རྗེ་འཇིགས་མེད་ཐེག་མཆོག་ལགས་ཀྱི་སྐུ་ཚེའི་མཛད་རྣམ་བསྡུས་པ།

微信图片_20180610163747.jpg

མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་བོ་རྗེ་འཇིགས་མེད་ཐེག་མཆོག་ལགས་ནི་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ1954ལོའི་ཟླ6པའི་ཚེས13ཉིན་རེབ་གོང་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ལེ་ལག སྨད་པ་ཧ་ར་བ་དྷི་ཞེས་བྱ་བར་ཡབ་འཕགས་པ་སྐྱབས་དང་ཡུམ་ཀླུ་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་མིང་ལ་རྡོ་རྗེ་ཚེ་བརྟན་ཞེས་འདོགས་གནང་མཛད་ཅིང་། སེམས་དཔའ་ཆེན་པོ་རྗེ་ངག་དབང་ཆོས་ལྡན་གྱི་སྐུའི་སྒྱུ་འཕྲུལ་དུ་ངོས་འཛིན་མཛད།

1958ལོ་སྟེ་རང་ལོ་བཞིའི་དུས་སུ་སྐུ་གཞོགས་ཨ་རོལ་རྡོ་རྗེ་འཆང་གི་མདུན་ནས༼ཐུགས་རྗེ་ཆེན་པོ་བཅུ་གཅིག་གི་དབང༽དང་། དཔྱི་ས་བློ་གྲོས་རྒྱ་མཚོའི་དྲུང་ནས༼ཨ་རོལ་རྡོ་རྗེ་འཆང་གི་ལམ་རིམ༽གྱི་ཁྲིད་དང་། སྐྱབས་མགོན་བདུན་པའི་དྲུང་ནས་ཁོང་གི༼ཚེ་རབས་རྗེས་འཛིན༽གྱི་ལུང་སོགས་གསན།

1959ལོ་སྟེ་རང་ལོ་ལྔ་བ་ནས་རྗེ་བཙུན་མ་དཀོན་མཆོག་སྒྲོལ་མའི་དྲུང་ནས་ཡི་གེ་འབྲི་ཀློག་གི་འགོ་བརྩམ་སྟེ་འདོན་ཆོས་སྤྱོད་རིམ་པ་རྣམས་ཐུགས་འཛིན་མཛད།1961ལོ་སྟེ་རང་ལོ་བདུན་པ་ནས་སློབ་གྲྭར་འགྲིམས་ཞོར་དུ༼ལམ་རིམ་ཚིགས་བཅད་མ༽དང༼བདེ་ལམ་ཤར་སྒོམ༽སོགས་ཐུགས་འཛིན་མཛད་ལ་ཉིན་རེར་བརྐྱངས་ཕྱག་བརྒྱ་རེར་མ་ཆག་པར་མཛད།

1963ལོ་སྟེ་རང་ལོ་དགུའི་སྟེང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་ལ་ཐོག་མའི་མཇལ་ཁ་ཞུས་པ་དང་། ༼འཇམ་དཔལ་མཚན་བརྗོད༽ཀྱི་ལྗགས་ལུང་གསན་པ་དང་ཞོར་དུ་དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི༼བརྡ་དག་མིང་ཚིག་གསལ་བ༽ཐུགས་འཛིན་མཛད།

1968ལོ་སྟེ་རང་ལོ་བཅུ་བཞིའི་སྟེང་སྨད་པ་སློབ་གྲྭའི་དམངས་སྒྲུབ་དགེ་རྒན་མཛད་ཅིང་། སྐབས་དེར་བྱ་བཏང་ཆེན་པོ་བཀྲ་ཤིས་རྒྱ་ མཚོ་དང་མཁས་གྲུབ་ཆེན་པོ་བློ་བཟང་རྒྱ་མཚོ་གཉིས་ཀྱི་དྲུང་ནས༼ལམ་རིམ་དམར་ཁྲིད་མྱུར་ལམ༽དང༼ལམ་རིམ་ཚིགས་བཅད་མ༽༼ས་ལམ༽སོགས་དཔེ་ཁྲིད་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་དཔལ་ལྡན་གྱི་དྲུང་ནས༼སྒྲ་དབྱངས་ཅན་མ༽དང༼བླ་མཆོད་ཀྱི་ཁྲིད༽༼གྲུབ་མཐའི་སྐོར༽༼ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད༽༼གདུགས་དཀར་མཆོག་གྲུབ་མའི་འགྲེལ་བ༽༼དོན་བདུན་ཅུ༽༼ས་ལམ༽སོགས་ཀྱི་དཔེ་ཁྲིད་གསན།

