀྱང་བོད་རང་གི་ཁམས་དང་མཐུན་པར་བཅོས།  གཏམ་རྒྱུད་ཀྱི་ཁ་གྲངས་ཀྱི་ཆ་ནས་ཀྱང་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པར》གཏམ་རྒྱུད་ཉེར་ལྔ་མ་གཏོགས་མེད་མོད།   བོད་ཀྱི《རོ་སྒྲུང》ནི་རྒྱ་གར་ནས་པར་བཤུ་བྱས་པའི《རོ་སྒྲུང》གཅིག་པུ་ལའང་གཏམ་རྒྱུད་སོ་བདུན་ཡོད་དོ།། 

མདོར་ན།  བོད་མི་ཚོས་དེ་ལྟར་དུ་མ་གཞི་བྲམ་ཟེའི་ཆོས་ལུགས་ཀྱི་རྩོམ་རིག་གི་བརྩམས་ཆོས་ཡིན་པ་ཞིག་རྩོམ་མཁན་དང་།  མི་སྣ།  བསྟན་བྱ།  བརྗོད་བྱ།  གཏམ་རྒྱུད་རེ་རེའི་མཇུག་བསྡུ་ཚུལ། གཏམ་རྒྱུད་ལས་བྱུང་བའི་མི་དང་ཡུལ་གྱི་མིང་། གཏམ་རྒྱུད་ཀྱི་ཁ་གྲངས་སོགས་ཆ་མང་པོ་ནས་རྣམ་པ་གཞན་དུ་བྱས་ཏེ། མཐར་བརྩམས་ཆོས་ལ་དང་པོ་ནས་ཡོད་པའི་སྒྱུ་རྩལ་གྱི་རོ་ཉམས་ཀྱང་མ་ཡལ་ལ།  བོད་རང་གི་ཁམས་དང་ཡང་མཐུན་པའི་སངས་རྒྱས་ཆོས་ལུགས་ཀྱི་རྩོམ་རིག་ཅིག་ཏུ་བསྒྱུར་པས། བོད་མིས་བཟོ་བཅོས་བྱས་པ་ནི་ལེགས་པར་ཡོངས་སུ་གྲུབ་པ་ཞིག་གོ །  བོད་མིས《རོ་སྒྲུང》ལ་ཇི་ལྟར་བཟོ་བཅོས་བྱས་པ་དེའང་གནད་བསྡུས་ན་བོད་ཀྱི་གཏམ་རྒྱུད(བོད་སྒྲུང)དུ་བཅོས་པ་དང་། ནང་པའི་གཏམ་རྒྱུད(ཆོས་སྒྲུང)དུ་བཅོས་པ་གཉིས་སུ་འདུ་ཞིང་།  དེ་ཡང་དང་པོ་ནི་གཙོ་བོ་བོད་ཀྱི་འབངས་ཕལ་བ་རྣམས་ཀྱིས་ངག་ཐོག་ནས་བཅོས་པ་དང་། གཉིས་པ་ནི་གཙོ་བོ་བོད་ཀྱི་མཁས་པ་ཁ་ཅིག་གིས་ཡིག་ཐོག་ནས་བཅོས་ཏེ་གྲུབ་པར་བསམས་ནུས། ཆོས་ལུགས་དང་རིག་གནས་ཀྱི་རྒྱབ་རྩ་མི་གཅིག་པའི་རྩོམ་རིག་གི་བརྩམས་ཆོས་གྲགས་ཅན་དེ་ལྟ་བུ་མཐའ་མར་བོད་རང་གི་དྲི་རོ་དང་ཁ་དོག་ཅན་དུ་བྱེད་པའི་ནུས་པ་དེ་ལ་རིག་གནས་ཀྱི་འཇུ་སྟོབས་ཞེས་གདགས་སུ་རུང་ཞིང་། དེ་ནི་རིག་གནས་ཤིག་གི་སྟོབས་ཤུགས་ཀྱི་མངོན་རྟགས་ཀྱང་ཡིན་ཏེ། མི་རིགས་གང་ཡིན་ཡང་སྐད་ཆ་དང་།  ཡི་གེ།  རིག་གནས་བཅས་ཉམས་དམས་སུ་འགྲོ་བའི་དུས་ལ་ཕར་འགྱུར་རྒྱུ་མ་གཏོགས་ཚུར་བསྒྱུར་རྒྱུ་དཀའ་འོ། །     འོན་ཀྱང་། བོད་རྣམས་ཀྱིས་རྒྱ་གར་ནས་འོངས་པའི་བཀའ་དང་བསྟན་བཅོས་སོགས་ནང་པ་སངས་རྒྱས་པའི་གཞུང་རྣམས་ནི་ཤིན་ཏུ་རྩིས་ཆེན་དུ་བྱས་ཏེ།  བམ་པོའི་གྲངས་དང་། ཤོ་ལོ་ཀའི་གྲངས་དང་། ཚེག་བར་གྱི་གྲངས་ཀ་ཚུན་ཆད་ལ་གང་གཟབ་དང་ནན་ཏན་བྱས་འདུག་པ་ལ། འགའ་ཞིག་གིས་དེ་ལའང་བཟོ་བཅོས་བྱ་རྩིས་ཀྱིས་ཆོས་ལོག་སྤེལ་བའང་ཡོད་མོད། འཕྲལ་འཕྲལ་དུ་དག་སེལ་བྱས་པས་རྩ་བའི་ཆ་ནས་རྒྱ་གར་གྱི་ཇི་ལྟ་བ་ཡིན་པར་སེམས། ལར་རིག་གནས་ལ་བཟོ་བཅོས་རུང་མི་རུང་གི་ཆ་གཉིས་ཡོད་དེ།    བོད་ཀྱི 《རོ་སྒྲུང》དུ་རྒྱལ་པོ་རྣམ་གནོན་ཉི་མ་རྒྱལ་པོ་བདེ་སྤྱོད་བཟང་པོར་བསྒྱུར་པ་ལྟ་བུ་ནི་རུང་ཡང་། བོད་ཡིག་ནི་དབྱངས་གསལ་གྲངས་སོ་བཞིར་ངེས་པ་དང་། གཅིག་ལ་གཅིག་བསྣན་ན་གཉིས་ཡིན་པ་ལྟ་བུ་ནི་བཟོ་བཅོས་བར་མི་རུང་བའོ།། ལར་རང་རེའི་སྐྱེ་བོ་ཕལ་མོ་ཆེས་དམ་པའི་ཆོས་ནི་སྐྱེ་བ་གཏན་གྱི་ལེགས་ཉིས་ལ་རག་ལས་པར་བསམས་ནས། དཔྲལ་བའི་མིག་དང་ཁོང་གི་སྙིང་ལས་ཀྱང་གཅེས་པར་མཐོང་བ་ལས་བཟོ་བཅོས་སུ་རུང་བའི་ཡུལ་དུ་གཏན་ནས་མི་འཛིན་ནོ། །

