ཨམ་སྐད་ཁྲོད་ཐྲ་ཡིག་གི་འཇུག་ཚུལ་གཞན་ཡོད་པར་དཔྱད་པ།

00.jpg

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀུན་ཁྱབ་ཀླུ་བྱམས།ཐུན་རིན་རྫོང་ཆུ་ཁོག་སློབ་ཁུལ་བཅའ་སྡོད་སློབ་གྲྭ། བློ་བཟང་རྒྱ་མཚོ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཨམ་སྐད་ལ་ཞིབ་འཇུག་ཟབ་མོ་བྱས་པ་བརྒྱུད། ཨམ་སྐད་ཀྱི་གདངས་དང་མཐུན་ཅིང་བརྡ་སྤྲོད་རིག་པའི་ལུགས་དང་མི་འགལ་བ། ད་ལྟའི་བར་མཁས་པ་སུས་ཀྱང་དོགས་འཆར་དང་ཐུགས་བསམ་མ་བཞེས་པའིཐྲཡིག་ཁག་ཅིག་གི་སྤྱོད་ཁུངས་གསར་རྙེད་བྱུང་ཡོད་པ་དེ། ལུང་རིགས་དཔེ་གསུམ་གྱིས་གསལ་སྟོན་བྱས་ཡོད།

བརྡ་ཆད་གཙོ་བོ།  ཨམ་སྐད། ཐྲ་ཡིག  འཇུག་ཚུལ།

དང་པོ། སྤྱིར་བཤད་པ།

 ཡོངས་གྲགས་ལྟར་ན། སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཀྱི་སྐད་གདངས་སྤྱི་ལ་གཞིགས་ནས་བོད་ཡིག་ལ་དབྱངས་གསལ་སོ་བཞི་དང་། མགོ་འདོགས་ཅན། འདོགས་ཅན་བཞི་ལས་ཀྱང་ར་བཏགས་ཅན་གྱི་ཡི་གེ་བཅུ་གཅིག་སྟེ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་བཟོས་པར་འདོད། ཡིན་ནའང་ཕྱིས་ཀྱི་མཁས་པ་ཚོའི་གྲངས་འདྲེན་ཐད་ལ་ར་བཏགས་བཅུ་གཉིས་ཟེར་བ། བཅུ་གསུམ་ཟེར་བ་སོགས་ཅི་རིགས་མཆིས་ཀྱང་། ཐྲ་ཡིག་ར་བཏགས་ཀྱི་གྲངས་སུ་མི་བགྲང་མཁན་གཅིག་ཀྱང་མེད། གྲངས་འདྲེན་མི་འདྲ་ཚུལ། དཔེར་ན། བོད་ཀྱི་མཁས་པ་ཚོའི་དག་ཡིག་རྣམས་སྨོས་ཅི། ཁ་སང་དེ་རིང་གི་ཞིང་ལྗོངས་ལྔའི་མཉམ་བསྒྲིགས་སློབ་དེབ་ལ་ཆ་བཞག་ཀྱང་། ལོ་རིམ་དང་པོའི་སྟོད་ཆའི་ནང་། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་ར་བཏགས་ཀྱི་ཡི་གེ་བཅུ་གཉིས་བྲིས་ཡོད་ལ། ལོ་རིམ་གཉིས་པའི་སློབ་དེབ་སྨད་ཆའི་ནང་དུ། ར་བཏགས་བཅུ་གཅིག་ནི། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ། ཞེས་གྲངས་ཀྱི་འདྲེན་ལུགས་མི་འདྲ་བ་གཉིས་བྱུང་ཡོད་པ་ལྟ་བུ་རེད། གང་ལྟར་ཀྱང་བོད་ཀྱི་མཁས་པ་ཚོས་བརྩམས་པའི་བརྡ་དག་དང་གསུང་འབུམ་སོགས་སུ། བོད་རང་གི་སྐད་གདངས་དང་མཐུན་ཅིང་ནམ་རྒྱུན་འཚོ་བའི་ཁྲོད་དེ་སྐད་དུ་འཆད་སྲོལ་ཡོད་པ། ནང་དོན་ཡང་སྒྲ་ཇི་བཞིན་དུ་འགྲེལ་རུང་བའི་ཐྲ་ཡིག་སྐོར་གྱི་ཐ་སྙད་རྣལ་མ་གཅིག་ཀྱང་མེད།

དཔེར་མཚོན་ཙམ་དགོད་ན།དག་ཡིག་གསར་བསྒྲིགསསུ། ཐྲིག་ཐྲིག ལྷམ་གྱི་སྒྲའི་ཁྱད་པར་ཞིགཅེས་བཀྲལ་ཡོད། །བརྡ་དཀྲོལ་གསེར་གྱི་མེ་ལོངདུ། ཐྲ། ལྷམ་གྱི་སྒྲ་ཞིག་གི་མིང་སྟེ། ཡིག་བཤད་མཁས་པའི་ཁ་རྒྱནལས། ཐ་ལ་ར་བཏགས་པ་སྔོན་གྱི་དག་ཡིག་རྣམས་སུ་ཕལ་ཆེར་མི་གསལ་ཞིང་། ཕྱིས་ཀྱི་མཁས་པ་དག་གིས་ལྷམ་གྱི་སྒྲ་ཞིག་གི་མིང་དུ་བཤད། ཅེས་གསུངས་པ་ལྟར་རོ། །ཞེས་དང་། ཐྲིག་ཐྲིག ཀོ་ལྷམ་འཁྲོགས་པའི་སྒྲ་ལྟ་བུའི་མིང་སྟེ།འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤདལས། ཐྲིག་ཐྲིག་ནི། ཀོ་ལྷམ་འཁྲོགས་པའི་སྒྲ། ཞེས་གསུངས། དཔེར་ན།འདུལ་བའི་གླེང་འབུམལས། གཞི་ལ་བབ་པའི་སྒྲ་ཐྲིག་ཐྲིག་ཟེར་བ་ཐོས་པས། སྦོམ་དགའ་མོ་ཤིང་ང་དཔུང་བཅད་བརྫེས་ཏེ་བྲོས་པ། ཞེས་པ་ལྟ་བུའོ། །ཞེས་དང་། ཐྲིགས། ལུས་ཀྱི་ལྗིད་ཕབ་ནས་འདུག་སྐབས་ཀྱི་སྒྲ་ལྟ་བུའི་མིང་སྟེ།འདུལ་བའི་མདོ་རྒྱ་ཆེར་འགྲེལལས། གྱ་ཙོམ་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་ཐྲིགས་ཤེས་འདུག་པ་མི་བྱ་བའོ། །ཞེས་གསུངས་པ་ལྟར་རོ། །ཞེས་བཀྲལ་ཡོད་ཅིང་། ཡང་དེ་ཉིད་ལས། ཕུག་ཐྲིག སྒྲ་གྲག་སྟངས་ཏེ།འདུལ་བ་ལུང་རྣམ་འབྱེདལས། ཁྱུ་མཆོག་དེ་ཡང་ལྷས་ནས་བྱུང་ནས་བྱ་སྨྱང་བྱས་ཏེ་འབུ་སྒྲ་ཕྱུང་ནས་ཕུག་ཐྲིག་བྱས་ཏེ་རྔམ་པ་བྱས་ནས་སེང་གེའི་མདུན་དུ་སོང་ངོ་། །ཞེས་པ་ལྟ་བུའོ། །ཞེས་བཀྲལ་ཡོད་པ་ལྟ་བུ། །དག་ཡིག་ཐོན་མིའི་དགོངས་རྒྱནགྱི་སྨད་ཆར།  ཐྲིག་ཐྲིག་ནི། མདོ་རྩའི་ཀོ་ལྤགས་ཀྱི་གཞིར། ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་། །ཞེས་པ་ལྟར་ལྷམ་གྱི་སྒྲའི་ཁྱད་པར་ཞིག་སྟེ།  བོད་ཡིག་དངོས་ཡིན་པའི་ཐ་སྙད་ཆེར་མི་སྣང་ངོ་། །ཞེས་བཀྲལ་ཡོད་པ་ལྟ་བུའོ། །