1971ལོ་སྟེ་རང་ལོ་བཅོ་བརྒྱད་སྟེང་མཁས་གྲུབ་ཆེན་པོ་བློ་བཟང་རྒྱ་མཚོའི་དྲུང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས།

1976ལོ་སྟེ་རང་ལོ་ཉེར་གསུམ་དུས༼ལམ་རིམ་བསྟན་འཛིན་བྱེ་བའི་འབྱུང་གནས༽དང༼སྔགས་རིམ་རིག་འཛིན་བྱེ་བའི་འབྱུང་གནས༽གཉིས་པར་བསྐྲུན་བྱས་ཏེ་ཁྱོན་བསྡོམས་ཚར་ལྔ་སྟོང་ཙམ་འགྲེམས་སྤེལ་བྱས།

1978ལོ་སྟེ་རང་ལོ་ཉེར་ལྔའི་སྟེང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ། ཤར་གདོང་རིན་པོ་ཆེའི་དྲུང་ནས༼སུམ་རྟགས༽དང༼སྙན་ངག༽གི་སྐོར་སྦྱངས་པ་དང་ལྷན་དུ༼སྤྱོད་འཇུག་དངུལ་ཆུའི་ས་གཅོད་ཆེན་མོ༽དང་སྦྱར་བའི་ཁྲིད་སོགས་ནང་དོན་རིག་པའི་སྐོར་མང་པོ་སློབ་གཉེར་གནང་། ལོ་དེར༼བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས༽དང༼བསྟོད་ཚིག་ལྷག་བསམ་ཁོལ་བའི་གཟེགས་མ༽ཞེས་པའི་སྙན་ངག་གཉིས་བརྩམས། ༼བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས༽1981ལོའི་སྐབས་དང་པོའི༼སྦྲང་ཆར༽རྩོམ་རིག་གི་བྱ་དགའ་ཨང་དང་པོ་ཐོབ། ཤར་གདོང་རིན་པོ་ཆེ་མཆོག་གི་བཀའ་བཀོད་ལྟར་བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་སྐུ་བརྙན་རྣམས་ཀྱི་སྲོག་ཤིང་དང་གཟུངས་གཞུག་རྣམས་ཀྱང་ཚེགས་ཐོན་པར་བསྒྲུབས་ཤིང་།༼གཅན་ཚའི་མ་ཎི༽ཞེས་པའི་མཚན་སྙན་ཅན་དེ་དག་གི་རྟེན་ཡིག་ཀྱང་བྲིས་པར་མ་ཟད། སྐྱབས་མགོན་བདུན་པ་དཀར་འདོན་ཞུ་བའི་ཚེ་ཡི་གེ་འབྲི་བ་བོའང་བྱས། 

1980ལོ་རང་སྟེ་རང་ལོ་ཉེར་བདུན་གྱི་སྟེང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་ཐེག་མཆོག་ཅེས་གསོལ།

1981ལོ་སྟེ་རང་ལོ་ཉེར་བརྒྱད་ཀྱི་སྟེང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་མནོས་ཏེ་རོང་བོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། གསང་འཛིན་གྲུབ་པའི་དབང་ཕྱུག་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། གྲུབ་ཆེན་ཆོས་པ་རིན་པོ་ཆེ་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ། བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ལ་མོ་ཡོངས་འཛིན་ཚང་སོགས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་གཞུང་ལ་སྦྱངས། ཁྱད་པར་དུ་རྗེ་དགེ་འདུན་བསྟན་འཛིན་གྱི་དྲུང་ནས་བསྡུས་གྲྭ་ནས་འདུལ་བའི་བར་དཔེ་ཁྲིད་ཀྱི་རྒྱུན་མ་ཆད་པར་སློབ་གཉེར་གནང་བ་དང་ཆབས་ཅིག རྗེ་གསུང་འབུམ་དང་ཁོང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་ལུང་རྒྱུན་སོགས་མང་པོ་གསན། དགའ་ལྡན་ལྷ་རམས་པ་དགེ་བཤེས་ཤེས་རབ་ཀྱི་དྲུང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་རྒྱུད་སྡེའི་གཞུང་ལ་གསན་བསམ་མཛད།