དོན་ཚན་བཞི་པ། རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ་དང་བོད་ཀྱི་རོ་སྒྲུང་ཡུལ་གཞན་ལ་དར་བ།

《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པས》འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ལ་ཤན་ཆེན་པོ་ཐེབས་འདུག་སྟེ། དེ་བོད་དུ་ཇི་ལྟར་དར་བའི་ཚུལ་ནི་གོང་དུ་སོང་བ་ལྟར་དང་། དུས་རབས་བཅུ་གསུམ་པའི་ཕྱེད་ཕྱི་མ་ནས་བོད་ཀྱི་རིག་གནས་སོག་ཡུལ་དུ་དར་བའི་འགོ་ཚུགས་ཤིང་། དུས་རབས་བཅུ་བཞི་པ་ནས་བཅོ་ལྔ་པའི་སྐབས་ཙམ་ཞིག་ལ། བོད་ཡིག་གི《རོ་སྒྲུང》སོག་ཡིག་ཏུ་བསྒྱུར།   སོག་ཡིག་གི《རོ་སྒྲུང》ལ་འགྱུར་མི་འདྲ་བ་ཉུང་མཐའང་བདུན་དང་། པར་གཞི་མི་འདྲ་བ་སུམ་ཅུ་ལྷག་ཡོད་ཅིང་། དེ་དག་ཀྱང་བྲིས་མ་རྐྱང་ལས་ཤིང་དཔར་དུ་བཏབ་པ་ཞིག་ད་བར་དུ་མ་ཪྙེད། དེ་ཡང་ལེའུའི་གྲངས་ཀ་བཅུ་གསུམ་ཅན་དང་།  ཉེར་གཅིག་ཅན།  ཉེར་གཉིས་ཅན།  ཉེར་དྲུག་ཅན།  སུམ་ཅུ་ཅན།   སོ་ལྔ་ཅན་སོགས་མི་འདྲ་བ་དུ་མ་ཡོད་པ་ལས། ལེའུ་བཅུ་གསུམ་ཅན་དང་།  ཉེར་གཅིག་ཅན་དང་། ཉེར་དྲུག་ཅན་གསུམ་ཁྱབ་གདལ་ཆེ་ཞིང་།  དེ་ལས་ཀྱང་དར་ཁྱབ་དང་ཤན་ཤུགས་ཆེས་ཆེ་བ་ནི་ལེའུ་ཉེར་དྲུག་ཅན་ཁོ་ནའོ།། པར་གཞི་མི་འདྲ་བ་ཡོད་དོ་ཅོག་གི་ལེའུ་སྔ་མ་བཅུ་གསུམ་འདྲ་མཚུངས་ཡིན་པ་སྔོན་ཨ་མདོའི་ཕྱོགས་སུ《རོ་སྒྲུང》ལེའུ་བཅུ་གསུམ་ཅན་ཞིག་དར་ཁྱབ་ཆེ་བར་གྲགས་པ་དེ་ཇི་བཞིན་དུ་བོད་ཡིག་ནས་སོག་ཡིག་ཏུ་བསྒྱུར་བར་སྣང་།  ལེའུ་གཞན་མ་རྣམས་ནི་རྒྱ་གར་དང་བོད་ཀྱི་གཏམ་རྒྱུད་གཞན་ལས་བླངས་པ་དང་། སོག་པོ་རང་གི་གཏམ་རྒྱུད་འདིའི་གྲས་སུ་བཙུད་པའང་ཡོད།    བོད་ལ《རོ་སྒྲུང》ལེའུ་ཉེར་གཅིག་ཅན་དེ་དར་ཆེ་ཡང་། སོག་ཡུལ་དུ་པར་གཞི་དེ་ཕལ་ཆེར་དར་ཁྱབ་མ་བྱུང་། གོང་དུ་སོག་ཡིག་གི《རོ་སྒྲུང》ལེའུ་ཉེར་གཅིག་ཅན་ཞིག་གླེང་བ་དེ་ནི་བོད་ཀྱི《རོ་སྒྲུང》ལེའུ་ཉེར་གཅིག་ཅན་དང་མི་འདྲའོ། ། བོད་ཀྱི《རོ་སྒྲུང》སོག་ཡུལ་དུ་དར་རྗེས་གཏམ་རྒྱུད་ཀྱི་དང་པོའི་སྒྲོམ་གཞི་ལ་རྩ་བའི་ཆ་ནས་བཟོ་བཅོས་མ་བྱས་ཀྱང་།  ཅུང་ཟད་གཞན་དུ་འགྱུ་ར་བ་ཡོད་དེ།   དུས་རབས་ཉི་ཤུ་པའི་དུས་མགོར་ཡི་གེར་བཀོད་པའི་སོག་ཡིག་གི《རོ་སྒྲུང》ཞིག་ཏུ། རོ་དངོས་གྲུབ་ཅན་མི་འབྱུང་ཞིང་།  མིང་ལ་ཀོང་གུར་དུ་གྲགས་པའི་ལྷ་བ་ཞིག་གིས་དེའི་ཚབ་མ་བྱས་འདུག[1]  

