ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་གསོལ་འདེབས་བཞུགས་སོ།།

བདེ་ལེགས་ཀུན་འབྱུང་དམ་ཆོས་རིན་པོ་ཆེ།།
ལྷ་ཡི་སྐད་རྣམས་བོད་ཡུལ་རང་སྐད་དུ།།
ལེགས་པར་བསྒྱུར་བའི་ཞུ་ཆེན་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཟླ་མེད་བླ་མ་ཤཱཀྱ་སེང་གེ་དེ།།
འཁོར་ཚོགས་དང་བཅས་མ་དྲོས་ལེགས༼མཚོར༽་བྱོན་ནས།།
བདུད་རྣམས་བཏུལ་ཚེ་གངས་ཅན་ཕྱོགས་འདི་རུ།།
མུ་ནིའི་སྤྲུལ་པ་རཏྣའི་མཚན་འཆང་བ།།
འབྱུང་ཞེས་ལུང་བསྟན་བརྙེས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ལེགས་ལམ་སྟོན་མཛད་པཎ་གྲུབ་ཚོགས་རྣམས་ཀྱིས།།
ལེགས་པར་གསུངས་པའི་མདོ་རྒྱུད་དགོངས་འགྲེལ་རྣམས།།
ལེགས་སྦྱར་སྐད་ལས་བོད་ཡུལ་རང་སྐད་དུ།།
ལེགས་པར་བསྒྱུར་དང་བསྒྱུར་ཟིན་འཆོས་པ་སོགས།།
ལེགས་པར་ཡང་དག་ལམ་ལ་འཁྲིད་མཛད་པའི།།
ལེགས་བཤད་བསྟན་པ་རྒྱས་མཛད་རྒྱལ་གྱུར་ཅིག།
བཀའ་དྲིན་མཉམ་མེད་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཟོལ་མེད་དད་པའི་ཕོ་ཉས་སྤྱན་འདྲེན་གྱི།།
བདག་ཅག་ཡན་ལག་མཆོག་གི་ཁང་བཟང་རྩེར།།
བརྟན་པར་བཞུགས་ལ་བརྩེ་བས་རྗེས་སུ་ཟུངས།།
མདོ་རྒྱུད་རིན་ཆེན་བདུན་ལ་དབང་བསྒྱུར་ཞིང།།
འཕྲིན་ལས་བཟང་པོའི་དཔུང་ཚོགས་བཞི་སྟོབས་ཀྱིས།།
མཁས་མང་རྒྱལ་ཕྲན་བྱེ་བས་གུས་བཏུད་པའི།།
ཆོས་ཀྱི་རྒྱལ་པོ་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
གངས་ཅན་ནུབ་ཀྱི་ཕྱོགས་སུ་དགེ་སློང་མཆོག།
བྱ་ཡི་གདོང་ཅན་ཐུབ་བསྟན་མིག་བུ་ཞིག།
འབྱུང་ཞེས་པད་དཀར་འཛིན་པའི་༼ལྟར་བསྔགས༽ཚངས་དབྱངས་ཀྱིས།།
ལུང་བསྟན་མངོན་འགྱུར་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
གསེར་ལྡན་ཡུམ་གྱི་ལྟོ་བར་གཞོན་ནུའི་སྐུ།།
རྐང་འཐུང་ཁུར་གྱིས་ནམ་ཡང་མི་ངལ་ཞིང།།
ས་རྟའི་ལོ་ལ་ཡོན་ཏན་མེ་ཏོག་རྒྱས༼དང་༽།།
འབྲས་བུ་ཅིག་ཅར་འཁྲུངས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཕྱག་མཐིལ་རྩིབས་སྟོང་རི་མོས་ལེགས་མཚན་ཞིང་།།
ཨཱ་ལི་ཀཱ་ལི་བརྗོད་དང་འབྲི་བ་གཉིས།།
གཞོན་ནུའི་དུས་ནས་ལྷན་ཅིག་མཛད་གྱུར་པ།།
སྔོན་སྦྱངས་ལས་འཕྲོ་སད་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
གསུམ་ལྷག་བཅུ་ཕྲག་བཞེས་ཚེ་ཁྱོད་ཀྱི་སྐུ།།
སྲིད་པ་མཐའ་དག་ཆུ་ཤིང་ལྟར་དགོངས་ཤིང་།།
མཁན་པོ་ལེགས་པའི་ལམ་སྟོན་བཟང་པོ་ནས།།
ངུར་སྨྲིག་རྒྱལ་མཚན་བཞེས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
བཅུ་བདུན་བཞེས་ཚེ་མཁའ་འགྲོའི་སྤྲིན་གྱི་སྒྲས།།
བསྐུལ་བས་གདུགས་མཛེས་དབང་པོའི་སྙིང་སྟོབས་ཀྱིས༼།།

བསྐུལ་ལས་སྙིང་སྟོབས་སྒྲོ་གདུགས་ལེགས་ཕུབ་སྟེ།༽།།
ཁ་ཆེའི་ནགས་ལྗོངས་ཉམས་དགར་ལེགས་བགྲོད་ནས༼ཉམས་དགའི་དོ་ར་རུ༽།།
སྐད་གཉིས་ཟློས་གར་བསྒྱུར་བའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
