བློ་སྦྱོང་ཚིགས་བརྒྱད་མ།

༄༅། །བདག་ནི་སེམས་ཅན་ཐམས་ཅད་ལ།།

ཡིད་བཞིན་ནོར་བུ་ལས་ལྷག་པའི།།

དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།

རྟག་ཏུ་གཅེས་པར་འཛིན་པར་ཤོག།

གང་དུ་སུ་དང་འགྲོགས་པའི་ཚེ།།

བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།།

གཞན་ལ་བསམ་པ་ཐག་པ་ཡིས།།

མཆོག་ཏུ་གཅེས་པར་འཛིན་པར་ཤོག།

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།

བདག་གཞན་མ་རུངས་བྱེད་པས་ན།།

བཙན་ཐབས་གདོང་ནས་བཟློག་པར་ཤོག།

རང་བཞིན་ངན་པའི་སེམས་ཅན་རྣམས།།

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།།

རིན་ཆེན་གཏེར་དང་འཕྲད་པ་བཞིན།།

རྙེད་པར་དཀའ་བས་གཅེས་འཛིན་ཤོག།

བདག་ལ་གཞན་གྱིས་ཕྲག་དོག་གིས།།

གཤེ་བསྐུར་ལ་སོགས་མི་རིགས་པའི།།

གྱོང་ཁ་རང་གིས་ལེན་པ་དང༌།།

རྒྱལ་ཁ་གཞན་ལ་འབུལ་བར་ཤོག།

གང་ལ་བདག་གིས་ཕན་བཏགས་པའི།།

རེ་བ་ཆེ་བ་གང་ཞིག་གིས།།

ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།།

བཤེས་གཉེན་དམ་པར་བལྟ་བར་ཤོག།

མདོར་ན་དངོས་སམ་བརྒྱུད་པ་ཡིས།།

ཕན་བདེ་མ་རྣམས་ཀུན་ལ་འབུལ།།

མ་ཡི་གནོད་དང་སྡུག་བསྔལ་ཀུན།།

གསང་བས་བདག་ལ་ལེན་པར་ཤོག།

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།

རྟོག་པའི་དྲི་མས་མ་སྦགས་ཤིང༌།།

ཆོས་ཀུན་སྒྱུ་མར་ཤེས་པའི་བློས།།

ཞེན་མེད་འཆིང་བ་ལས་གྲོལ་ཤོག།

ཅེས་པ་འདི་ནི་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེའི་གསུང་ངོ༌།། །།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།