《རོ་སྒྲུང》ནི་སོག་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་བས། སོག་པོའི་གཏམ་རྒྱུད་དང་སྒྲུང་རབས་ཆེན་མོ་སོགས་ངག་ཐོག་གི་བརྩམས་ཆོས་དག་ལ་ཤན་ཆེན་མོ་བཟོས་འདུག་སྟེ། 《དཔལ་ལྷ་ཀུན་བཟང་གི་གཏམ་རྒྱུད》དུ་ཡོད་པའི་“རྒྱལ་པོ་ལ་ཏ་ན་གནམ་ལ་བསྐྱལ་བ”ཞེས་པ་ནི“ལྷ་བཟོ་ཀུན་དགའ་དང་ཤིང་བཟོ་ཀུན་དགའ་”ལས་འོངས་པ་གསལ་ལ། སོག་ཡིག་གི《གེ་སར་གྱི་སྒྲུང》ལས་བྱུང་བའི་གཏམ་རྒྱུད་ཀྱི་ས་བོན་མང་པོ་ཞིག《རོ་སྒྲུང》ལས་བླངས་ཤིང་།“མ་སང་ཡ་རུ་ཁ་ཁྲའི”གཏམ་རྒྱུད་ཀྱི་བྱུང་རིམ 《གེ་སར་གྱི་སྒྲུང》དང《ཇང་གུར་གྱི་སྒྲུང》གཉི་ག་ལས་མཐོང་ཐུབ། 《རོ་སྒྲུང》གིས་སོག་པོའི་མཁས་པས་མཛད་པའི་ཡིག་ཐོག་གི་བརྩམས་ཆོས་ལའང་ཤན་བཟོས་ཡོད་དེ། ཁལ་ཁ་ངག་དབང་རྒྱ་མཚོས 《རོ་སྒྲུང》ལས་བྱུང་བའི་“ཉི་མ་འོད་ཟེར་དང་ཟླ་བ་འོད་ཟེར”ལ་སྦྱར་བའི་སྙན་ངག་རིང་པོ་མཛད་ཡོད་པ་ལྟ་བུའོ །[2]སློབ་འབྲིང་གི་སོག་ཡིག་སློབ་དེབ་ཏུ“མོ་སྟོན་ཕག་མགོའི”གཏམ་རྒྱུད་བདམས་ཡོད་པས།  ད་ལྟའི་ཚེ་ནའང་སོག་པོ་རྣམས《རོ་སྒྲུང》གླེང་ན་མོ་སྟོན་ཕག་མགོ་དྲན་པ་དང་། མོ་སྟོན་ཕག་མགོ་གླེང་ན 《རོ་སྒྲུང》དྲན་པ་ཙམ་དུ་འདི་ལ་རྒྱུས་མངའ་ཆེ།“རྫུན་མི་སྨྲ་བའི་རྟ་རྫི”དང་།“རྐྱལ་པོ་ཆོས་བཟང་བསམ་གཏན་དང་མེ་ཏོག་ས་ལེ་སྒྲོལ་མ”སོགས་སོག་ཡིག་གི《རོ་སྒྲུང》དུ་མ་བསྡུས་པའི་བོད་ཀྱི《རོ་སྒྲུང》ལས་བྱུང་བའི་གཏམ་རྒྱུད་དག་ཀྱང་སོག་པོ་རྣམས་ཀྱི་ངག་རྒྱུན་དུ་དར་ཁྱབ་ཤིན་ཏུ་ཆེ་བར་གྲགས།  

བོད་ཀྱི《རོ་སྒྲུང》ནི་སྔོན་མཉྫུའི་སྐད་དུའང་འགྱུར་ཞིང་། མཉྫུའི་ཡུལ་ལའང་དར་ཁྱབ་བྱུང་།  མཉྫུའི་ཡི་གེའི《རོ་སྒྲུང》གི་མིང་ལ《མཉྫུའི་སངས་རྒྱས་ཀྱི་སྒྲུང་ཉེར་གཅིག》ཅེས་བྱ་ཞིང་། བྲིས་མ་ལས་མི་འདུག་ལ། ཉི་ཆར་རྒྱའི་མཁས་པ་ཅི་ཡུན་ཧེ་བྱ་བས་རྒྱ་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་འདུག །   མཉྫུའི་ཡེ་གེའི《རོ་སྒྲུང》 ནི་སོག་ཡིག་གི 《རོ་སྒྲུང》གཞིར་བྱས་ནས་མཉྫུའི་སྐད་དུ་བསྒྱུར་བར་ངེས་པས།  འབྱུང་ཁུངས་ཀྱི་དབང་དུ་བྱས་ན་དང་པོར་ཨ་མདོའི་ཡུལ་དུ་དར་ཆེ་བའི《རོ་སྒྲུང》ལེའུ་བཅུ་གསུམ་ཅན་དེ་སོག་ཡིག་ཏུ་བསྒྱུར་ཅིང་།  དེ་གཞིར་བྱས་ནས་སོག་ཡིག་གི 《རོ་སྒྲུང》ལེའུ་ཉེར་གཅིག་ཅན་དེ་བྱུང་། ཡང་སོག་ཡིག་གི 《རོ་སྒྲུང》ལེའུ་ཉིར་གཅིག་ཅན་དེ་མཉྫུའི་སྐད་དུ་བསྒྱུར་བ་ལས་མཉྫུའི་ཡེ་གེའི《རོ་སྒྲུང》ལེའུ་ཉེར་གཅིག་ཅན་དེ་བྱུང་བ་ཡིན་ནོ །  མཉྫུའི་ཡི་གེའི《རོ་སྒྲུང》བྱུང་བའི་དུས་ཚིགས་ནི་མཉྫུའི་གོང་མ་ཁང་ཤིའམ་བདེ་སྐྱིད་རྒྱལ་པོ་ཁྲིར་བཞུགས་ནས་ཆེར་མ་འགྱངས་པའི་དུས་སམ་དེ་ལས་ཀྱང་ཅུང་སྔ་བའི་དུས་ཤིག་ཡིན་པ་ཡིག་གཟུགས་དང་ཚིག་སྦྱོར་སོགས་ལས་དཔོག་ནུས[1]པས་སོག་ཡིག་གི 《རོ་སྒྲུང》ལས་འཕྱི་ལ། སོག་ཡིག་གི 《རོ་སྒྲུང》ལེའུ་ཉེར་གཅིག་ཅན་ནི་སོག་པོ་ཤར་ཕྱོགས་པས་བྲིས་པ་དང་།   དེ་གཙོ་བོ་སོག་པོའི་ཤར་ཕྱོགས་ཀྱི་ཡུལ་དུ་དར་ཆེ་ཞིང་།  སོག་པོའི་ཤར་ཕྱོགས་ཀྱི་ཡུལ་མཐའ་ནི་མཉྫུའི་ཡུལ་དང་འདབས་འབྲེལ་དུ་ཡོད་པས།  དེ་འདྲའི་ས་ཁམས་བརྒྱུད་ནས་ཕར་དར་བར་ངེས།  མཉྫུ་རྣམས་ཀྱིས་ཀྱང་འདི་ལ་བཟོ་བཅོས་ཅུང་ཟད་བྱས་ཡོད་དེ།  མིའི་མིང་དང་ཡུལ་གྱི་མིང་སོགས་ཁོ་རང་ཚོའི་སྐད་དུ་བཅོས་པ་དང་།  ལྷག་པར་རོ་དངོས་གྲུབ་ཅན་གྱི་ཚབ་ཏུ་འཕྲུལ་སྨན་གྱི་ལྷ་ཨེར་ཏི་ནི་བྱ་བ་བཅུག་ཡོད། འོན་ཀྱང་མཉྫུའི་ཡུལ་དུ་གཏམ་རྒྱུད་འདི་སོག་ཡུལ་དུ་དར་བ་ཙམ་ཞིག་དར་ཁྱབ་ཏུ་སོང་ཡོད་ཚོད་མི་འདུག  