དེའི་ཕྱིར། མཁས་དབང་ཆེན་མོ་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་།  ཐྲིག་ཐྲིག་ཅེས་པའི་འགྲེལ་གྱི་སྐབས་སུ།  བོད་ཡིག་དངོས་ཡིན་པའི་ཐ་སྙད་ཆེར་མི་སྣང་ངོ་། །ཞེས་ཁ་ཚོན་བཅད་པའི་ཚུལ་དུ་གསུངས་ཡོད་པ་དེའང་རྒྱུ་མཚན་ཅན་དང་དགོངས་གཞི་ཅན་གྱི་གསུང་ཡིན་པ་རྟོགས་ནུས་ཤིང་། ཐྲ་ཡིག་ནི་ར་བཏགས་བཅུ་གཅིག་གི་གྲངས་སུ་བགྲང་ཡོད་པ་ཙམ་ལས་སྤྱོད་རྒྱ་ཆེས་དོག་པ་མེད་ཀྱང་རུང་བའི་ཡི་གེ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ངེས་ཤེས་ཀྱང་འདྲོངས་ནུས། ཡིན་ནའང་འཚོ་བ་དངོས་ཀྱི་ལབ་གླེང་ཁྲོད་ཐྲ་ཡིག་གི་འཇུག་ནུས་དེ་ཙམ་ལས་མེད་པ་མིན་ཏེ། ལོ་འགའི་སྔོན་ནས་བཟུང་ཁོ་བོས་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་གྱི་ཁྱད་པར་དང་། ཆོས་ཉིད་སྐོར་ལ་དཔྱད་པ་དང་ཞིབ་འཇུག་བྱ་ཁུལ་བགྱིས་ནས། དེའི་ངོས་ཀྱི་དག་ཡིག་གམ་བརྡ་བཀྲོལ་ཅིག་སྒྲིག་མགོ་བརྩམས་ཤིང་། 2010-2016ལོའི་ཟླ10པའི་བར། སྔ་རྗེས་སུ་ཆེད་དམིགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་ཐེམ་ཆེན་རྫོང་། མཚོ་སྔོན་པོའི་མཐའ་ཁོར། མང་རྫོང་དང་། གཅན་ཚ་རྫོང་སོགས་དང་། ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་རྫོང་དང་། བསང་ཆུ་རྫོང་། ཀླུ་ཆུ་རྫོང་། རྨ་ཆུ་རྫོང་། སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་རྫོང་དང་ཁྱུང་མཆུ་རྫོང་། རྔ་བ་རྫོང་བཅས་ཨམ་སྐད་འཆད་སའི་ཡུལ་གྲུ་ཁག་ལ་བསྐྱོད་ནས་མཁས་དང་མཁས་མིན་རྣམས་ལ་དངོས་སུ་བཀའ་འདྲི་ཞུས་ཤིང་། ཐ་ན་གོ་མྱོང་ཐོས་མྱོང་ཅན་གྱི་ཕྱུགས་རྫི་རྒན་པོ་དང་ཞིང་པ་རྒན་པོ་དག་ལའང་བཅར་འདྲི་དང་གཤིབ་བསྡུར་བྱས་ཡོང་ཚེ། ད་གཟོད་ཨ་མདོའི་སྐད་ཆའི་ཁྲོད་དུ་ཐྲ་ཡིག་ཁག་ཅིག་ལ་སྟེང་འོག་ཏུ་དབྱངས་བཞིའམ་རྗེས་སུ་མཐའ་རྟེན་གང་རུང་སྦྱར་བ་ལས་གྲུབ་པའི་གདངས་ཅན་དང་དོན་ཅན་གྱི་འཇུག་ཚུལ་གསར་བ་ཡོད་པ་རྙེད། །

གཉིས་པ། བྱེ་བྲག་ཏུ་འཆད་པ།

 ཐྲ་ཡིག་གི་ཀློག་སྟངས་དང་སྒྲའི་འབྱིན་སྟངས་སྐོར།

ཨ་མདོའི་ས་ཁུལ་ལ་མཚོན་ན། ཐྲ་ཡིག་གི་ཀློག་སྟངས་དང་སྒྲའི་འབྱིན་སྟངས་ཐད་ཕལ་ཆེར་ཧེ་བག་མེད་པ་འདྲ། ཐ་ར་བཏགས་ཐྲ་ཞེས་ཀློག་ལ་སྒྲ་ཡང་དེ་ལྟར་འབྱུང་། བདག་ལ་མཚོན་ནའང་ཆུང་དུས་ཀློག་གི་དགེ་རྒན་གྱིས་དེ་ལྟར་བསླབས་པར་མ་ཟད། རང་ཉིད་ཀྱིས་ཀྱང་གཞན་ལ་དེ་སྐད་དུ་བསླབས་པ་ཡིན། བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་སོགས་སུ། ཡི་གེ་ངོས་འཛིན་དང་འཕྲལ་སྦྱོར་ཇི་ལྟར་བྱ་ཚུལ་སྐོར་སྟོན་སྐབས་སུའང་། ཐ་ལ་ར་བཏགས་སྦྱར་ཚེཁྲདང་ཕྲཡི་སྒྲ་དང་ཉེ་བ་ལྟ་བུ་ཞིག་ཐོན་དགོས་པ་ཤུགས་སུ་གོ་ནུས་ཏེ། སྡེ་བ་དང་པོ་ཀ་སྡེ་ལ་ར་བཏགས་སྦྱོར་རུང་བ་གསུམ་སྟེ། ཀྲ་ཁྲ་གྲ་ཞེས་དང་། སྡེ་བ་གསུམ་པ་པ་སྡེ་ལ་ར་བཏགས་སྦྱོར་རུང་བ་གསུམ་སྟེ། པྲ་ཕྲ་བྲ་ཞེས་སྡེ་བ་དེ་གཉིས་ཀའི་ཡིག་འབྲུ་ཐོག་མཐའ་གཉིས་གཞི་གདངས་ཉེ་མཚུངས་དང་། དབུས་མ་གཉིས་ཀྱང་སོ་སོར་ཁྲ་དང་། ཕྲ་ཞེས་པའི་གདངས་འབྱུང་ཕྱིར། ཏ་སྡེ་ལའང་རིགས་བསྒྲེ་དེ་ལྟར་དུ་བྱེད་རུང་བ་གཞིར་བཞག་གི་སྟེང་ནས། ཏྲ་ཐྲ་དྲ་ཞེས་ཡིག་འབྲུ་ཐོག་མཐའ་གཉིས་ཀྱི་གཞི་གདངས་ཉེ་མཚུངས་ཡིན་ལ། དབུས་མའི་ཐྲ་དེ་ཡང་ཀ་སྡེ་དང་། པ་སྡེ་གཉིས་དང་མཚུངས་པར་ཁྲ་དང་། ཕྲ་ཡི་སྒྲ་དང་ཉེ་བ་ལྟ་བུ་ཞིག་ཐོན་དང་ཐོན་དགོས་པས་སོ། །དེའི་ཕྱིར་ཐྲ་ཡིག་གི་ཀློག་སྟངས་དང་སྒྲའི་འབྱིན་སྟངས་ཐད་དོགས་སློང་གཞན་དང་གཞན་བྱེད་པ་ལ་དགོས་པ་ཆེར་མེད་པར་སེམས། །

གསར་རྙེད་ཐྲ་ཡིག་གང་དག་ཡིན་ཞེ་ན།   ཐྲིས། ཐྲུད། ཐྲུས། ཐྲོངས། ཐྲོད།  ཐྲོས། ཐྲག ཐྲིལ།  ཐྲུ།  ཐྲོ།    ཐྲུག་བཅས་ཡིག་འབྲུ་བཅུ་གཅིག་པོ་དེ་རྣམས་སོ། །

གོང་སྨོས་ཐྲ་ཡིག་བཅུ་གཅིག་པོ་དེ་དག་གིས་ཨམ་སྐད་འཆད་པའི་ཡུལ་ཁོངས་སུ་སྒྲ་དོན་དང་མཐུན་ཚད་ཇི་འདྲ་ཟིན་ནམ་ཞེ་ན། གོང་གསལ་ས་ཁུལ་དག་ལ་བསྐྱོད་ནས་ཡུལ་དེའི་མཁས་པ་རྣམས་ལ་བཀའ་མོལ་ཐོ་གཏུག་བྱས་ཚེ། ཐྲུ་དང་ཐྲོ་ཡིག་གཉིས་ཀྱི་འཇུག་ཚུལ་ཙམ་མ་གཏོགས་འཕྲོས་མ་རྣམས། ཨ་མདོའི་ས་ཆ་མང་ཤོས་སུ་སོ་སོར80﹪—90བར་དང་། 100ཡི་སྒྲ་དོན་དང་མཐུན་པར་འཇུག་ཚུལ་མཚུངས་པ་ར་འཕྲོད་བྱུང་། །

