ཕྱྭ་པ་ཆོས་ཀྱི་སེང་གེ།

        གསང་ཕུའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་གྲགས་ཅན་མི་སྣ་རྒྱལ་ཁབ་ཕྱི་ནང་དུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན། ཁོང་ནི་རབ་བྱུང་གཉིས་པའི་ས་གླང་སྤྱི་ལོ1101ལོར་ཕྱྭ་པ་ཞེས་པའི་ཡུལ་སྟེ་དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ལ་མོ་ཆུས་ཀྱི་ཁོངས་སུ་སྐུ་བལྟམས། རབ་བྱུང་གསུམ་པའི་ས་གླང་116ལོར་སྐུ་གཤེགས།

     ཁོང་སྐུ་ན་ཆུང་དུས་ནས་ཐུགས་རིག་གསལ་ཞིང་མགུར་མ་སྣ་ཚོགས་གསུང་ཐུབ་མཁན་ཞིག་ཡིན་པས། དགེ་བཤེས་རྒྱ་དམར་བས་ཕ་མ་ལས་སློང་སྟེ་ཞབས་ཕྱིར་ཁྲིད་ནས་ཁོང་གི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། ཁོང་དང་དེའི་སློབ་མ་ཉན་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་སྐོར་གསན། གསང་ཕུའི་གདན་ས་ལོ་བརྒྱད་ཀྱི་བར་དུ་མཛད།

     ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་གཙོ་བོ་ནི། 1གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ། 2སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ། 3 དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། 4 འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་གཏོད་ཅིང་། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། 5 ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། 6འཛིན་གྲྭ་ཕན་ཚུན་གཏུགས་རེས་འགྲན་བསྡུར་བྱས་པའི་ཐབས་ལམ་གསར་དུ་གཏོད་པ། 7ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ། 8སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད།9སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ། 10ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། 11མཚན་ཉིད་རྩོད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང་། རྩོད་གླེང་གཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གཏོད་གནང་སྟབས། བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་མ་མ་ཟད། ད་ལྟ་ཡང་ཁོང་གི་སློབ་གཉེར་ལམ་ལུགས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན། ཁོང་སྐུ་ཚེའི་རིང་སློབ་མ་གྲངས་ཀྱིས་མི་ལངས་བ་ཡོད་པའི་ནང་གྲགས་ཆེ་ཤོས་ནི་རིགས་པའི་དབང་ཕྱུགས་སེང་ཆེན་བརྒྱད་ཡོད་པ་སྟེ། གཙང་ནག་བརྩོན་འགྲུས་སེང་གེ། དར་བག་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ། ཉང་བྲན་ཆོས་ཀྱི་སེང་གེ། འདན་པ་དཀོན་མཆོག་སེང་གེ། གཉལ་པ་ཡོན་ཏན་སེང་གེ་བཅས་ཡིན། སློབ་མ་གྲགས་ཆེན་བརྒྱད་ཀྱི་ནང་ནས་གཉལ་པ་དང་། བྲུ་ཤ་བ་གཉིས་མ་གཏོགས་དེ་མིན་ཚང་མས་ཚད་མ་དང་། དབུ་མ། ཕལ་ཕྱིན་བཅས་ཀྱི་གཞུང་རྒྱས་བསྡུས་དུ་མ་མཛད་ཡོད།

     ཁོང་གི་གསུང་རྩོམ་སྐོར་ལ་《བྱམས་ཆོས་སྡེ་ལྔའི་འགྲེལ་པ》《ཚད་མ་རྣམ་ངེས་ཀྱི་འགྲེལ་པ》《ཚད་མ་ཡིད་ཀྱི་མུན་སེལ།》《ཤེས་བྱ་གཞིའི་ལྔའི་རྣམ་བཞག  》 《རྒྱས་བསྡུས་གཉིས།  》《དབུ་མ་བདེན་གཉིས་འགྲེལ་པ།》   《དབུ་མ་སྣང་བའི་འགྲེལ་པ》   《སྤྱོད་འཇུག་ཆེན་མོའི་འགྲེལ་པ》བཅས་མང་དུ་ཡོད། གཞན་ཡང་ཁོང་གི་མཛད་རྗེས་མང་པོ་ཁོང་གི་དངོས་སློབ་བརྩོན་འགྲུས་སེང་གེ་མཛད་པའི་《རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད་པ》ཞེས་པ་དང་།ཞབས་དྲུང་རིན་ཆེན་འབྱོར་ལྡན་གྱིས་མཛད་པའི་《གསང་ཕུའི་གདན་རབས་》《དེབ་སྔོན》སོགས་སུ་གཟིགས་ན་གསལ།  

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།