གཞན་ཡང་རྒྱ་དང་། ཁྲའོ་ཞན། ཧོར། ཡུས་ཀུའུ། འཇང་། ཡུ་གུར། ཏའེ་རིགས། དབྱིས་རིགས། ཏ་ཝོར། ཝུའུ་ཙི་པིའེ་ཁེ། ཁོར་ཁེ་ཙི། པའོ་ཨན། ཏུང་ཞང་། ཧོ་ཀྲེ། ཡའོ་རིགས། ཏུང་རིགས། ཅིང་ཕོ། ཅིང་རིགས། ལི་སུའུ། མུའུ་ལའོ།   ལི་རིགས། ཐུའུ་ཅ། ཧུའེ་རིགས་སོགས་མི་རིགས་གཞན་པ་དེ་དག་གི་ཁྲོད་དུའང 《རོ་སྒྲུང》ལས་བྱུང་བའི་གཏམ་རྒྱུད“གསེར་གཡུ་སྐྱུག་པ”དང་།“མ་སང་ཡ་རུ་ཁ་ཁྲ”།“མོ་སྟོན་ཕག་མགོ”ལྷ་བཟོ་ཀུན་དགའ་དང་ཤིང་བཟོ་ཀུན་དགའ་”“དྲིན་ལན་འཇལ་བ”སོགས་ཁྱབ་གདལ་ཆེ་མོད།  དེ་ནི་གཙོ་བོ་སྐྱེ་བོའི་ཁ་ངག་བརྒྱུད་ནས་དར་བ་ཙམ་སྟེ།  སོག་པོ་དང་མཉྫུ་བཞིན 《རོ་སྒྲུང》ཆ་ཚང་བར་མི་རིགས་དེ་དག་གི་སྐད་དུ་འགྱུར་བ་ནི་མེད་དོ། །  

 སྔར《རོ་སྒྲུང》སོག་ཡུལ་དུ་དར་ཚུལ་བཤད་པའི་སོག་ཡུལ་བྱ་བ་ནི་སོག་ཡུལ་ཕྱི་ནང་གཉི་ག་དང་། ཨུ་རུ་སུའི་མངའ་སྡེར་གཏོགས་པའི་སྦེར་ཡ་ཐེ་དང་། ཁར་མེ་ཁེ། ཐུ་བ་དང་བཅས་པའོ། །  

ཤར་ཕྱོགས་ཉི་མའི་ཁབ་བམ་ཉི་ཧོང་གི་ཡུལ་དུའང 《རོ་སྒྲུང》 ལས་བྱུང་བའི་གཏམ་རྒྱུད་དུ་མ་ཞིག་སྔོན་ཡུལ་དེ་ལ་ནང་པའི་བསྟན་པ་དར་བར་བརྩམས་པ་ནས་རིམ་གྱིས་ཁྱབ་གདལ་དུ་སོང་ཞིང་། ཉི་ཧོང་གི་ཡིག་ཆ་འགའ་ཞིག་ཏུ་གཏམ་རྒྱུད་དེ་དག་ཡི་གེར་བཀོད་འདུག །  དེ་དག་ལས་གཏམ་རྒྱུད་ཁ་ཤས་ནི་ཡུལ་དེ་ལ་ཐོག་མ་ནས་ཡོད་པའི་གཏམ་རྒྱུད་ལྟ་བུར་གྱུར་འདུག་སྟེ།“ཉི་མ་འོད་ཟེར་དང་ཟླ་བ་འོད་ཟེར”ཞེས་པའི་གཏམ་རྒྱུད་དེ་ཉི་ཧོང་དུ་དར་བའི་རྗེས་སུ་ཉི་ཟླའི་བྱུང་ཚུལ་དང་འབྲེལ་བའི་གཏམ་རྒྱུད་དུ་གྱུར་ནས་ཡུལ་དེ་ལ་ཀུན་ཏུ་གྲགས་པར་གྱུར་འདུག་པ་བཞིན་ནོ། །  འོན་ཀྱང་སྔོན་ཉི་ཧོང་ལའང《རོ་སྒྲུང》ཆ་ཚང་ནི་མ་འགྱུར་བར་སྣང་།  