གུ་ཎ་མི་ཏྲའི་གངས་རིར་གནས་བཅས་ཤིང་།།
བློ་གྲོས་ལུས་སྟོབས་རབ་རྒྱས་དཔའ་རྩལ་གྱིས།།
སྒྲ་ཚད་ལུང་རིགས་ང་རོ་ཆེར་སྒྲོགས་པའི།།
སྨྲ་བའི་སེང་གེ་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
དྷརྨ་ཤྲཱི་ལའི་མཁན་ཆེན་དེད་དཔོན་དང་།།
མཐུན་པའི་དགེ་འདུན་གྲོགས་བཟང་ལ་བརྟེན་ནས།།
འབུམ་ཕྲག་འདུལ་བའི་རྒྱ་མཚོར་ལེགས་ཞུགས་ཏེ།།
བསླབ་གསུམ་ནོར་བུ་བརྙེས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
དབང་སྐུར་རྒྱུད་བཤད་མན་ངག་རབ་ནོད་པའི།།
གསུམ་ལྡན་བླ་མ་ཤྲདྡྷཱ་ཀ་ར་ཡིས།།
རྡོ་རྗེ་ཐེག་པའི་དབང་སྐུར་གྲུབ་པ་བརྙེས།།
རིག་འཛིན་དབང་པོ་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཁྱད་པར་ནཱ་རོ་ཏ་པའི་བུམ་བཟང་ལས།།
ལེགས་འོང་འདུས་པའི་བདུད་རྩི་བསྟེན་པ་ལས།།
འོད་གསལ་མཛེས་མའི་གྲོགས་དང་ལྷན་ཅིག་ཏུ།།
ཟུང་འཇུག་ཟློས་གར་བསྒྱུར་བའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
པཎ་གྲུབ་བཅུ་ཕྲག་བདུན་དང་ལྔ་རྣམས་ཀྱི།།
ལེགས་བཤད་རིན་ཆེན་མགྲིན་པར་བརྒྱན་བྱས་ནས།།
མདོ་རྒྱུད་བརྒྱ་ཕྲག་གངས་རིའི་ཁྲོད་འདི་རུ།།
ཞུ་ཆེན་ལེགས་པར་འགྱུར་བའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ལྷར་བཅས་འགྲོ་བའི་བླ་མ་ཡེ་ཤེས་འོད༼ལྷ་བླ་ཡེ་ཤེས་འོད་ཀྱི་བཞེད་པ་ལྟར༽།།
མཐོ་ལྡིང་གཙུག་ལག་ཁང་ཆེན་བརྒྱ་རྩ་གཅིག།
དུས་གཅིག་ཐིག་བཏབ་རབ་གནས་མཛད་པ་སོགས།།
ཁྱེད་ཉིད་གཅིག་པུར་ཟད་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
མཁའ་ལྡིང་གདོང་ཅན་མཁས་པ་ཁྱེད་ཉིད་ཀྱིས།།
དཀར་རྒྱལ་བྲང་འགྲོའི་བདུད་རིགས་ཚར་བཅད་ཅིང་།།
གཞན་ཡང་ཆོས་ལོག་མང་པོ་སུན་ཕྱུངས་ནས།།
ཐུབ་བསྟན་བྱི་དོར་མཛད་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
བྱང་ཆུབ་འོད་ཀྱི་ཐུགས་རྗེས་སྤྱན་དྲངས་པའི།།
གངས་ཅན་སྒྲོན་མེ་དཔལ་ལྡན་མར་མེ་མཛད༼མར་མེ་མཛད་དཔལ་དང་༽།།
ཕན་ཚུན་ཆོས་ཀྱི་བགྲོ་བ་མཛད་པ་ཡིས༼པའི་ཚེ།༽།།
མཁས་པའི་མཁས་པར་བསྔགས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
རབ་འབྱམས་རྒྱལ་བའི་དགོངས་དོན་ཇི་བཞིན་དུ།།
གངས་རིའི་ཁྲོད་འདིར་མདོ་དང་རྒྱུད་སྡེ་བཞིའི།།
སྲོལ་འབྱེད་ཤིང་རྟ་ཆེན་པོ་ཁྱོད་ཀྱིས་མཛད།།
བཀའ་དྲིན་འཁོར་མེད་སྐྱེས་མཆོག་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཐུབ་པས་བྱང་ཆུབ་ཤིང་དྲུང་དམ་བཅའ་བཞིན།།
གཞི་ཚུགས་ལ་སོགས་དམ་བཅའ་གསུམ་མཛད་དེ།།
རྡོ་རྗེ་ལྟ་བུའི་ཏིང་འཛིན་མཉམ་བཞག་ནས༼གིས༽།།
ཟུང་འཇུག་གོ་འཕང་བརྙེས་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
གོ་བརྒྱད་བཞེས་ཚེ་ཆུ་ཟླའི་བཅུ་བདུན་ཉིན།།
གསེར་གྱི་གོ་ཆ་ལ་སོགས་མཁའ་འགྲོ་མས།།