 རྣམ་གསལ་གྱི་དཔེ་བརྗོད་དང་བཅས་འཇུག་ཚུལ་རེ་རེ་བཞིན་བཀྲོལ་བ།

   ཐྲིས་ཀྱི་འཇུག་དོན་འཆད་པ།

ཐྲིས།བྱེད་འབྲེལ་ལས་ཚིགམི་ཤེས་པའི་དཀའ་གནད་གཞན་ལ་འདྲི་རུ་བཅུག་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། མི་ཤེས་པ་ཡོད་ཚེ་དགེ་རྒན་ལ་ཐྲིས་ཞེས་དང་། དོན་དག་འདི་ཨ་ཁུ་ཚང་ལ་ཐྲིས་དང་ཁོང་གིས་ཅི་ཟེར་ལ་བལྟ། དོན་དག་འདིའི་འགྲོ་ལུགས་ངས་མི་ཤེས། སྡེའི་རིགས་ཀར་ཐྲིས་དང་ཁོ་ཚོར་ཉམས་མྱོང་རེ་བཤད་རྒྱུ་ཨེ་ཡོད་ལྟོས། མི་ཤེས་ན་རྒན་ལ་ཐྲིས། །མི་རིག་ན་སྒང་ལ་བུད། །སྔ་མར་གར་སྐྱེས་ད་ལྟའི་རང་གི་ལུས་ལ་ལྟོས། །ཕྱི་མར་གར་འགྲོ་ད་ལྟའི་རང་གི་སེམས་ལ་ཐྲིས། །ཟེར་བ་ལྟ་བུའོ། །ཨ་མདོའི་ཁ་སྐད་ཁྲོད། འདྲི་ཚིག་འདྲི་རྒྱུ་ཡིན། འདྲི་བཞིན་ཡོད། དྲིས་ཚར། ཐྲིས་ཤིག་ཅེས་དུས་གསུམ་སྐུལ་ཚིག་དང་བཅས་པ་ལ་གཟུགས་འགྱུར་གསུམ་ཅན་གྱི་ཡི་གེ་དང་དེའི་སྒྲ་མངོན་གསལ་དུ་ཐོན་ཕྱིར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྭ་ཁན་དང་། ཀླུ་འབུམ་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའིབོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོདདུའང་། ཁྲིས〈动〉为འདྲི的命令式。书面语为དྲིས་ཞེས་དང་། འདྲི〈动〉(现、未)问,询问。དྲིས།(过)。ཕྲིས།(命)。④ ཞེས་བཀྲལ་ཡོད་པ་དེ་ཡང་སྐུལ་ཚིག་ལ་ཁྲི༷ས་དང་ཕྲི༷ས་ཞེས་སྔ་ཕྱི་ནང་འགལ་ཅན་དང་ཡིག་ནོར་ཐེབས་པ་མ་གཏོགས་ཨ་མདོའི་ཁ་སྐད་ཁྲོད་ཐྲི༷ས་སྒྲ་ཐོན་ཅིང་དེ་ལྟར་དུ་འདོད་པ་གཞི་མཐུན་དུ་གྲུབ། ཡིན་ནའང་བོད་ཀྱི་མཁས་པ་ཚོས་བརྩམས་པའི་དག་ཡིག་སོགས་སུ། དྲི་བྱ་མ་འོངས་པ། འདྲི་བཞིན་ད་ལྟ་བ། དྲིས་ཟིན་འདས་པ། དྲིས་ཤིག་སྐུལ་ཚིག་ཅེས་བྲིས་ཡོད་དེ།ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམགྱི་ལྡེབ34པར།…དབང་གྲོས་མི་ལ་མ་སྟེར་རང་གིས་ཟུངས། །རྒྱལ་བའི་བཀའ་ལ་གྲོས་དྲིས་རི་ཁྲོད་པ། །ཞེས་སོགས་འབྱུང་བ་ལྟ་བུ་ནི། ཨམ་སྐད་ཀྱི་གདངས་དང་བོད་རང་གི་སྒྲའི་སྦྱོར་ལུགས་དང་ཅུང་ཟད་མི་མཐུན་སྙམ་ཞིང་། ཨ་མདོ་པ་རྣམས་ཀྱི་ངག་ལས་ཐྲིས་ཞེས་གདངས་དེ་ལྟར་ཐོན་ཅིང་། སློབ་དཔོན་ཐོན་མིས་ཀྱང་གདངས་དེ་དང་མཐུན་པར་ཐྲ་ཡིག་བཟོས་ཡོད་བཞིན་དུ། གདངས་དེ་མཐུན་གྱི་ཡིག་གཟུགས་མི་སྤྱོད་པར། དེའི་དོད་དུ་ཡིག་གཟུགས་གཞན་སྤྱད་ནས་བོད་སྐད་ད་མ་དིག་ཏུ་གཏོང་དགོས་དོན་མེད་སྙམ། གཞན་ཡང་། ཚིག་གི་སྦྱོར་ལུགས་དེ་ལྟ་བུ་ལ་དགག་སྒྲའི་ཕྲད་སྦྱར་ནས་སྨྲས་ཚེ་དེ་བས་ཀྱང་ཁ་ཇེ་གསལ་དུ་འགྲོ་སྲིད་ཅིང་གོ་བའང་ལེན་ཇེ་བདེར་འགྲོ་སྲིད། དཔེར་ན།  སློབ་མ་ཞིག་གིས་རང་གི་དགེ་རྒན་ལ་འདྲི་ཚིག་དྲིས་ཀྱང་འདྲི་ཚིག་གནད་ལ་ཕོག་ཅིང་ཁོ་སོད་པ་ཞིག་འདྲི་མི་ཤེས་པའམ་མི་ནུས་པ་བྱུང་བའི་དོན་ཅན་གྱི་སྐད་ཆའི་སྦྱོར་བ་ཞིག་སྤེལ་སྐབས། ཐྲིས་མ་གཏོགས་དྲིས་མི་འཇུག་སྟེ། ཁོས་དགེ་རྒན་ལ་འདྲི་ཚིག་དྲིས་ཀྱང་མི་ཐྲིས་ཀིན་ཟེར་བ་ལས། ཁོས་དགེ་རྒན་ལ་འདྲི་ཚིག་དྲིས་ཀྱང་མི་དྲིས་ཀིན་མི་ཟེར་བ་ལྟ་བུ། དོན་དེ་འདྲར་དམིགས་ནས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་། ཐོན་མིའི་ཞལ་ལུང གི་ལྡེབ238པར། བདག་གཞན་དུས་གསུམ་གྱི་མཐའ་དཔྱོད་སྐབས་སུ…རྟ་འདི་རྒོད་དྲགས་པས་མི་ཐུལ་ཞེས་བྱ་བ་ལ་སོགས་པ་དུ་མ་སྣང་བ་དང་། རྟ་ལ་སྦྱར་ན་སྤྱིར་བཏང་དུ། གདུལ་བྱ་འདུལ་བྱེད་བཏུལ་ཐུལད་ཅིག །ཅེས་པའི་སྐབས་སུ་དུས་གསུམ་དང་། བདག་གཞན་གཉིས་དང་། སྐུལ་ཚིག་རྣམས་ཚང་བར་བསྟན་ཟིན་ལ། གོང་སྨོས་ལྟར་རྟ་འདི་རྒོད་དྲགས་པས་མི་ཐུལ། ཞེས་སྨྲས་ཚེ་ད་དྲག་མེད་པའི་ཐུལ་ཡིག་འདི་འབྲི་ན་མ་གཏོགས་གདུལ་དང་འདུལ་དང་བཏུལ་གསུམ་ཁ་སྐད་ལ་སྦྱོར་མི་འོས་པ་བཞིན་དུ་ཡི་གེར་ཡང་འབྲི་མི་འོས། དེས་ན་དེ་འདྲའི་ཐུལ་སོགས་ནི་མིང་རྐྱང་མ་ཡིན་པའི་ལས་ཚིག་ཡིན་པ་སྨོས་མ་དགོས་ཤིང་། དེ་ལ་དགག་ཚིག་སྦྱར་རམ་མ་སྦྱར་ཀྱང་རུང་། མིང་འདོགས་ཇི་ལྟར་བྱེད་ཚུལ་འདིར་བློ་གྲོས་དྭངས་ཤིང་གསལ་བ་རྣམས་ཀྱིས་དཔྱད་པར་འཚལ། །ཞེས་གསུངས་པ་དེ་ཡང་དོགས་སློང་དང་བཅས་པའི་དགོངས་གཞི་ཅན་གྱི་གསུང་ཞིག་ཡིན་པ་གདོན་མི་ཟ། དེར་མ་ཟད་ད་དུང་སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས ཀྱི་ལྡེབ169པར།…སེམས་ཀོ་སྐམ་ཆོས་ཀྱིས་མ་ཐུལ་ན། །གཟུགས་ཆོས་པར་འདུག་ཀྱང་མི་ནག་དངོས། །…ཞེས་དང་། ལྡེབ175པར།…དེ་ཕྱིར་གཞན་ལ་ཕན་པ་དཀའ་མོར་གདའ། །རང་གི་སྒོ་གསུམ་དམ་པའི་ཆོས་ཀྱིས་ཐུལ། །…ཞེས་ཐུལ་ལས་བཏུལ་བྲིས་མེད་པ་ལྟ་བུ། བོད་ཀྱི་སྲིད་པའི་ཁ་དཔེ་ལའང་། ཁྱི་ངན་བཟུང་ན་མི་ཁོགས། །མྱི་ངན་བཟུང་ན་མི་ཐུབ། །ཅེས་དང་། ཁྱིམ་མཚེས་རྐུན་མ་ཁྱིས་མི་ཁོགས། །བཟའ་ཚང་རྐུན་མ་མྱིས་མི་ཁོགས། །ཞེས་སྐུལ་ཚིག་ཁོགས་ལས་འདས་ཚིག་བཀག་སྦྱར་ནས་འཆད་སྲོལ་མེད་པ་ལྟ་བུའོ། །

 བོད་ཀྱི་བརྡ་སྤྲོད་རིག་པ་སྟེ། སུམ་རྟགས་དག་གསུམ་གྱི་དགོངས་པ་ལྟར་ནའང་། སྤྱིར་བཏང་དུ། བོད་ཡིག་གི་སྐུལ་ཚིག་དང་བཅས་པའི་དུས་གསུམ་གྱི་རྣམ་བཞག་སྟོན་པ་དང་། བྱ་བྱེད་ལས་གསུམ་སྐོར་གྱི་ལས་ཚིག་ཉུང་ཤས་ཤིག་མ་གཏོགས་ཕལ་ཆེ་བ་ཞིག་རང་གི་སྡེ་ཚན་ནང་གསེས་ནས་མིང་གཞི་འཕུལ་རྟེན་སོགས་ཕར་བརྗེ་ཚུར་བརྗེ་བྱས་པས་དོན་རྫོགས་པར་སྟོན་ཐུབ་ཀྱིན་ཡོད་དེ། དཔེར་མཚོན་ཙམ་དགོད་ན།­

ཀ་སྡེ།  མདུད་པ་སོགས་དགྲོལ་དང་འགྲོལ་བཀྲོལ། ཁྲོལ་ཞེས་དང་།

ཅ་སྡེ།  སྣོད་སོགས་སུ་གཞུག་དང་འཇུག་བཅུག ཆུགས།

ཏ་སྡེ།  དགྲ་བོ་སོགས་གདུལ་དང་འདུལ་བཏུལ། ཐུལད།

པ་སྡེ།  ཡི་གེ་སོགས་བྲི་དང་འབྲི་བྲིས། ཕྲིས།

ལུས་དང་རྣམ་ཤེས་སོ་སོར་བྲལ་དང་འབྲལ་ཕྲོལ།རྐྱ་བཀར་བའམ་ཁོར

ཙ་སྡེ།  ཤ་སོགས་བཙོ་དང་། འཚོད། བཙོས། ཚོས་ཞེས་དུས་གསུམ་སྐུལ་ཚིག་དང་བཅས་རེ་རེ་ནས་སྐད་གདངས་དང་མཐུན་པར་ཡོད་ན། འདྲི་ཚིག་དྲི་དང་འདྲི། དྲིས་དང་ཐྲིས་ཞེས་པའི་སྐབས་སུ་བོད་སྐད་ཀྱི་གདངས་ལྟར་ཐྲིས་མི་འབྲི་བར་དྲིས་འབྲི་བའི་དགོས་པ་མེད་པར་མཐོང་།