《རོ་སྒྲུང》ལས་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་ལའང་དར་ཁྱབ་བྱུང་འདུག་སྟེ། 《ཀི་ལིན་གྱི་བྱིས་སྒྲུང》བྱ་བ་ནི་འཛམ་གླིང་ཡོངས་ལ་གྲགས་པའི་གཏམ་རྒྱུད་ཅིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལ། དེ་དང《རོ་སྒྲུང》 གཉིས་བསྡུར་ན།  གཏམ་རྒྱུད་མང་པོ་ཞིག་སྤྱི་བབ་ཀྱི་ཆ་ནས་འདྲ་བ་ཤེས་ཐུབ། 《ཀི་ལིན་གྱི་བྱིས་སྒྲུང》ལས་བྱུང་བའི་“བུ་མོ་ཐལ་རིལ་མ”ཞེས་པ་ནི 《རོ་སྒྲུང》 ལས་བྱུང་བའི་“སྲིན་མོས་བུ་མོ་བསླུས་ནས་རང་གི་ཨ་མ་བསད། ཨ་མས་རང་གི་བུ་མོ་བློས་མ་ཐོང་བར་སྲིན་མོ་མ་མད་ལ་ངན་ལན་འཇལ་ཏེ་བུ་མོ་རྒྱལ་པོའི་ཇོ་མོར་གྱུར་པ”ཞེས་པ་གཉིས་གཏམ་རྒྱུད་ཀྱི་བྱུང་རིམ་ཕལ་ཆེར་འདྲ་ལ། “སྒྱུ་མ་མཁན་སྤུན་བདུན་གྱི་གཏམ་རྒྱུད”ནི་ཉེ་ཤར་དང་ཞི་པི་ལི་ཡའི་ལྷོ་ཁུལ་གྱི་དམངས་ཁྲོད་དུ་ཁྱབ་ཡོད་པ་དང་། ཧོ་ལན་གྱི་མངའ་ཁོངས་སུ་གཏོགས་པའི་རྒྱ་གར་གླིང་ཚོམ་ཤར་མ་དང་།  ཧྥི་ལི་ཕིན།  བྱང་ཨ་ཧྥེ་རི་ཁ་བཅས་སུ་དར་ཞིང་། ཧྥ་རན་སི་རྣམས་བརྒྱུད་ནས་མུས་སུའུ་ལི་དང་། ཕུའུ་ཐའོ་ཡའི་སྐད་སྨྲ་བའི་མི་ནག་རྣམས་ཀྱིས་མ་ས་ཉི་སེའི་ཡུལ་རྣམས་སུ་ཁྱབ་གདལ་དུ་སྤེལ།[1]  

 “སྒྱུ་མ་མཁན་སྤུན་བདུན”གྱི་གཏམ་རྒྱུད་དང 《ཀི་ལིན་གྱི་བྱིས་སྒྲུང》 ལས་བྱུང་བའི“རྐུན་མ་སྤྱང་པོ་དང་དེའི་དགེ་རྒན”བྱ་བ་གཉིས་ཀྱང་གཏམ་རྒྱུད་ཀྱི་སྒྲོམ་གཞི་ནི་གཅིག་ཏུ་འདུག་གོ ། །  མཚོ་སྔོན་ནས་དཔེ་སྐྲུན་བྱས་པའི《མི་རོ་རྩེ་སྒྲུང》གི་གཏམ་རྒྱུད་ཉེར་གཅིག་པ“རྡོའི་སེང་གེ་ཁ་གདངས་པ”ཞེས་པ་དེ་དང་།   གནའ་བོའི་གྷི་རིག་གི 《ཡེ་སོབ་ཀྱི་སྒྲུང》ལས་བྱུང་བའི་“གསེར་གྱི་སྟ་རེ་དང་དངུལ་གྱི་སྟ་རེ”ཞེས་པ་གཉིས་ནི་སྤྱི་བབ་ཀྱི་ཆ་ནས་གཅིག་ཏུ་འདུག་པས། གཏམ་རྒྱུད་དེ་གཉིས་ཀྱང་རྩ་བའི་ས་བོན་ནི་ཆེས་ཤིན་ཏུ་སྔ་མོའི་དུས་ཤིག་ལ་རྒྱ་གར་ནས་ཕྱོགས་ཕྱོགས་སུ་འཐོར་བ་ཡིན་སྙམ། དེས་ན་རྒྱ་གར་གྱི《རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ནི་གཏམ་རྒྱུད་ཀྱི་ལྗོན་པ་ཆེན་པོ་དེའི་རྩ་བ་དང་། བོད་ཀྱི《རོ་སྒྲུང》 ནི་སྡོང་པོ་ལྟ་བུ་ཡིན་པ་ལ།  དེའི་ཡལ་ག་དང་ལོ་འདབ་འཛམ་གླིང་གི་ཡུལ་གྲུ་སོ་སོར་བརྐྱངས་པ་ལས་མེ་ཏོག་དང་འབྲས་བུའང་སོ་སོར་བཞད་ཅིང་སྨིན་པ་ཞིག་གོ། །  