1984ལོ་སྟེ་རང་ལོ་སོ་གཅིག་གི་སྟེང༼དམར་ཁྲིད་མྱུར་ལམ་ཁྲིད་ཡིག་ཟིན་བྲིས་སྙན་བརྒྱུད་གཏེར་གྱི་ཁ་བྱང༽ དང༼འཇམ་དཔལ་ཞལ་ལུང་གི་ཟིན་བྲིས་ལེགས་བཤད་རི་མོའི་དོ་ཤལ༽གཉིས་བརྩམས། དུས་འཁོར་གྲྭ་ཚང་གི་ཨ་ཁུ་འཇམ་དཔལ་གྱི་མདུན་ནས་རྩིས་གཞུང་ལ་སྦྱངས་ཏེ་ལོ་རེར་གླང་རྩིས་འབྲེལ་བཤད་དང་བཅས་པ་དུས་འཁོར་གྲྭ་ཚང་གི་ཕྱག་ལེན་བཞིན་སྤེལ།ལོ་དེར༼རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ༽ བརྩམས་པར་མ་ཟད།༼ཐང་སིན་བླ་མའི་རྟོགས་བརྗོད༽ དང༼ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ༽ཞེས་པའི་དཔེ་དེབ་གཉིས་བོད་ཡིག་ཏུ་བསྒྱུར།                   

1985ལོ་སྟེ་རང་ལོ་སོ་གཉིས་སྟེང་བྲག་དཀར་སྒོམ་ཁང་གི་རྟེན་གཙོར་ཇོ་སྐུ་བཞེངས་པ་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་ལས་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གསན་ཅིང་། སྔ་ཕྱི་འདི་དག་ཏུ་འཇིགས་མཛད་དཔའ་བོ་གཅིག་པའི་ལས་རུང་གི་བསྙེན་པ་སྦྱིན་སྲེག་བཅས་པ་ལན་གཉིས་དང་། རྒྱལ་ཚབ་རྡོ་རྗེ་འཆང་གི་ཞལ་བཀོད་ལྟར་ཚོ་འདུ་གྲུབ་ཆེན་འཇིགས་མེད་ཆོས་དབང་ཉི་མ་དང་ལྷན་དུ་འཇིགས་བྱེད་བཅུ་གསུམ་མའི་བསྙེན་པ་ཁ་སྐོང་དང་བཅས་པ་མཛད། རྒྱུད་པ་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་གི་གྲལ་མགོར་ཁོང་རྡོ་རྗེ་འཆང་གི་འདྲ་སྐུ་ཡང་བཞེངས།

1987ལོ་སྟེ་རང་ལོ་སོ་བཞིའི་སྟེང་རེབ་གོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ལ་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་དཔེ་ཁྲིད་གནང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་བཀའ་ལྟར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་དཔོན་དུ་ཕེབས། སྔ་ཕྱི་དག་ཏུ་རེབ་གོང་གི་རྡོ་རྗེ་རྫོང་དགོན་པ། ཚ་རྒྱལ་དགོན་པ། སྒེའུ་སྟེང་དགོན་པ་སོགས་སུ་ཕེབས་ནས་གསུང་ཆོས་སྨིན་རྒྱས་བསྩལ།

1988ལོ་སྟེ་རང་ལོ་སོ་ལྔའི་སྟེང་ནང་རྡོ་རྗེ་འཆང་གི་གསུང་འབུམ་འཕྲུལ་པར་དུ་བཏབ་སྟེ་དཔེ་རྒྱུན་སྤེལ་བ་དང་། ཕྱོགས་ཡས་མས་ནས་ཕེབས་པའི་བླ་སྤྲུལ་དང་དོན་གཉེར་ཅན་དག་ལ་དབུ་ཕར་གྱི་གཙོས་གཞུང་ཆེན་མང་པོའི་བཤད་ཁྲིད་གནང་།

1989ལོ་སྟེ་རང་ལོ་སོ་དྲུག་གི་སྟེང༼ལེགས་བཤད་རིན་པོ་ཆེའི་མཛོད་ལས་བྱུང་བའི་བོད་ཞང་ཤེས་རིག་སྐོར་གྱི་ཟིན་ཐོ༽ཞེས་པ་བརྩམས་གནང་མཛད་པར་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།