དག་ཡིག་ཐོན་མིའི་དགོངས་རྒྱནདུའང་། 

ཀ  སྒྲོན་མེ་དང་སྦྲ་གུར་སོགས། བཀར་བྱ། འགེར་བྱེད། བཀརད་ཟིན། ཁོརད་ཅིག

ཁུར་བོ་སོགས། བཀུར་བྱ། འཁུར་བྱེད། བཀུརད་ཟིན། ཁུར། བསྐུརཁུརད་ཅིག

ཅ།  དམུ་རྒོད་པ། གཅུན་བྱ། འཇུན་བྱེད། བཅུནད་ཟིན། ཆུནད་ཅིག

ཏ།  སྟན་སོགས། གདིང་བྱ། འདིང་བྱེད། བཏིངས་ཟིན། བཏིངཐོངས་ཤིག

དགྲ་སོགས། གདུལ་བྱ། འདུལ་བྱེད། བཏུལད་ཟིན། ཐུལད་ཅིག

པ།  ཡི་གེ་སོགས། བྲི་བྱ། འབྲི་བྱེད། བྲིས་ཟིན། ཕྲིས་ཤིག

ཙ།  ཆུ་དང་ཕྱེ་སོགས། གཙག་བྱ། འཚག་བྱེད། བཙགས་ཟིན། གཟགས། འཛགས། འཚེགཚོགས་ཤིགཅེས་གསུངས་ཡོད་པ་ལྟ་བུའོ། །གོང་གསལ་དཔེ་བརྗོད་འདི་དག་ལ་དགག་སྒྲའི་ཕྲད་སྦྱར་ཚེ། དགྲ་སོགས་བཏུལ་ཀྱང་མི་ཐུལ་གིན་ཟེར་བ་ལས་དགྲ་སོགས་བཏུལ་ཀྱང་མི་དུལ་གིན་མི་ཟེར་བ་ལྟ་བུས་གོ་ནུས་སོ། །

ཐྲུད་ཀྱི་འཇུག་དོན་འཆད་པ།

ཐྲུད།བྱེད་འབྲེལ་ལས་ཚིག)① ཤིང་རྟ་སོགས་ཤེད་ཤུགས་ཀྱིས་འཐེན་པའམ་འདྲུད་དུ་བཅུག་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། ས་རླངས་འཁོར་གང་ཐྲུད་ལ་ཤོག་ཅེས་དང་། ཤིང་ཆ་ཐྲུད་ལ་ཤོག ཟོག་ཤི་རོ་དེ་མར་ཐྲུད་ལ་སོང་། ཁྱོད་གཉིས་ཀྱིས་འཁོར་ལོ་ཆུང་བ་དེ་ཚུར་ཐྲུད་ལ་ཤོག ཁོ་ཁྲི་ཐོག་ནས་མར་ཐྲུད་ལ་ཐོངས་ཟེར་བ་ལྟ་བུ། དགག་ཚིག་སྦྱར་ནས་འཆད་ཚེ། འཁོར་ལོ་འདི་དྲུད་ཀྱང་མི་ཐྲུད་ཀིན། བོང་བུས་འཁོར་ལོ་འདི་ཐྲུད་གྱུ་མ་རེད་ཟེར་བ་ལས། འཁོར་ལོ་འདི་དྲུད་ཀྱང་མི་དྲུད་ཀིན། བོང་བུས་འཁོར་ལོ་འདི་དྲུད་གྱུ་མ་རེད་མི་ཟེར་བ་ལྟ་བུ།བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོདདུ། འདྲུད།〈动〉 (现、未)拉、拖、牵引。དྲུད། (过)。ཕྲུད(命)。ཅེས་བཀྲལ་ཡོད། ལག་པ་བསྲིངས་ཤིག་ཅེས་པའི་སྐུལ་ཚིག་ལ་འཇུག་སྟེ། ཁྱོད་ཀྱི་ཞགས་ལག་ཐྲུད་ཅིག་དང་དེས་མི་ཟིན་པ་མེད་ཟེར་བ་ལྟ་བུ། དག་ཡིག་གསར་བསྒྲིགསསོགས་སུ།  མ་འོངས་པ་དང་ད་ལྟ་བ་ལ་འདྲུད་དང་། འདས་པ་དང་སྐུལ་ཚིག་ལ་དྲུད་ཅེས་བཀྲལ་ཡོད། །

    ཐྲུས་ཀྱི་འཇུག་དོན་འཆད་པ།

ཐྲུས།བྱེད་འབྲེལ་ལས་ཚིག མེ་རོ་སོགས་ཕྱིར་འདྲུ་རུ་བཅུག་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། ཐབ་ཁུང་ནང་གི་མེ་མར་ལ་ཐྲུས་ཞེས་དང་། གྱང་ཁུང་ནང་གི་ས་ཚུར་ཐྲུས་ཤིག་ཟེར་བ་ལྟ་བུ།  བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོདདུ། འདྲུ 〈动〉 (现、未)掏、刨、挖。དྲུས།(过)。ཕྲུས (命)。ཞེས་བཀྲལ་ཡོད། གཞན་གྱི་སྐྱོན་མཚང་ནས་བརྗོད་ན་དེ་ལ་ངོ་མཚང་འདྲུ་དང་དྲུས་སམ་ཐྲུས་ཟེར་བའི་སྐུལ་ཚིག་ལ་འཇུག་སྟེ། བརྡ་དཀྲོལ་གསེར་གྱི་མེ་ལོངདུ། མཚང་འདྲུ་བ། སྐྱོན་འདོན་པའི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོགལས།  མཚང་འདྲུ་བ་ནི་སྐྱོན་འདོན་པ་ཞེས་གསུངས། དཔེར་ན།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།ལས། དེ་དག་ལྷན་ཅིག་ཏུ་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པར་འགྱུར་བར་གདོན་མ་ཟོས་ཏེ།ཞེས་པ་ལྟ་བུའོ་ཞེས་བཀྲལ་ཡོད།ཚེ་ཏན་ཞབས་དྲུང་ཚང་གི་གསུང་འབུམཔོད6ལྡེབ371པར།ཐ་མ་ཁའི་སྐྱོན་མཚང་འདྲུ་མཁན་ཞིག་ལོས་ཡིན་ཞེས་དང་།གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགརྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་གསུངས་པའི་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་གི་བཅའ་ཡིགདེབ11ལྡེབ164པར།མི་མང་ཚོགས་སར་ལོང་གཏམ་དང་འདུ་འཛིའི་གཏམ་སྨྲ་བ། གཞན་གྱི་སྐྱོན་བརྗོད་ཅིང་མཚང་ནས་འདྲུ་བ། སྡེ་ཕན་ཚུན་གྱི་ཕྱོགས་རིས་བཟུང་བའི་ངན་ཤགས། ཆོས་ཀྱི་བགྲོ་བ་ལ་བསྙད་པའི་གཞན་དག་དམའ་འབེབས་པའི་བཞད་གད་ཚིག་ངན་སོགས་ཀྱི་སྒོ་ནས་གྲོགས་ཚངས་པར་སྤྱོད་པ་རྣམས་སུན་མི་དབྱུང་།ཞེས་གསུངས་པ་ལྟ་བུ། སྐྱོན་མཚང་འབྲུ་དང་བྲུས་ཕྲུས་ཞེས་ཀྱང་འབྲི།དག་ཡིག་གསར་བསྒྲིགསསུ། འདྲུ་ནི་བྲུ་ཡི་ད་ལྟ་བ་འབྲུའི་འབྲི་ཚུལ་གཞན་ཞེས་བཀྲལ་ཡོད་པ་ལྟར་ན། སྐུལ་ཚིག་ལ་དྲུས་འདོད་པ་ཤུགས་སུ་བསྟན་ཡོད། དེ་ལ་དགག་ཚིག་སྦྱར་ནས་བརྗོད་ཚེ། ཁོས་ངོ་མཚང་དྲུས་ཀྱང་མི་ཐྲུས་ཀིན་ཟེར་བ་ལས། ངོ་མཚང་དྲུས་ཀྱང་མི་དྲུས་ཀིན་ཟེར་ན་བོད་སྐད་དག་མོ་ཐོན་མེད་པ་ལྟ་བུར་སྣང་། །