འཇའ་ལུས་རྡོ་རྗེའི་སྐུ་ནི་སྤྱན་དྲངས་ནས།།
ངོ་མཚར་བལྟས་མང་བསྟན་པའི་ལོ་ཙཱ་བ།།
རིན་ཆེན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།
ཁྱོད་ཀྱི་ཡོན་ཏན་རོ་འཛིན་བྱེ་བ་བརྒྱས།།
བརྗོད་པར་བྱས་ཀྱང་བརྗོད་པའི་ཡུལ་ལས་འདས།།
བདག་གི་དད་པས་ཅུང་ཟད་བསྟོད་པ་འདིས།།
ཁྱོད་ལྟའི་མགོན་གྱིས་རྗེས་སུ་འཛིན་གྱུར་ཅིག།
བསླབ་པ་གསུམ་གྱི་རྩ་བ་རབ་བརྟན་ཅིང་།།
སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ནས།།
རིགས་ཅན་གསུམ་གྱི་འགྲོ་བ་མ་ལུས་པ།།
རྣམ་གྲོལ་གསུམ་གྱི་ལམ་ལ་འགོད་པར་ཤོག།
འཇིག་རྟེན་མིག་གྱུར་རྣམ་ཐར་རྒྱ་མཚོ་ལས།།
ཟེགས་མ་ཙམ་ཞིག་བླངས་པའི་དགེ་བ་དེས།།
འགྲོ་ཀུན་རིགས་ཀྱི་ཉེས་པ་བཞི་བྲལ་ནས།།
ཐར་ལམ་གསལ་བའི་བློ་མིག་རྒྱས་གྱུར་ཅིག།
སྟོན་པའི་བསྟན་པ་རིགས་པས་ལེགས་པར་རྟོགས།།
དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང་།།
བླང་དོར་ཚུར་བཞིན་སྒྲུབ་ལ་བརྩོན་པ་ཡིས།།
བླ་མའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས།།
དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི།།
དྲི་མེད་རྣམ་ཐར་ཇི་བཞིན་འཛིན་པ་དང་།།
འཕྲིན་ལས་བཞུགས་པའི་གནས་སྐབས་ཐམས་ཅད་དུ།།
བསྟན་དང་འགྲོ་བའི་དཔལ་དུ་བདག་གྱུར་ཅིག།
ཇི་སྲིད་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ།།
རྫོགས་པའི་ཀུན་མཁྱེན་མཁའ་ཁྱབ་འགྲོ་བའི་དོན།།
དེ་སྲིད་མགོན་ཁྱོད་བརྩེ་ཆེན་ཐུགས་རྗེ་ཡིས།།
མི་འབྲལ་དགྱེས་བཞིན་སྐྱེ་ཀུན་རྗེས་འཛིན་ཤོག།
ཕུན་ཚོགས་སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་མཐར།།
སོན་ཡང་སྲིད་མཐར་སྐལ་བཟང་གདུལ་བྱའི་ཁམས།།
རྗེས་མཐུན་མི་ཡི་སྲིད་བཟུང་དགེ་ལེགས་གཏེར།།
སྒྲ་བསྒྱུར་བླ་མ་མཆོག་གི་བཀྲ་ཤིས་ཤོག།
ཅེས་ཐུབ་བསྟན་རིན་པོ་ཆེ་གསལ་བྱེད་སྐད་གཉིས་སྨྲ་བའི་སྐྱེས་མཆོག་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་གསོལ་འདེབསའདི་བཞིན་ལ་མཛད་པ་པོའི་མཚན་བྱང་སོགས་མི་སྣང་ཡང་ཚིག་སྦྱོར་ལེགས་ཤིང་ཁྱད་པར་གངས་ཅན་ནུབ་ཀྱི་ལྗོངས་སུ་ངག་འདོན་བྱེད་པ་མང་བས།སྔ་མོ་ནས་པར་ཞིག་ལ་འཁོད་པ་བྱུང་ན་སྙམ་ཡང་།དཔེ་རྒྱུན་མཐའ་དག་ཡི་གེ་བས་བྲིས་ནོར་བྱུང་བ་ཁོ་ནར་སོང་བ་དང་བདག་ཉིད་ཀྱང་སྣ་མང་གི་བགྱི་བས་རིམ་འགྱངས་སུ་ལུས་ཤིང་།སླར་ཡང་ས་གླང་ལོར་ལག་སོན་གྱི་དཔེ་འགར་ཞིབ་བརྟགས་ཀྱིས་བྲིས་ནོར་བྱུང་རིགས་རྣམས།ལོ་ཆེན་དེ་ཉིད་ཀྱི་སྐྱེ་བའི་ཕྲེང་བར་རློམ་པ་བློ་བཟང་དཔལ་ལྡན་རིན་ཆེན་རྒྱ་མཚོས་མཇུག་གི་རྗེས་འཛིན་སྨོན་ལམ་ཤོ་ལོ་ཀ་གཅིག་དང་བཀྲ་ཤིས་ཤོ་ལོ་ཀ་གཅིག་བཅས་ཀྱང་གསར་དུ་བརྩམས་ནས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།། བཀྲ་ཤིས།།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།