1991ལོ་སྟེ་རང་ལོ་སོ་བརྒྱད་སྟེང་བཀའ་འགྱུར་བ་རྗེ་དགེ་འདུན་བསམ་གཏན་མཆོག་ལ་རྒྱལ་བའི་བཀའ་བསྟན་འགྱུར་གྱི་ལུང་ཞུས་ཏེ་གསན་བསམ་མཐར་ཕྱིན་པར་མཛད། དེའི་ཐོག་མཐའ་བར་གསུམ་དུ་སྦྱིན་བདག་གི་མཐིལ་ཞུས། སྐབས་དེར༼ཕར་ཕྱིན་ཀུན་ལས་བཏུས་པ་དཔྱད་མཛོད་རིན་ཆེན་དོ་ཤལ༽སོགས་ལྗགས་རྩོམ་མང་པོ་མཛད་ཅིང་། གཡེར་གཤོང་ཆོས་པ་རིན་པོ་ཆེ་དང་། ཨ་ལགས་ཁ་སོ་ཚང་། ཨ་ལགས་རོང་བོ་ཚང་། ཨ་ལགས་མཁན་ཆེན་ཚང་།རྒྱལ་ཁབ་རིམ་པའི་ལས་བྱེད་དང་ལྷན་དུ་ལྷ་ལྡན་གཙུག་ལག་ཁང་དུ་སྐྱབས་མགོན་རིན་པོ་ཆེའི་སྤྲུལ་སྐུ་ཐུགས་ཐག་གཅོད་པར་ཕེབས།

1992ལོ་སྟེ་རང་ལོ་སོ་དགུའི་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་བོད་སྐད་ཡིག་སྡེ་ཁག་གི་སྦྲགས་ཁྲིད་འཛིན་གྲྭའི་སློབ་མ་ཡོངས་ལ་དཔེ་ཁྲིད་གནང་། ལོ་དེའི་ཟླ4བའི་ཚེས19ཉིན་ཁུལ་དང་རྫོང་གཉིས་ཀྱི་འགོ་འདྲེན་དང་གདན་སའི་བླ་མ་ལས་སྣེ་བ་དག་གི་བཀའ་བཀོད་ལྟར་ཤར་བླ་བྲང་ཆེན་མོའི་ཡོངས་འཛིན་དུ་བཞུགས། སྐབས་དེ་ཤེད་དུ༼དབུ་མའི་དཔྱད་མཛོད་གཟུར་གནས་རིག་པའི་ལམ་བཟང༽དང༼རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རྣམ་ཐར་ཁ་སྐོང་སྐལ་ལྡན་མེ་ཏོག་བཞད་པའི་འཁྲི་ཤིང༽དང ༼ བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ༽ སོགས་བརྩམས།

1993ལོ་སྟེ་རང་ལོ་ཞེ་བཅུའི་སྟེང་ཁོང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་ཏེ། རོང་བོ་རྒྱུད་པ་གྲྭ་ཚང་གི་ཆོས་སྲིད་གཉིས་ཆར་ལ་བསླབ་སྟོན་གནང་བར་མ་ཟད། ལམ་རིམ་བློ་སྦྱོང་དང་སྔགས་རིམ་སྙིང་པོ་རིག་འཛིན་བྱེ་བའི་འབྱུང་གནས་གཙོས་ཁྲི་རྒྱལ་མཚན་སེང་གེའི་བསྐྱེད་རིམ་གྱིས་མཚོན་པའི་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གནང་།

1994ལོ་སྟེ་ཞེ་གཅིག་སྟེང་མཚོ་སྔོན་མི་རིགས་སློབ་གླིང་གི་གདན་ཞུས་ལྟར་ཕེབས་ནས་ཡོངས་འཛིན་འཇམ་པའི་དབྱངས་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་དཔེ་ཁྲིད་གནང་།

1995ལོ་སྟེ་ཞེ་གཉིས་སྟེང་རོང་བོ་རྒྱུད་པ་གྲྭ་ཚང་དུ་ལས་བཞིའི་ཐབ་ཐིག་དང་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་སོ་སོའི་ཐིག་རྩའི་དཀའ་གནད་ཀྱི་མཛུབ་ཁྲིད། ཆོས་བརྒྱད་ལྕགས་མཁར་གྱི་སྐབས་སྦྱོར་དངོས་འཇུག་གསུམ་ཐད་ལ་ཞལ་ཤེས་དང་སྙན་བརྒྱུད་མན་ངག་རྣམས་ལས་འཕྲོས་ཏེ་ཞལ་བཀོད་མང་པོ་གནང་།