  ཐྲོངས་ཀྱི་འཇུག་དོན་འཆད་པ།

ཐྲོངས། བྱེད་འབྲེལ་ལས་ཚིགརྐ་ནང་དུ་ཆུ་འདྲེན་པ་དང་། བླ་མ་རང་ཁྱིམ་དུ་གདན་འདྲེན་ཞུ་རུ་མངགས་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། ཁྱོད་སོང་ནས་ཞིང་ནང་དུ་ཆུ་ཐྲོངས་ཞེས་དང་། བླ་མ་གདན་ཐྲོངས། ཁྱོས་ཨ་ཞང་ཚང་ལ་ཆང་ཞིག་ཐྲོངས་རདང། མགྲོན་པོར་ཇ་ཐྲོངས་ཟེར་བ་ལྟ་བུའོ། །བོད་ཀྱི་མཁས་པ་ཚོས་དྲོངས་འབྲི་སྟེ། དཔེར་ན།སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུསཀྱི་ལྡེབ29པར།…བུ་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །སེམས་རྣམ་ཤེས་ཁྱོད་ཀྱི་ཐུགས་ཀར་དྲོངས་ཞེས་དང་། དེ་ཉིད་ཀྱི་ལྡེབ187པར།…བརྩེ་བའི་ཕྱག་གིས་ནུབ་ཕྱོགས་བདེ་ལྡན་ཞིང་། །ངེས་པར་དྲོངས་ཤིག་རྗེ་བཙུན་ཐུགས་རྗེའི་གཏེར། །ཞེས་འབྱུང་བ་ལྟ་བུ། དེ་ལ་དགག་ཚིག་སྦྱར་ནས་བརྗོད་ཚེ།  བླ་མ་གདན་དྲངས་ཀྱང་མི་ཐྲོངས་ཀིན་ཟེར་བ་ལས། བླ་མ་གདན་མི་དྲོངས་ཀིན་མི་ཟེར། ཁ་དཔེར་ཡང་། སྐྱོན་ཅན་རྒྱལ་པོས་མི་ཁོབས། །སྡིག་ཅན་བླ་མས་མི་ཐྲོངས། །ཟེར་བ་ལས་མི་དྲོངས་མི་ཟེར་བ་ལྟ་བུའོ། །

 ཐྲོད་ཀྱི་འཇུག་དོན་འཆད་པ།

ཐྲོད།བྱེད་འབྲེལ་ལས་ཚིགས་ངོས་ཡང་མོར་བཞར་བའམ་འདྲད་དུ་བཅུག་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། ལྕགས་ཁེམ་གྱིས་ས་ངོས་ཐྲོད། གྱང་ངོས་ཐྲོད། ལྕགས་ཁེམ་གྱིས་ཁང་ཐོག་གི་འདམ་དབྱིས་དེ་ཐྲོད། ལྕགས་ཁོག་གིས་སླང་ཞབས་སུ་ཐུག་པ་འབྱར་བ་ཐྲོད། སེན་མོས་ཤོག་ངོས་ཀྱི་ནག་ཐིག་ཐྲོད་ཟེར་བ་ལྟ་བུ། དག་ཡིག་གསར་བསྒྲིགསསུ། འདྲད་ནི་འབྲད་ཀྱི་འབྲི་ཚུལ་གཞན་ཞེས་པ་ལྟར་ན། དེའི་སྐུལ་ཚིག་ལ་དྲོད་འབྲི་བ་ཤུགས་སུ་གོ་ནུས། དེ་ལ་དགག་ཚིག་སྦྱར་ནས་བརྗོད་ཚེ། ལྕགས་ཁེམ་གྱིས་ས་ངོས་དྲད་ཀྱང་མི་ཐྲོད་ཀིན། སེན་མོས་དྲད་ན་ཐྲོད་གྱུ་མ་རེད་ཟེར་བ་ལས། ལྕགས་ཁེམས་གྱིས་ས་ངོས་དྲད་ཀྱང་མི་དྲོད་ཀིན། སེན་མོས་དྲད་ན་དྲོད་གྱུ་མ་རེད་ཟེར་ན་བོད་སྐད་དག་མ་ཐོན་མེད་དོ། །

ཐྲོས་ཀྱི་འཇུག་དོན་འཆད་པ།

ཐྲོས།བྱེད་འབྲེལ་ལས་ཚིག)① ཁེ་གྲི་དང་སོག་ལེ་སོགས་ཀྱིས་རས་དང་ཤིང་སོགས་དུམ་བུར་གཤགས་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། ཁྱོད་ཚོང་ཁང་དུ་སོང་སྟེ་རས་ཁ་གང་ཐྲོས་ཤོག་ཅེས་དང་། ཁྱོད་ཀྱིས་ཤོག་བུ་ཐྲོས་དང་ངས་ཐིག་རྒྱག་ཅེས་པ། ཁྱོད་སོང་སྟེ་ཤེལ་སྒོ་ཐྲོས་ཤོག་ཅེས་པ། ཁྱོད་གཉིས་ཀྱིས་ཤིང་ལེབ་ཐྲོས་ཞེས་པ་ལྟ་བུའོ། ། དུས་གསུམ་གྱི་དབང་དུ་བྱས་ན་མ་འོངས་པ་ལ་དྲ་དང་། ད་ལྟ་བ་ལ་འདྲ། འདས་པ་ལ་དྲས་འཇུག དག་ཡིག་གསར་བསྒྲིགསསོགས་སུ། སྐུལ་ཚིག་ལ་དྲོས་འཇུག་པར་བཤད་ཀྱང་། ཨམ་སྐད་དུ་ཐྲོས་སྒྲ་ཐོན་པར་མ་ཟད་དྲོས་ཞེས་སྦྱར་ཚེ་བརྗོད་མི་བདེ། དེ་ལ་དགག་ཚིག་སྦྱར་ནས་བརྗོད་ཚེ། ཁེ་གྲིས་རས་དྲས་ཀྱང་མི་ཐྲོས་ཀིན། སོག་ལེ་ཡིས་ཤིང་དྲས་ཀྱང་མི་ཐྲོས་ཀིན་ཟེར་བ་ལས། མི་དྲས་ཀིན་ཟེར་ན་བརྗོད་མི་བདེ་བ་ལྟ་བུའོ། ། ཕྱོགས་གཉིས་བར་ལ་གྱོད་ཁ་མཆུ་བསླངས་པའམ་བཟོས་པའི་དོན་གྱི་སྐུལ་ཚིག་ལ་འཇུག་སྟེ། གྱོད་འདྲ་མཁན། གྱོད་དྲས། དེ་གཉིས་བར་ལ་གྱོད་ཅིག་ཐྲོས་ཡཐོངས། ཁྱོད་ད་རེབ་སོང་ནས་གྱོད་ཅིག་ཐྲོས་ཤོག་དང་ངས་ཅི་བྱེད་ལ་བལྟ་ཟེར་བ་ལྟ་བུའོ། །

