རྗེ་གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་ཨ་ཙ་མ།

༄༅། །རྣམ་རྟོག་རླུང་གིས་མགོ་བོ་འཁོར། །སྙིགས་དུས་ཀྱི་སྤྱོད་པར་ཞེན་ཁ་ལོག །ཁ་འཁྱལ་སྐྱུག་པ་འཆོར་ཉེ་བས། །རང་རང་གི་ན་བཟའ་ཕར་ལ་ཐེན། །ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་གནས་ལ་གདེངས་ཆེ་བས། །རང་མགོ་རྨས་པ་ཨ་ཙ་མ། །རྣོ་ཕྱོགས་གཅིག་ཡིན་ན་ཆོག་པ་ལ། །འབད་རྩོལ་གྱི་རྟ་རྒོད་ཁ་ཡན་པོ། །བྱ་བའི་ཐང་ལ་རྒྱུག་ཆེས་ན། །གཡང་དུ་ལྷུང་བ་ཨ་ཙ་མ། །སྲབ་མཐུར་ཞིག་ཡོད་ན་ཆོག་པ་ལ། །རྒྱུ་ནོར་གྱི་གོ་རེ་ཅུང་རྡོག་དེ། །བརྣབ་སེམས་སྐྱུར་རྩིས་གསོབ་ཆེས་ན། །ཚལ་བར་འགས་པ་ཨ་ཙ་མ། །ཟ་བདེ་ཞིག་བྱུང་ན་ཆོག་པ་ལ། །སྨྲ་མཁས་ཀྱི་དཀར་ནག་ལྕེ་གཉིས་པོ། །གང་འགྲིག་ལ་གློག་བཞིན་ཁྱུག་ཆེས་ན། །རྩེ་མོ་འཆག་པ་ཨ་ཙ་མ། །ལྕེ་གཅིག་རང་ཡིན་ན་ཆོག་པ་ལ། །མཛའ་གཅུག་གི་གྲོགས་མཆེད་འཕར་འགྲོ་ཟུང༌། །ཚོད་མེད་ཀྱི་མཐུན་ཚབ་ཆེ་དྲག་ན། །མཉམ་དུ་རུལ་བ་ཨ་ཙ་མ། །འགྲོགས་ལུགས་ཤིག་བྱས་པས་ཆོག་པ་ལ། །མིང་གོ་ས་སྐམ་པོའི་ཤིང་སྡོང་ལ། །ཇེ་མཐོ་ཇེ་མཐོར་འཛེག་ཆེ་ན། །ཕྲ་ས་ནས་འཆག་པ་ཨ་ཙ་མ། །རྐེད་པ་རུ་བསྡད་ན་ཆོག་པ་ལ། །གྲགས་སྐམ་གྱི་བོན་པོའི་རྔ་ཁོག་དེ། །ཚོད་མེད་དུ་ཤེད་ཀྱིས་བརྡུང་ཉེས་ན། །གཞུང་རལ་དུ་འགྲོ་བ་ཨ་ཙ་མ། །སྒྲ་ལྷོད་པོར་བྱས་ན་ཆོག་པ་ལ། །མཚན་སྙན་པོའི་རམ་གྱིས་བསྐྱབས་པའི་ཝ། །ཁྱད་འཕགས་ཀྱི་ཆེ་བ་འདོན་ཉེས་ན། །ཐན་སྐད་ཀྱིས་བརྒྱལ་བ་ཨ་ཙ་མ། །འཛུམ་དམུལ་ལེ་བཞུགས་ན་ཆོག་པ་ལ། །ཆོས་སྲིད་ཀྱི་འབྱོར་བའི་ཉི་ཟླ་གཉིས། །གནམ་གང་ལ་ལྷན་ཅིག་འཛོམ་ཆེས་ན། །མུན་ནག་ཏུ་འགྲོ་བ་ཨ་ཙ་མ། །རན་པ་ཞིག་བྱུང་བས་ཆོག་པ་ལ། །བྱ་བཞག་གི་མདུན་གྲོས་གཙུབ་ཤིང་ཟུང༌། །ས་མཚམས་མེད་པར་བརྡར་ཆེས་ན། །གཉི་ག་འཚིག་པ་ཨ་ཙ་མ། །དྲོས་ཐོག་ནས་བཞག་ན་ཆོག་པ་ལ། །བསོད་ཆུང་གི་མི་ངན་དྲེའུ་མོ། །ཁ་དྲག་དབང་ཆེའི་མངལ་སྦྲུམ་ན། །རང་གཤེད་དུ་འགྲོ་བ་ཨ་ཙ་མ། །ཤ་ཡང་དུ་བསྡད་ན་ཆོག་པ་ལ། །བསྟན་འགྲོའི་དོན་གྱི་འོ་མ་ཞིག །བསྲུབ་པའི་སྙིང་པོ་བཙལ་ཆེས་ན། །བཤང་དྲི་ཁ་བ་ཨ་ཙ་མ། །དཀར་ཡིན་ཐོག་ཏུ་བཞག་ན་ཆོག་པ་ལ། །འོ་དོད་འབོད་པའི་གླང་བུ་ང༌། །སྐྱོན་གྱི་ས་རློག་འཕེན་ཆེས་པ། །རང་ཐོག་ཏུ་བབ་པ་ཨ་ཙ་མ། །ཁ་རོག་བསྡད་ན་ཆོག་པ་ལ། །གཏམ་འདི་ཀུན་ལ་འཕོག་གྱུར་ཅིག །ཕོག་ནས་གོ་བློ་སྐྱེ་གྱུར་ཅིག །ཕྱི་མ་ཅུང་ཟད་བསམ་གྱུར་ཅིག །བླང་དོར་ལག་ཏུ་ལེན་གྱུར་ཅིག །

ཅེས་པ་འདི་ཡང་གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་ངོ་།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།