1996ལོ་སྟེ་རང་ལོ་ཞེ་གསུམ་གྱི་སྟེང་དཔལ་ཆོས་མཁན་ཆེན་རིན་པོ་ཆེ་བློ་བཟང་ཡོན་ཏན་བཟང་པོས་གདན་ཞུས་ལྟར་སོ་ནག་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཕེབས་ནས་དགའ་ལྡན་ལྷ་བརྒྱ་མ་དང་སྐྱབས་ཁྲིད་བསྟན་པའི་འཇུག་སྒོ། སྤྱོད་འཇུག་ཆེན་མོའི་ཁྲིད་སོགས་ཀྱི་གསུང་ཆོས་མཐའ་ཡས་པ་བསྩལ་པ་དང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས༼ཞིང་ཆེན་ནང་བསྟན་རིག་གནས་སྒྱུ་རྩལ་བོད་ཀྱི་ཆེད་ལས་མཁས་པའི༽ཐོབ་ཐང་ཕུལ། ལོ་དེར་སྐྱབས་མགོན་ཞབས་དཀར་བའི་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུ་བཞུགས་ཤིང་། རྒན་རྒྱ་བཀྲ་ཤིས་དགེ་འཕེལ་གླིང་གི་གདན་ཞུས་ལྟར་ཕེབས་ནས་གྲྭ་བཙུན་རྣམས་ལ་བླ་མཆོད་ཀྱི་ཁྲིད་སོགས་གནང་།

1998ལོ་སྟེ་རང་ལོ་ཞེ་ལྔའི་སྟེང་རྔ་ཡུལ་ཀིརྟི་དགོན་ནང་བསྟན་སློབ་གླིང་གི་གདན་ཞུས་ལྟར་ཕེབས་ཤིང་༼ཐོན་མིའི་ཞལ་ལུང༽དང༼སྙན་ངག་སྤྱི་དོན༽༼སྙན་ངག་དཔེར་བརྗོད་བདུད་རྩིའི་མཆོད་ཡོན༽༼ཕོ་ཉ་གཞོན་ནུ་དོན་གྲུབ་སོགས་དངོས་གཞིའི་འཕྲིན་དང་བཅས་སུམ་རྟགས་རྩ་བའི་ལུང་སོགས་ཀྱང་གསུངས། གྲྭ་ཚང་གཞུང་ལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི༼དྲང་ངེས་འགྲེལ་ཆེན༽གྱི་དབུ་ནས་རྣམ་ཐར་སྒོ་གསུམ་བར་གྱི་ཁྲིད་དང་།༼འཇིགས་བྱེད་རྟོག་བདུན༽ གྱི་རྩ་བའི་ལུང་དང༼ ཀིརྟི་སྐུ་ཕྲེང་བཅུ་བའི་གསང་རྣམ༽༼རྟེན་འབྲེལ་བསྟོད་པ༽སོགས་ཀྱི་ལུང་གནང་།

1999ལོ་སྟེ་རང་ལོ་ཞེ་དྲུག་སྟེང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་ཕེབས་ནས༼དེང་རབས་ཀྱི་མཐོང་མྱོང་གོམས་པའི་གཏམ་སྣ་ཚོགས་ལས་བརྩམས་པའི་གོ་སླ་བའི་སེམས་ཁམས་རིག་པ༽དང༼རིག་གནས་ལྔའི་རྣམ་བཞག༽སོགས་འཆད་ཁྲིད་གནང་། ལོ་དེར། མཚོ་སྔོན་ནང་བསྟན་སློབ་གླིང་གི་གདན་འདྲེན་ཞུས་པ་ལྟར་ཕེབས་ཏེ། མཚོ་སྔོན་ནང་བསྟན་སློབ་གླིང་སྐབས་དང་པོའི་བླ་མ་འཛིན་གྲྭའི་སློབ་དཔོན་དུ་བཞུགས་པ་དང་། ༼རོང་ཀིའི་སེམས་ཁམས་རིག་པ་དང་བོད་བརྒྱུད་ནང་བསྟན༽ ཞེས་པ་བོད་ཡིག་ཏུ་སྒྱུར་རྩོམ་མཛད།

2000ལོ་སྟེ་རང་ལོ་ཞེ་བདུན་སྟེང་ཟི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ཞིབ་འཇུག་ཁང་གིས་ཞིབ་འཇུག་པར་གདན་འདྲེན་ཞུས།

2001ལོ་སྟེ་རང་ལོ་ཞེ་བརྒྱད་བཞེས་པ་བོད་ཟླ10བའི་ཚེས29ཉིན་རང་གི་གདན་ས་རོང་བོ་དགོན་ཆེན་དུ་དགོངས་པ་རྫོགས།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།