 ཐྲག་གི་འཇུག་དོན་འཆད་པ།

ཐྲག བྱེད་མེད་ལས་ཚིགལེགས་པོའམ་ཡག་པོ་བྱུང་བ་སྟེ། མི་དང་རྒྱུ་རྫས། ཁ་དོག་དང་ས་ཆ་སོགས་ཁྱིམ་ཚང་ལ་འཕྲོད་པའམ་ཁ་དྲོ་བྱུང་བའི་དོན། མནའ་མ་དེ་ཁྱིམ་ཚང་དེ་ལ་ཧ་ཅང་ཐྲག་ཟེར་བ་ལྟ་བུ། མཚོ་སྔོན་གྱི་ཐེམ་ཆེན་རྫོང་སོགས་ཀྱི་སྟོན་བཤད་སྐབས་སུའང་ལོ་བཏབ་ན་སྐྱེས་ས་འཁྲུངས་ས་ཡིན་ནོ། ། གཉེན་བཟུང་ན་ཐྲག་ས་འཕྲོད་ས་ཡིན་ནོ། །ཟེར་སྲོལ་ཡོད། རྒྱུ་རྫས་དེ་ངེད་ཚང་ལ་ཐྲག་ཐལ། ངེད་ཚང་ལ་རྟ་ར་ར་ཅན་པོ་ཐྲག་གིན།  ས་ཆ་དེར་གནས་སྤར་བས་ངེད་ཚང་ལ་ཐྲག་ཐལ་ཟེར་བ་ལྟ་བུ། དེ་ལས་ལྡོག་པའི་མངོན་རྟགས་ཤར་ཚེ་མ་ཐྲག་གམ་མི་ཐྲག་ཟེར་ཏེ། སྡེ་བ་དེའི་མནའ་མ་ཁྱིམ་ཚང་དེར་མི་ཐྲག་གིན།   རྒྱུ་རྫས་དེ་ཁོ་ཚང་ལ་མ་ཐྲག་ཐལ་ཟེར་བ་ལྟ་བུ། གཞན་ཡང་ལོ་ཚད་ངེས་ཅན་དང་ནད་རིགས་ངེས་ཅན་ཞིག་གི་སྟེང་ནས་ཤི་ཆད་བྱུང་ན། ཁྱིམ་ཚང་དེ་ལ་ཐྲག་ཅིག་ཡོད་ཀིན་ཟེར་བ་ལྟ་བུའོ། །མཚོ་སྔོན་གྱི་མགོ་ལོག་དང་། སི་ཁྲོན་གྱི་མཛོད་དགེ་རྫོང་སོགས་ཀྱི་སྐད་དུ། ཁ་ཐྲག་གིན། ཁ་མི་ཐྲག་གིན། ཐྲག་ཁ་ཡོད་ཀིན་ཞེས་དང་། ཆུང་མ་གསུམ་གྱི་ཐྲག་ཁ། །རྟ་བོ་གསུམ་གྱི་སྲབ་ཁ། །ཞེས་བཤད་རྒྱུན་མཆིས། འདིར་བསྟན་གྱི་ཐྲག་ཅེས་པ་དྲག་གི་འབྲི་ཚུལ་གཞན་ཏེ། ཨམ་སྐད་དུ། སྒྲ་རྩོལ་དྲག་ཅིང་རྩུབ་ལ་ངག་ཏུ་བརྗོད་བདེ་ཕྱིར་ཐྲག་ཅེས་པའི་གདངས་ཐོན། སྒྲའི་སྦྱོར་ལུགས་དེ་འདྲ་ཨམ་སྐད་ཁྲོད་མང་དུ་མཆིས་ཏེ། དཔེར་ན། རང་ག་བའི་དོན་ལ་རང་གའི་མི་ཟེར་བར་རང་ཁའི་ཟེར་ཞིང་། ཚད་པ་ཆེ་ལ་ཙད་པ་ཆེ། ཁ་ཕོར་ལ་ཀ་བོར། གངས་ལ་ཁངས། བཀྱིག་དང་འཁྱིག་ལས་འཕྲོས་ཏེ་འཁྱིག་བདག་ཟེར་བ་ལས་བཀྱིག་བདག་མི་ཟེར་བ། ཐབ་ཀའི་ཁོལ་ཁུང་ལ་གོལ་ཁུང་ཟེར་བ། ཨ་ཙི་ལ་ཨ་ཛིའམ་ཨ་རྫི། སྒྱེ་མོའི་ཁ་སྡོམ་བྱེད་ཀྱི་ཐག་པ་ཕྲ་བུའི་མིང་ལ་ཁ་ཐིག་ཡིན་ཡང་ཐིག་གི་ཚབ་ཏུ་དིག་སྦྱར་བ་ལས། ཁ་གདིག་གམ་ཁ་འདིག་ཅེས་པའི་གདངས་ཐོན་པ། མི་བཞི་བརྒྱད་དོ་ལ་མི་བཞི་བརྒྱད་འདོ། བརྩེ་དུངས་ལ་བརྩེ་གདུང་གི་གདངས་ཐོན། ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱི་འབྲོག་སྐད་དུ། ཁལ་འགེལ་བ་ལ་ཝལ་འགེལ་ཟེར་བ་དེ་ཡང་ཁལ་གྱི་ཚབ་ཏུ་གལ་སྦྱར་བ་ལས་ཝལ་སྒྲ་ཐོན་པ་ལྟ་བུའོ། །བོད་རྒྱ་ཚིག་མཛོད་ཆེན་མོརུ། དྲག་པ①(ཐ་མི་དད་པན་ཚ་སངས་པ། སྨན་བཅོས་བྱས་ནས་ནད་དྲག་སོང་། 形容词。 ཤུགས་ཆེ་བའམ་ཚབས་ཆེ་བ། སྒྲ་དྲག་པ། རྩ་འཕར་ཤུགས་དྲག་པ། ཡག་པ་དང་ལེགས་པའམ། མཆོག་གམ་བཟང་བ། ལས་བྱེད་དྲག་པ། སྡོད་ཁང་དྲག་པ། ས་བབས་དྲག་པ། མི་དེ་ཚོའི་ནང་ནས་ལས་ཀ་སུ་དྲག་པ་འདུག ཁྱེད་ལ་ཐུགས་རྒྱུས་ཡོད་པས་དྲག་པ་མ་གཏོགས་དབུ་འཐོམ་ཡོང་། འདིར་བསྡད་པ་ལས་དེར་ཕྱིན་པ་དྲག མཐོ་བ། མི་དྲག་པ། ཞེས་བཀྲལ་ཡོད། དག་ཡིག་གསར་བསྒྲིགསསུ། དྲག་པནི་ཡག་པའམ་ལེགས་པའི་དོན་དུ་བཀྲལ་བའང་ཡོད་དེ། འདིར་སྡོད་པ་ལས་གཞན་དུ་ཕྱིན་ན་དྲག་ལྟ་བུ། ཞེས་བཀྲལ་ཡོད་པ་དག་གིས་ཀྱང་ངེས་ཤེས་ཇེ་ཟབ་ཏུ་འདྲོངས་ནུས་སོ། །

   ཐྲིལ་གྱི་འཇུག་དོན་འཆད་པ།

ཐྲིལ།ཐ་དད་པའི་ཚིགདྲིལ་དང་འདྲིལ་གྱི་འབྲི་ཚུལ་གཞན་ཏེ། ཕྱོགས་ཅིག་ཏུ་འདྲིལ་ཐུབ་མི་ཐུབ་པའམ་གོ་རར་འཆུག་མི་འཆུག་པའི་དོན་ལ་འཇུག ཨ་མདོའི་ཡུལ་མང་ཤོས་ཀྱི་སྐད་དུ། ཐྲིསཞེས་པའི་གདངས་ཐོན། དཔེར་ན། རྩམ་པ་སོགས་སྦྱིབས་ཆུ་མེད་པར་སྐམ་ཟོས་བྱས་ཚེ་ཁའི་ནང་ནས་ལྕེ་ཡིས་ལོག་ལོག་བྱེད་དཀའ་བའི་དོན་ལ། རྩམ་སྐྱ་ཁ་འགམས་ན་ཁའི་ནང་ནས་མི་ཐྲིལ་ཞེས་དང་། གོ་རེ་སྐམ་ཟོས་བྱས་ན་ཁའི་ནང་ནས་མི་ཐྲིལ་ཟེར་བ་ལྟ་བུ། གཟུགས་བོངས་ཆུང་བ་ཞིག་གིས་གཟུགས་རིང་ཞིང་ཤ་རྒྱགས་ཅན་གྱི་མི་ཞིག་ལ་འཇུ་རེས་བྱས་ན་གོ་རར་མི་འཆུགས་པའི་དོན། ཁོས་འཇུ་ཡ་ཐྲིལ་གྱིན་མེད་ཟེར་བ་ལྟ་བུ། བོངས་ཆེ་རུ་སོང་བའི་དོན་ཏེ། བུས་པ་སྦྲུམ་མའི་ཁོག་ནས་ཐྲིལ་དེངས་ཟིག བུས་པ་ཁོག་ནས་ཐྲིལ་ཆེ་ན་བཙའ་དཀའ་ཟེར་བ་ལྟ་བུ། མགོ་ལོག་གི་རྨ་སྟོད་རྫོང་དང་། ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱི་སྐད་དུ། ཐྲིའུཞེས་པའི་གདངས་ཐོན་ཟེར། དཔེར་ན། ལུ་གུ་ལག་ཆགས་པ་ལ་ལུ་གུ་ཐྲིའུཐྲིལ།དེངས་ཟིག་ཟེར་བ་ལྟ་བུ།  ནུས་སམ་མི་ནུས་པའི་དོན་ཏེ། མཚོ་སྔོན་གྱི་ཐེམ་ཆེན་རྫོང་གི་སྐད་དུ། མི་ཞིག་ལ་དོན་དག་ཅིག་སྒྲུབ་བཅོལ་བྱེད་སྐབས། སྒྲུབ་མི་ནུས་པ་ཞིག་ཡིན་ཚེ་དོན་དེ་ངས་ཐྲིལ་ནི་མ་རེད་ཅེས་དང་། སྒྲུབ་ནུས་པ་ཞིག་ཡིན་ཚེ། དེ་ཆོག་གིན། ངས་ཁོ་ག་ཚོ་ཐྲིལ་ནི་རེད་ཅེས་དང་། འཇུ་རེས་བྱས་ནས་དོ་ཡར་མི་འོངས་ཚེ་ཐྲིལ་གིན་མེད་ཀིན། ཐྲིལ་ནི་མ་རེད། ཁོས་འཇུ་ཡ་ཐྲིལ་གྱིན་མེད་ཀིན། ད་ཁྱོས་ལྟོས་རདང། ཐྲིལ་མདངས་མེད་ཀིན་མོད་ཟེར་བ་ལྟ་བུ། ཚོགས་པའི་བར་ལའང་དེ་སྐད་དུ་སྦྱོར་རུང་སྟེ། ཐག་འཐེན་བྱེད་སྐབས་སྡེ་བ་དེས་སྡེ་བ་འདི་ཐྲིལ་གིན་མེད་ཟེར་བ་ལྟ་བུའོ། །དག་ཡིག་གསར་བསྒྲིགསསུ།  ཕྲུ་ནི། རྒྱན་ཚིགཕྱེ་རྩམ་ལ་ཆུ་ཉུང་ངུར་བསྲེས་ནས་བརྫིས་ཏེ་རྡོག་པོར་འདྲིལ་དཀའ་བ་སྟེ། རྩམ་པ་ཕྲུ་ཕྲུ་བརྫིས་ལྟ་བུ། ཞེས་བཀྲལ་ཡོད་པ་དེ་བཤད་བྱ་འདི་དང་མཐུན་ཤོས་ཆེ་ཕྱིར་གཤིབ་བསྡུར་དང་ཟུར་ལྟའི་ཚུལ་དུ་དྲངས་པའོ། །