གཞན་ཡང 《ས་སྐྱ་ལེགས་བཤད》 ལས་བྱུང་བའི་“གཟིག་ལྤགས་བཀབ་པའི་བོང་བུ”དང་།  《དཔེ་ཆོས་རིན་ཆེན་སྤུངས་པ》ལས་བྱུང་བའི་“ཁྱིའི་འཁུར་བ”[2]སོགས་ཀྱང་སོ་སོར《ཡེ་སོབ་ཀྱི་སྒྲུང》 གི“བོང་བུ་དང་སེང་ལྤགས”ཞེས་པ་དང་། “ཁ་ལ་ཤ་ཁྱེར་བའི་ཁྱི’སོགས་དང་ཕལ་ཆེར་གཅིག་པར་ངོ་འཕྲོད་ཐུབ། 《རྒྱ་གར་གྱི་རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ》 ལས་བྱུང་བའི་གཏམ་རྒྱུད་དྲུག་པ“མགོ་བོ་བརྗེས་པ”ཞེས་པ་དེ་ས་བོན་དུ་བྱས་ནས། འཇར་མན་གྱི་སྒྲུང་རྩོམ་མཁན་གྲགས་ཅན་ཐོ་མ་ཟི་མན་ཞེས་པས“མགོ་བོ་བརྗེས་པ”ཞེས་པའི་སྒྲུང་རྩོམ་བརྩམས་པ་དང་།  ཕྱིས་སུ་ཨ་རིའི་ཟློས་གར་རྩོམ་མཁན་གྲགས་ཅན་ཞིག་གིས་སྒྲུང་རྩོམ་དེ་གཞིར་བྱས་ནས་གླུ་གར་ཞིག་བརྩམས་ཤིང་།  འཁྲབ་སྟོན་ཡང་བྱས།  གཏམ་རྒྱུད་བརྒྱད་པ“ཚོར་ཤེས་རྣོ་བའི་སྤུན་གསུམ”ཞེས་པ་གཞིར་བྱས་ནས་ཏེན་མག་གི་བྱིས་སྒྲུང་རྩོམ་མཁན་ཨན་ཐི་ཧྲིན་གྱིས“སྲས་མོ་སྲན་རིལ་མ”ཞེས་པ་བརྩམས།[1] དེ་བཞིན་ཨ་ར་བྷིའི་གཏམ་རྒྱུད་གྲགས་ཅན 《ཞག་མ་སྟོང་རྩ་གཅིག》ཅེས་པ་ལས་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་གི་ཁུངས་ཀྱང་རྒྱ་གར་ལ་ཐུག་པ[2]དང་། ཧྥ་རན་སིའི་རང་ལ་ཧྥང་ཏན་གྱི་གཏམ་རྒྱུད་ཚིགས་བཅད་མ[3]དང་།  ཨུ་ཏ་ལི་ཡའི་ཆོ་བན་ནེ་པུ་ཀ་ཁིའི《ཉིན་མོ་བཅུའི་གཏམ》 དབྱིན་ཇིའི་ཁྲ་ཟིར(Geoffreey Cdhaucer1340~1399)གྱི《ཁན་ཐི་པེ་ལེའི་གཏམ་རྒྱུད》སོ།གས་ལས་ཀྱང་རྒྱ་གར་པའི་གཏམ་རྒྱུད་མང་པོའི་ཤན་མཐོང་ཐུབ།[4]དུས་རབས་བཅུ་དགུ་པའི་དཀྱིལ་ལ་འཇར་མན་གྱི་ཤར་ཕྱོགས་སྐད་ཆ་རིག་པའི་མཁས་པ་པིན་ཧྥ་ཡུ་ཞེས་པས 《པཉྩཏནྡྲ》འམ 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ》ལེགས་སྦྱར་ནས་འཇར་མན་གྱི་སྐད་དུ་བསྒྱུར་བའི་གླེང་གཞི་གྲགས་ཅན་དེ་རུ། གཏམ་རྒྱུད་དེ་འཛམ་གླིང་གི་ས་ཁུལ་སོ་སོར་ཁྱབ་གདལ་དུ་སོང་བའི་རྗེས་ཤུལ་མཐའ་དག་བཙལ་ནས་ཪྙེད་ཅིང་། དེ་ལས་བརྩམས་ཏེ་གཤིབ་བསྡུར་རྩོམ་རིག་ལོ་རྒྱུས་བྱ་བའི་རིག་པ་གསར་བ་དེ་བཙུགས།[5] ཁོས་འདི་སྐད་དུ། འཛམ་གླིང་གི་བྱིས་སྒྲུང་མཐའ་དག་གི་ཕ་ཡུལ་ནི་རྒྱ་གར་ཡིན་ལ། གབ་སྒྲུང་མཐའ་དག་གི་ཕ་ཡུལ་ནི་གྷི་རིག་ཡིན་ཟེར། རྒྱའི་མཁས་པ་ཅི་ཞན་ལིན་གྱིས་ཀྱང“འཛམ་གླིང་གི་མི་རིགས་མཐའ་དག་ལས་གབ་སྒྲུང་དང་བྱིས་སྒྲུང་ཆེས་མང་དུ་བྱུང་བ་ནི་རྒྱ་གར་ཡིན། ད་ལྟ་འཛམ་གླིང་གི་ཡུལ་གྲུ་སོ་སོར་དར་ཁྱབ་ཏུ་སོང་བའི་གབ་སྒྲུང་དང་བྱིས་སྒྲུང་དག་ནི་རྒྱ་གར་ནས་བྱུང་བ་མ་ཡིན་པ་ཤིན་ཏུ་ཉུང་། ཚུལ་དེ་མཁས་པ་ཕལ་མོ་ཆེས་ཁས་ལེན”ཞེས་དང“འཛམ་གླིང་གི་གབ་སྒྲུང་དང་བྱིས་སྒྲུང་ཡོད་དོ་ཅོག་རྒྱ་གར་ནས་བྱུང་བ་ཡིན་ཞེས་སྨྲ་མི་སྤོབས་མོད།  དེ་དག་ཕལ་ཆེ་བའི་ཕ་ཡུལ་རྒྱ་གར་ཡིན་ཞེས་སྨྲས་ན།  དོན་གྱི་གནས་ཚུལ་དང་ཅུང་ཟད་ཀྱང་མི་འགལ་”[6]ཞེས་གསུངས་པ་བཞིན། རྒྱ་གར་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོར་སྒྲུང་གི་རིགས་སྤྲོ་བར་བྱེད་པའི་ཡུལ་གྱི་ལྟེ་བ་ཡིན་པ་ཐག་གིས་ཆོད་དེ། ཧྥིན་ལན་ཏིའི་ལོ་རྒྱུས་ས་ཁམས་ལུགས་སྡེའི་མཁས་པ་ཚོའི་བཞེད་ལུགས་ཀྱང་དེ་དང་མཐུན་ནོ །[1]  