  ཐྲུ་ཡི་འཇུག་དོན་འཆད་པ།

ཐྲུ། དྲུའམ་དུ་ཞེས་པ་ལས་གྱེས་པའི་གྱེས་མིང་ཡིན་ཏེ། ཨ་མདོའི་ཡུལ་བྱེ་བྲག་གི་སྐད་དུ། དུས་ལ་སྐབས་འགའ་རེར་དྲུས་དང་འདྲུས་ཀྱི་གདངས་ཐོན་པ་མཆིས། ཟེར་དུས་ལ་ཟེར་དྲུས། དེ་ཡིན་དུས་ལ་དེ་ཡིན་འདྲུས་ཐད་ཚོ། མིན་དུས་ལ་མིན་འདྲུས་ཐད་ཚོ་ཟེར་བ་ལྟ་བུ། དེ་བཞིན་དུ་འགྲོ་དུས་འདུག་དུས་ལ་འགྲོ་རུས་འདུག་རུས་དང་། ཁར་མི་ཉན་དུས་ཐད་ཚོ་ལ་ཁར་མི་ཉན་རུས་ཐད་ཚོ་ཞེས་རུས་སྒྲ་ཐོན་པའང་དུས་ལས་དྲུས་དང་དྲུས་ལས་རུས་སུ་གྱེས་པ་ཡིན།  དེ་ལྟར་ཨ་མདོའི་ཕྱོགས་ཀྱི་ཡུལ་རེབ་གོང་དང་གཅན་ཚ་སོགས་ཀྱི་སྐད་དུ། ཅུང་ཙམ་འགོར་རྗེས་ཀྱི་དོན་ལདུ་འཕྲོར།རམདྲུ་འཕྲོར། ཐྲུ་འཕྲོར།བཅས་ཟེར་ཞིང་། ཐྲུ་དེ་གསལ་བྱེད་ཀྱི་སྡེ་བ་ནང་ཚན་ནས་གཅིག་ཚབ་གཅིག་ཏུ་སོང་བའམ་གྱེས་མིང་ཡིན། ང་དུ་འཕྲོར་ཁྱེད་ཚང་ལ་ཡོང་ཞེས་པ་ལ། ང་ཐྲུ་འཕྲོར་ཁྱེད་ཚང་ལ་ཡོང་ཟེར་བ་ལྟ་བུ། དུ་དང་དུས་ལ་རྗེས་འཇུག་ས་ཡོད་མེད་ཀྱི་ཁྱད་པར་ནི། འདི་མོ་ལ་འདིས་མོ། ད་ཅི་ལ་ད་ཅིས། ཡོང་རྒྱུ་ལ་ཡོང་རྒྱུས། འགྲོ་སྒོ་ལ་འགྲོ་སྒོས། བསོད་ཚེ་ལ་བསོད་ཚེས། མགོ་ཏི་ལ་མགོ་ཏིས། དབུས་སྐད་དུ་མི་ལ་མིས་སོགས་ཀྱི་གདངས་ཐོན་པ་དང་ཆོས་མཚུངས།བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུསཀྱི་ལྡེབ100པར།དེ་ནས་དགུང་ཐུས་བགོས་སྟེ། སླར་མཆིས་སོ། །ཞེས་དགུང་དུས་ལ་དགུང་ཐུས་ཞེས་བྲིས་ཡོད་པ་ལྟ་བུའོ། །

  ཐྲོ་ཡི་འཇུག་དོན་འཆད་པ།

ཐྲོ། བྱེད་མེད་ལས་ཚིག)① བྱ་བ་ལམ་ལྷོངས་འབྱུང་བའམ་བཀྲ་ཤིས་པའི་དོན་ཏེ། ཨ་མདོའི་ཡུལ་བྱེ་བྲག་གི་སྐད་དུ། ཁྱོད་ཁ་དྲོ་ཞེས་པ་ལ་ཁྱོད་ཁ་ཐྲོ་ཞེས་ཐྲོ་སྒྲ་ཐོན། ཁྱོད་ཁ་ཐྲོ་བཀྲ་ཤིས་ཟེར་བ་ལྟ་བུ། དགེ་མི་དགེའམ་ཡ་མཚར་བའི་དོན་སྟོན་པ་ལ་འཇུག་སྟེ། ཨ་རོརོགས། མ་ཐྲོ་ཟིགཞིག། ཁྱོད་རེམ་མར་འདིར་ཤོག་དང་། ངེད་ཚང་ལ་རྐུན་མ་འཛུལ་དེངས་ཟིགཞིགཅེས་སམ། ཨ་ཧོ། མ་ཐྲོ་ཐལ། ངས་ཨ་ཕའི་ཁ་ཕོར་བཅག་སོང་ཞེས་དང་། ཁ་སང་དེ་རིང་ཁོ་ལ་ཁ་ཐྲོ་གིན་ཡང་མེད་ལ། ཁ་ཐྲོ་རྒྱུའང་མ་རེད།  སུ་ཚང་ལ་མ་ཐྲོ་པ་ཞིག་བྱུང་ངམ་ཟེར་བ་ལྟ་བུའོ། །མ་ཐྲོ་ཐལ་ནི། མ་འགྲིག་ཐལ་ལམ་མ་བཟང་ཐལ་ཞེས་པའི་དོན་དང་། ཐྲོ་མེད་ནི་འགྲིག་མེད་ཅེས་པའི་དོན། དགག་ཚིག་སྦྱར་ནས་འཆད་དུས། རྟེན་འབྲེལ་ལོག་པ་བྱུང་བའམ་སྟབས་ཉེས་བྱུང་བའི་དོན་ལ། ཁོ་ཚང་ལ་རྟ་དེ་མ་ཐྲོ་ཐལ། གཞི་ས་དེ་མ་ཐྲོ་ཐལ་ཞེས་ཐྲོ་ཡི་གདངས་ཐོན་པ་ལས། རྟ་དེ་མ་དྲོ་ཐལ། གཞི་ས་དེ་མ་དྲོ་ཐལ་ཞེས་དྲོ་ཡི་གདངས་མི་ཐོན་པ་ལྟ་བུ།བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུསཀྱི་ལྡེབ88པར།མཆན་འགྲེལ་གྱི་སྐབས་སུལྟམ། 714ལོའི་དོན་ཆེན་གནད་བསྡུས་ནང་གསལ་བའིའདུན་མ། མལ་ཐྲོ་ལྟམ་སུ། བློན་ཆེན་པོ་ཁྲྀ་གཟིགས་གྱི་བསྡུསྟེ། ཞེས་འཁོད་འདུག་པ་ལ་བལྟས་ན། ལྟམ་ཟེར་བའི་ས་ཆ་དེ་དེང་སང་མལ་གྲོ་གུང་དཀར་རྒྱུད་དུ་ཡོད་ཚོད་འདུག་ཅེས་དང་།ལྡེབ101པར།དབའས་དབྱི་ཚབ་ཀྱྀ་བྱ་དགའར། ཟ་གད་གཤེན་གྱི་ཡུལ་ས་དང་། མལ་ཏྲོ་པྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱའ་བསྩལ་ཏོ། ཞེས་འབྱུང་བ་ལྟ་བུ།  དེ་ལས་དྲོ་ལ་ཐྲོ་དང་ཏྲོ་གང་རུང་བརྗེ་སྤོར་གྱི་ཚུལ་དུ་འབྲི་ཆོག་ཅིང་བརྗོད་རུང་བ་ཤེས་ནུས། །

  ཐྲུག་གི་འཇུག་དོན་འཆད་པ།

ཐྲུག གྲངས་གནས་མཚོན་བྱེད་དྲུག་ཅེས་པའི་ཚབ་མིང་ངམ་གྱེས་མིང་སྟེ། མཚོ་སྔོན་མགོ་ལོག་གི་རྨ་ཆེན་རྫོང་དང་རྨ་སྟོད་རྫོང་། ཀན་ལྷོའི་རྨ་ཆུ་རྫོང་བཅས་ཀྱི་སྐད་དུ། དུས་རྒྱུན་ནམ་རྒྱུན་པར་ཞེས་པའི་དོན་ལ། ཉི་མའི་ཐྲུག་ཟེར་ཏེ། ཁྱོས་ཉི་མའི་ཐྲུག་གིས་དོམ་འདེད་ཀིན་འདུག་ཟེར་བ་ལྟ་བུ། ཚིག་དེ་བསྡུས་པས་ཉིན་ཐྲུག་ཟེར་ཏེ། ཁྱོས་ཉིན་ཐྲུག་གིས་ང་འདུག་ཏུ་མི་འཇུག་ཟེར་བ་ལྟ་བུ། གཅན་ཚ་རྫོང་དང་ཁྲི་ཀ་རྫོང་། ཐེམ་ཆེན་རྫོང་བཅས་ཀྱི་སྐད་དུ། ཉི་མུན་དྲུག་གམ་ཉི་མུན་ཐྲུག་གཉིས་ཀ་ཟེར། དེ་ནི་ཉིན་མཚན་དུས་དྲུག་ཅེས་པའི་བསྡུས་མིང་ཡིན་ཏེ། ཁྱོས་ང་ལ་ཉི་མུན་དྲུག་གིས་བསྡིགས་དོན་ཅི་ཡིན་ཞེས་དང་། ཁྱོས་ང་ལ་ཉི་མུན་ཐྲུག་ལ་བསྡིགས་ནས་ཅི་བྱེད་ཟེར་བ་ལྟ་བུའོ། །