 《རོ་སྒྲུང》འདི་ཤིན་ཏུ་གྲགས་ཆེ་བས་བོད་ཀྱི་མཁས་པ་ཚོས་འདི་ལས་བྱུང་བའི་གཏམ་རྒྱུད་ལ་སྦྱར་ཏེ་བརྩམས་ཆོས་མཛད་པའང་དུ་མ་ཞིག་ཡོད་དེ། 《གཅུང་པོ་དོན་ཡོད་དང་དོན་གྲུབ་སྐུ་མཆེད་གཉིས་ཀྱི་རྣམ་ཐར་དད་པའི་པདྨོ་འཛུམ་པའི་ཉིན་བྱེད》བྱ་བ་ནི 《ཉི་མ་འོད་ཟེར་དང་ཟླ་བ་འོད་ཟེར》རམ 《ཕུ་ནུ་གཉིས》 ཞེས་པའི་གཏམ་རྒྱུད་ལ་སྦྱར་ནས་བརྩམས་པ་ཤིན་ཏུ་གསལ་ལ། བཤད་རྒྱུན་ལ་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར་ནི་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྐྱེས་རབས་ཡིན་ཟེར་ཞིང་། སྐུ་ཞབས་ཐུན་ཅིན་ཧྭས་སྒྲིག་རྩོམ་བྱས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》སུ་ད་ལྟ་དཔེ་སྐྲུན་བྱས་ཡོད་པའི《དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར》ཞེས་པ་དེ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་ཁོང་གི་གསང་རྣམ་དང་བརྗོད་བྱ་གཅིག་པར་བཤད་མོད། འདི་པའི་གསུང་འབུམ་པོད་བཞི་གའི་ཁྲོད་དུ་དེ་འདྲའི་གསང་རྣམ་ཞིག་མ་མཐོང་ལ།  གསུང་འབུམ་པོད་དང་པོར《ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ》ཞེས་པའི་རང་རྣམ་པོད་ཆེན་པོ་ལྡེབས་བཞི་བརྒྱ་ཅན་ཞིག་བཞུགས་པ་དེ་མགོ་ནས་མཇུག་བར་ཞིབ་ཏུ་མཇལ་ཡང་དེ་འདྲའི་སྒྲོས་ཤིག་མ་བྱུང་བས་དེ་ད་དུང་རྩད་གཅོད་རྒྱུར་ལུས། འོན་ཀྱང 《དོན་ཡོད་དོན་གྲུབ་དོན་གྲུབ་ཀྱི་རྣམ་ཐར》རྒྱལ་བ་པཎ་ཆེན་གྱི་སྐྱེས་རབས་ཡིན་ཟེར་བ་ལ་ཁུངས་མེད་པ་ནི་མ་ཡིན་ཏེ། རྣམ་ཐར་འདིའི་མཆོད་བརྗོད་དུ།

བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། ། སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། །  

དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ། །རྒྱལ་མཆོག་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། །  

ཞེས་པ་ལས་ཀྱང་དོན་དེ་ཤུགས་ལ་གོ་ཐུབ།  རྒྱལ་དབང་ལྔ་པ་ཆེན་མོའི་རང་རྣམ 《དུ་ཀཱུ་ལའི་པོས་བཟང》ལས།“བླ་ཆེན་རྣམས་ཀྱི་རྣམ་ཐར་ཕལ་ཆེར་མོ་སྟོན་ཕག་མགོ་བའི་མངོན་ཤེས་སུ་འགྲོ་ཡིན་ཡོད་པ་གདའ”[2]ཞེས་འབྱུང་བ་ལས་ལྔ་པ་ཆེན་མོ་ཁོང་ཉིད 《རོ་སྒྲུང》 ལ་རྒྱུས་མངའ་ཆེ་བ་མཚོན་ཞིང་།  ཡང་།  གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི《ཡང་སྤྲུལ་དེ་ཉིད་གསལ་བྱེད》ཅེས་བླ་སྤྲུལ་རྣམས་ཀྱི་ཚུལ་ལུགས་དྲང་པོར་བརྗོད་པའི་རྩོམ་གྲགས་ཅན་ཞིག་ཡོད་པ་དེའང《རོ་སྒྲུང》ལས་བྱུང་བའི《ཤིང་བཟོ་ཀུན་དགའ་དང་ལྷ་བཟོ་ཀུན་དགའ》ཞེས་པའི་གཏམ་རྒྱུད་ལ་སྦྱར་ནས་བརྩམས་ཡོད་ཅིང་།