གསུམ་པ། མཇུག་གི་གཏམ།

གོང་སྨོས་ཐྲ་ཡིག་བཅུ་གཅིག་པོ་དེ་དག་ཀྱང་མདོར་དེད་ན། སྡེ་ཚན་རང་ནང་གསེས་ཀྱི་མིང་གཞི་ད་ལ་ར་བཏགས་སོགས་སྦྱར་བའི་དྲ་ཡིག་དང་འབྲེལ་བ་ཡོད་ཅིང་དེ་ལས་གྱེས་པའམ་བརྗོད་པ་བདེ་ཕྱིར་གཅིག་ཚབ་གཅིག་ཏུ་བྱས་པ་ཙམ་ལས་མི་འདའ་སྟེ། དཔེར་ན། ཨ་མདོའི་གཅན་ཚ་རྫོང་དུ་ཡོད་པའི་སྣང་རའི་གསེར་ཁང་ལ་སྣང་རའི་གསེར་རྐང་ཞེས་འབྲི་བ་དེ་ཡང་། དོན་གྱིས་ཁང་གི་ཚབ་ཏུ་ཀང་བྲིས་པ་ལས་བྱུང་ཞིང་། མིང་སྔ་ལོགས་ཀྱི་རྗེས་འཇུག་ར་དེ་མིང་ཆ་ཕྱི་མ་ཀའི་མགོ་ཅན་དུ་སོང་བས་ཀང་དེ་རྐང་དུ་གྲུབ། ཨམ་སྐད་དུ། ལྷ་ཁང་ལལྷི་ཝངཞེས་པའི་གདངས་ཐོན་པ་ཡང་ཁང་གི་ཚབ་ཏུ་གང་བྲིས་ཏེཝངསྒྲ་ཐོན་པ་ལས་ཁང་ཡིག་ལཝངསྒྲ་ཡེ་ནས་མི་ཐོན། དེ་བཞིན་དུ། མར་ཁུ་ལ་མར་རྐུ་ཞེས་དང་། ཆུར་ཁུ་ལ་ཆུར་རྐུ  ཡར་ཁ་མར་ཁ་ལ་ཡར་རྐ་མར་རྐ་ཟེར་བ་སོགས་ཀྱང་། ཁུ་དང་ཁ་ཡི་ཚབ་ཏུ་ཀུ་དང་ཀ་བྲིས་ཤིང་། མིང་ཆ་སྔ་མའི་རྗེས་འཇུག་ར་དེ་མིང་ཆ་ཕྱི་མའི་མགོ་ཅན་དུ་སོང་ནས་རྐུ་དང་རྐ་རུ་གྱུར་པ་ཡིན། དེ་དང་མཚུངས་པར། གཅིག་སྒྲིལ་དང་ཆིག་སྒྲིལ། ཆུང་དང་ཅུང་། དྲག་དང་ཐྲག དྲུག་དང་ཐྲུག ཤིང་ཏོག་དང་ཤིང་ཐོག བོང་ཕྲུག་དང་བོང་པྲུག་སོགས་དེ་འདྲའི་གཅིག་ཚབ་གཅིག་གིས་འབྲི་རུང་བའི་གྱེས་མིང་གི་སྐོར་དེང་སང་ཨམ་སྐད་ཁྲོད་སྔར་བཞིན་མང་བར་མ་ཟད། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུསཀྱི་ལྡེབ117པར། བྱ་གཅོད་ལ་བྱ་གཆོད། ཕྱག་ལྕག་ལ་པྱག་ལྕག རང་འཐག་ལ་རང་ཏག་ཅེས་དང་། ལྡེབ101པར། མལ་དྲོ་ལ་མལ་ཏྲོ་དང་མལ་ཐྲོ། གཏོགས་སོ་ལ་གཐོགས་སོ། དགུང་དུས་ལ་དགུང་ཐུས་ཞེས་སོགས་བྲིས་པ་མང་དུ་སྣང་ཞིང་། ཨམ་སྐད་ལ་རྒྱུན་ཆགས་ཀྱི་སྐད་ཟེར་དོན་ཡང་དོན་དེ་ཉིད་ལས་མ་འདས་ཕྱིར། བོད་ཀྱི་ཡིག་རྙིང་ཁག་དང་ཡབ་མེས་ཀྱི་སྐད་ལ་ཞིབ་འཇུག་བྱ་ཚེ་ཨམ་སྐད་ཉིད་ལ་མ་བརྟེན་ཐབས་མེད་ཡིན་པ་ཁོ་བོས་མགོ་བོ་གཟེངས་སུ་བསྟད་ནས་སྨྲ་རུ་སྤོབས། །

མདོར་ན། བོད་ཀྱི་བརྡ་སྤྲོད་རིག་པ་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ན། ཕྱིས་བྱོན་བརྡ་འགྲེལ་མཁན་པོ་རྣམས་ཀྱིས་རང་རང་གི་བློ་གྲོས་ཀྱི་རྩལ་དང་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས། སུམ་རྟགས་ཀྱི་གཞུང་དུ་མ་གསུངས་པའི་ཚིག་ཕྲད་དང་ལས་ཚིག་དུ་མ་གསར་དུ་བསྣན་པ་ཡོད་དེ། དཔེར་ན། བདག་སྒྲའི་སྐབས་སུ་དགེ་སློང་ཕ་དང་། བྲམ་ཟེ་ཕོ་ཞེས་ཕ་དང་ཕོ་ཡིག་གཉིས་བསྣན་ཡོད་པ་དང་། ལྷག་བཅས་ཀྱི་ཏེ་སྒྲ། འབྱེད་སྡུད་ཀྱི་ཏམ་སྒྲ། རྫོགས་ཚིག་གི་ཏོ་སྒྲ་སོགས་ལྟ་བུ་དང་། ཨ་མདོའི་ཁ་སྐད་དུ། སྐད་ཆ་བཤད་རྒྱུ་ཡིན། བཤད་ཀིན་ཡོད། བཤད་ཟིན། ཤོད་ཅེས་ལས་མི་ཟེར་ཀྱང་། ཡིག་སྐད་དུ། སྐད་ཆ་སོགས་འཆད་བྱ། འཆད་བྱེད། བཤད་ཟིན། ཤོད་ཅིག་ཅེས་འཆད་ཡིག་གསར་དུ་བསྣན་ཡོད་པ། ཁ་སྐད་དུ། ལེགས་སྐྱེས་སོགས་སྟེར་བའམ་བྱིན་པའི་དོན་གྱི་ཞེ་ཚིག་ལ་འབུལ་ཡིག་ཁོ་ན་མ་གཏོགས་མི་ཟེར་ཀྱང་། ཡིག་སྐད་དུ། དབུལ་བྱ། འབུལ་བྱེད། ཕུལ་ཟིན། ཕུལ་ཅིག་ཅེས་གཟུགས་འགྱུར་གསུམ་ཅན་དུ་བྱས་ཡོད་པ། དེ་བཞིན་དུ། ཁ་སྐད་ལ། སྡོང་པོ་སོགས་འཛུགས་བྱ་དང་། འཛུགས་བཞིན་པ། བཙུགས་ཟིན། ཚུགས་ཤིག་ཅེས་མ་གཏོགས་མི་ཟེར་ཀྱང་། ཡིག་སྐད་དུ། སྡོང་པོ་སོགས་གཟུག་བྱ། འཛུགས་བྱེད། བཙུགས་ཟིན། ཚུགས་ཤིག་ཅེས་རེ་རེ་ནས་གཟུགས་འགྱུར་ཡོད་པར་བྱས་ཡོད་པ་སོགས་ལྟ་བུ་དང་། ལྷག་པར་དུ། དེང་གི་མཁས་མིང་འཛིན་པ་ཁ་ཅིག་གིས་དགོས་དབང་གིས་ཕྱི་ཡིག་གམ་རྒྱ་ཡིག་གི་བརྡ་རྟགས་མང་པོ་ཞིག་བོད་ཀྱི་རྩོམ་གཞུང་དུ་བཅུག་དང་འཇུག་གྱིན་པ་དེ་ལྟ་ན། བདག་གིས་ཨམ་སྐད་ཞིབ་འཇུག་ཁྲོད་ཁུངས་ལུང་ཡོད་པའི་སྒོ་ནས་ཐྲ་ཡིག་གི་འཇུག་ཚུལ་གསར་བ་འགའ་བསྔོགས་འདོན་བྱས་པ་འདི་ཡང་།  རིག་པའི་དཔའ་བོ་རྣམས་ལ་ས་ཕག་འཕངས་ནས་གཡང་ཊི་འདྲེན་པའི་ཚུལ་དུ་སྤྱན་གཟིགས་སུ་ཕུལ་བ་ལགས་ན། དོན་ལ་གནས་ཤིང་ལུགས་དང་མཐུན་པའི་བཞེད་ཚུལ་གསར་བ་རེ་ཡོད་ཕྱིན་ལྷུག་སྩོལ་གནང་རོགས་ཞུ། །

  སྨྲས་པ། 

མེད་པ་གསར་བཟོ་མིན་ཏེ་ཡོད་ཀྱང་ནི། །ལས་རྐང་མ་རེག་ལས་སྒུག་མལ་ས་རུ།  །

གཟིམས་ནས་སྟོང་ལོ་ཕྱིན་པའི་ཐྲ་ཡིག་ལ། །འཕུར་སྐྱོད་ཁོང་གསེང་ཆེ་རུ་བཏང་འདི་མཚར། །

ཞེས་ཀྱང་ཐལ་ལོ། །   ། །

དཔྱད་གཞིའི་ཡིག་རིགས།

①《དག་ཡིག་གསར་བསྒྲིགས》(དག་བཅོས་མ2014ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

བརྡ་དཀྲོལ་གསེར་གྱི་མེ་ལོང1997ལོ། མི་རིགས་དཔེ་སྐྲུན་ཁང་།

དག་ཡིག་ཐོན་མིའི་དགོངས་རྒྱན1955ལོ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།  

བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད1993ལོར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ1994ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

ཐོན་མིའི་ཞལ་ལུང1980ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས1998ལོར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

ཚེ་ཏན་ཞབས་དྲུང་ཚང་གི་གསུང་འབུམ2007ལོ། མི་རིགས་དཔེ་སྐྲུན་ཁང་།

གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ11ལྡེབས164པར་གསལ། 1989ལོ།མི་རིགས་དཔེ་སྐྲུན་ཁང་།

བོད་རྒྱ་ཚིག་མཛོད་ཆེན་མོ1985ལོ། མི་རིགས་དཔེ་སྐྲུན་ཁང་།

⑾《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས1983ལོ། མི་རིགས་དཔེ་སྐྲུན་ཁང་།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།