རོ་དངོས་གྲུབ་ཅན་གྱི་གཏམ་བཀླགས་ཚེ། །  དོན་འཆར་ཚུལ་གྱི་གོ་བ་འདི་སྐྱེས་ནས།།  

རང་སྐལ་མཉམ་བཅས་ལ་ཕན་ཕྱིར་བྲིས། །ཆོས་སྒྲུབ་འབྲས་འཛོལ་བ་མེད་པར་ཤོག།

ཅེས་གཏམ་རྒྱུད་དེ་བློ་སྦྱོང་དུ་ཤར་བའི་གོ་བ་ལེན་ལུགས་ཁྱད་པར་བ་དེ་གསུངས་འདུག ། དེའི་སྦྱར་བྱང་དུ། འདི་ནི་ཤིང་ཁྱིའི་ལོར་དབེན་གནས་ཡིད་དགའ་ཆོས་འཛིན་ནས་དབྱར་ཞལ་བཞེས་གནང་སྟེ། དབྱར་ལྗོངས་ཉིན་སྐྱོ་བསངས་ལ་ཕེབས་ས་ནས་རོ་སྒྲུང་འདོན་བཅུག་སྟེ་གསན། དགུང་མོ་ཕྱིར་ཕེབས་འཕྲལ་དེའི་ནང་གི་ལོ་རྒྱུས་ལེ་ཚན་ལ་འཁྲིས་ཏེ་འདི་སམ་ཊའི་ངོས་ལ་ཕྱག་བྲིས་གནང་འདུག་པ། མཚང་ལ་རྒོལ་བའི་གདམས་པ་ཁྱད་འཕགས་ཤིག་ཏུ་སྣང་བས། བདག་རཏྣ་ཨཱ་ནན་ཏས་ཡི་གེར་བཀོད་པའོ། ། ཞེས་འབྱུང་བ་ལ་དཔགས་ན། སྐྱེས་བུ་དམ་པ་དེ་དག་ཀྱང་སྐྱོ་བསངས་དང་སྐུ་ངལ་གསོ་བ་སོགས་ཀྱི་ཚེ《རོ་སྒྲུང》ལ་ཉན་སྤྲོ་བ་དང་།  དེའི་བསྟན་བྱ་ལ་གོ་བ་ལེན་ལུགས་སྐབས་ཀྱི་གནས་ཚུལ་དང་སྦྱར་ནས་གང་སྣང་དཔེ་ཆར་ཤར་བའི་ཚུལ་དུ་འདུག་པ་རྟོགས་ནུས་སོ། །  

          [1]དམངས་ཁྲོད་རྩོམ་རིག་གི་ཁྲིད་ཡིག(万建中. 民间文学引论[M]. 北京: 北京大学出版社. 2006. 219、 211)

          [2]དམངས་ཁྲོད་རྩོམ་རིག་གི་ཁྲིད་ཡིག(万建中.民间文学引论[M]. 北京: 北京大学出版社, 2006. 219、 211)

          [3]གཏམ་གླེང་ཐོར་བུ། (季羡林. 朗润琐言[M]. 上海: 上海文艺出版社 1997. 267~268)

          [1]དམངས་ཁྲོད་རྩོམ་རིག་གི་ཁྲིད་ཡིག(万建中.民间文学引论[M]. 北京: 北京大学出版, 2006. 219、 211)

          [1]རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ། ([日本]上村胜彦译. 死鬼二十五话 [M].东洋文库,1993. 302)

          [2]རོ་ལངས་ཀྱི་སྒྲུང་ཉེར་ལྔ་པ། ([日本]上村胜彦译. 死鬼二十五话 [M].东洋文库1993, 289)

          [1]ཇོ་ནང་ཏཱ་ར་ནཱ་ཐ།  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1986.  276

          [1]ཇོ་ནང་ཏཱ་ར་ཎ་ཐ། རྒྱ་གར་ཆོས་འབྱུང་། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986. 250

          [2]པདྨ་བཀའ་ཐང་། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987. 461

          [1]སྦ་བཞེད།  [M]མི་རིགས་དཔེ་སྐྲུན་ཁང་། 1982.  40

          [1]ཇོ་ནང་ཏཱ་ར་ཎ་ཐ། བཅོམ་ལྡན་འདས་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར། [M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་དཔར་པ། 1989. 66

          [2]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M]མི་རིགས་དཔེ་སྐྲུན་ཁང་། 1986. 164

          [1]གཏམ་གྱི་ཆུ་བོའི་རྒྱ་མཚོ་བདམས་བསྒྲིགས། (黄宝生等译. 故事海选[M]. 北京: 人民文学出版社,2001 .  373)

          [1]རོ་སྒྲུང་།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། .1980. 273

          [1]སོག་པོའི་དམངས་ཁྲོད་རྩོམ་རིག་བསྡུར་དཔྱད། (陈岗龙. 蒙古民间文学比较研究[M]. 北京: 北京大学出版社,2001. 92)

          [2]སོག་པོའི་གནའ་རྩོམ་བརྒྱ་ཐམ་པ། ([蒙古]呈.达木丁苏伦编. 蒙古古代文学一百篇第三册[M]. 呼和浩特: 内蒙古人民出版, 1979་ 991~1043)

          [1]སོག་པོའི་དམངས་ཁྲོད་རྩོམ་རིག་བསྡུར་དཔྱད།(陈岗龙. 蒙古民间文学比较研究[M]. 北京: 北京大学出版社. 2001. 105)

          [1]སོག་པོའི་དམངས་ཁྲོད་རྩོམ་རིག་བསྡུས་དཔྱད། (陈岗龙. 蒙古民间文学比较研究[M].北京:北京大学出版, 2001. 125)

          [2]གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་བཅུ་བདུན་པ།[M]མི་རིགས་དཔེ་སྐྲུན་ཁང་། 1991. 275

          [1]རྒྱ་གར་གྱི་ཤེས་རིག(刘建、 朱明忠、 葛维钧. 印度文明[M]. 北京: 中国社会科学出版,2004. 265)

          [2]ཕྱི་རྒྱལ་གྱི་རྩོམ་རིག་བསྡུས་བསྒྲིགས། (朱维之、雷石榆、梁立基主编. 外国文学简编亚洲部分[M]. 北京: 人民文学出版社, 1983. 128)

          [3]གཤིབ་བསྡུར་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག(季羡林. 比较文学与民间文学[M]. 北京: 北京大学出版社,1991. 23)

          [4]གཤིབ་བསྡུར་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག(季羡林. 比较文学与民间文学[M]. 北京: 北京大学出版社, 1991. 177)

          [5]གཤིབ་བསྡུར་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག(季羡林. 比较文学与民间文学[M]. 北京: 北京大学出版社, 1991. 31)

          [6]གཤིབ་བསྡུར་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག(季羡林.比较文学与民间文学[M]. 北京: 北京大学出版社, 1991. 46)

          [1]དམངས་ཁྲོད་རྩོམ་རིག་གི་ཁྲིད་ཡིག(万建中. 民间文学引论[M]. 北京: 北京大学出版社, 2006. 219)

          [2]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།  རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989. 57

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།