ནུབ་ཕྱོགས་ཀྱི་ཆེས་ཐོག་མའི་མཚན་ཉིད་རིག་པའི་གྲུབ་མཐའ།

ནུབ་ཕྱོགས་ཀྱི་ཆེས་ཐོག་མའི་མཚན་ཉིད་རིག་པའི་གྲུབ་མཐའ།

མེ་ལེ་ཏུའུ་གྲུབ་མཐའ།(米利都派----- 伊奥尼亚学派)

དང་པོ། གྲུབ་མཐའ་ངོ་སྤྲོད།

མེ་ལི་ཏུའུ་གྲུབ་མཐའ་ནི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་ཆེས་ཐོག་མའི་གྲུབ་མཐའ་ཞིག་ཡིན་ལ། གནའ་བོའི་དུས་སྐབས་ཀྱི་རང་བྱུང་མཚན་ཉིད་སྨྲ་བའི་གྲུབ་མཐའ་ཞིག་ཡིན། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་སྐབས་སུ་གནའ་བོའི་གྷི་རིག་གི་མིས་མེ་ལི་ཏུའུ (米利都)དང་(爱菲斯)ཨེ་ཧྥས་སི་ཞེས་པའི་གྲོང་ཁྱེར་གཉིས་འཛུགས་སྐྲུན་བྱས་ལ། གྲོང་ཁྱེར་འདིར་གནའ་བོའི་ནུབ་ཕྱོགས་ཀྱི་ཆེས་ཐོག་མའི་མཚན་ཉིད་རིག་པ་བ་འཁྲུངས་སའི་གནས་འགང་ཆེན་ཞིག་ཏུ་གྱུར། དུས་དེ་ནས་བཟུང་ས་མིང་གྲུབ་མཐའི་མིང་དུ་ཆགས་ནས་མེ་ལི་ཏུའུ་གྲུབ་མཐའ་ཞེས་པ་འདི་བྱུང་བ་ཡིན། ཐོག་མའི་སྲོལ་འབྱེད་པ་ནི་རྡད་ལེ་སི་ཡིན། ཕྱིས་སུ་ཚབ་མཚོན་རང་བཞིན་གྱི་མཚན་ཉིད་རིག་པ་བ་གསུམ་བྱུང་མྱོང་ངོ་། །

གཉིས་པ།མཚན་ཉིད་རིག་པ་བ་དང་དེའི་ལྟ་གྲུབ།

རྡད་ལེ་སི། (泰勒斯Thales)

གཅིག སྐུ་ཚེའི་གནས་བབ།

རྡད་ལེ་སི[1] 泰勒斯Thales སྤྱི་ལོའི་སྔོན་གྱི་ལོ(624-547)བར་གྱི་མི་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་དང་བདུན་པའི་སྐབས་ཀྱི་གནའ་བོའི་གྷི་རིག་གི་བསམ་བློ་བ་དང་ཚན་རིག་པ། གཏན་ཚིགས་རིག་པ་བ་ཡིན་ལ།གྷི་རིག་གི་ཆེས་སྔ་བའི་གཏན་ཚིགས་རིག་པའི་གྲུབ་མཐའ(米利都学派)མས་ལིས་ཏོའུ་འམ་ཡང་(爱奥尼亚学派)ཨེ་ཨོ་ཉིས་ཡའི་གྲུབ་མཐའི་སྲོལ་འབྱེད་པ་ཡིན། གྷི་རིག་གི་སྐྱེས་བུ་དམ་པ་བདུན་གྱི་ཐོག་མ་ཡིན། གནའ་བོའི་ནུབ་ཕྱོགས་པའི་བསམ་བློའི་ལོ་རྒྱུས་སྟེང་གི་ཆེས་ཐོག་མར་མིང་ལྷག་མཁན་ཡིན་པས་ཚན་རིག་དང་གཏན་ཚིགས་རིག་པའི་ཡབ་མེས་སུ་འབོད། ཁོང་གི་སྐྱེ་ཡུལ་ནི་གནའ་བོའི་གྷི་རིག་གི་དར་རྒྱས་ཆེ་བའི་མཚོ་ཁའི་གྲོང་ཁྱེར་མེ་ལི་ཏུའུ་(米利都)ཡིན་ལ།ཁོ་ཚང་ནི་འབྱོར་མེད་གྲལ་རིམ་ནས་སྐུ་དྲག་གྲལ་རིམ་ཐོབ་པ་ཞིག་ཡིན། ཁོང་ནི་ཞིས་པོ་ལེ (希伯来人Hbrews)དང་ཡང་ན་ཡུའུ་ཐེ (犹太人 jew)ཡིན་ལ། (腓尼基)མིའི་གདུང་རྒྱུད་ཀྱང་ཡིན་པས་ཆུང་དུས་ནས་བཟུང་སློབ་གསོ་ལེགས་པོ་ཐོབ་ཡོད་ལ། ཁོང་སྔོན་ཚོང་བ་ཞིག་ཡིན་པ་དང་། ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་ཕེབས་མཁན་ཞིག་ཀྱང་ཡིན། ཁོང་གིས་ཆེས་ཐོག་མར་གནའ་བོའི་པ་པེ་ལོན་ (巴比伦)གི་ཉི་འཛིན་ཟླ་འཛིན་ལྟ་དཔྱད་ཚད་འཇལ་བྱེད་ཐབས་དང་མཚོ་ཐོག་གི་གྲུ་གཟིངས་ཀྱི་བར་ཐག་བརྩི་ཚད་སོགས་སློབ་སྦྱོང་བྱས།

དབྱིན་ཁྲི་ཞས་ཏོན་སི་ཅས(英赫希敦斯基)ཀྱི་བྱ་དངོས་གྲུབ་ཚུལ་གྱི་གདོད་མའི་བསམ་བློ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཨེ་ཅིབ་ཀྱི་ས་གཞི་ཚད་འཇལ་གྱི་བྱེད་ཐབས་དང་ལམ་སྲོལ་སོགས་ཤེས་རྟོགས་བྱུང་། ཡང་ཁོང་ཉིད་མེ་སོ་པོ་ཏ་མེས་ཡ་ཕེན་ཡོན(美索不达米亚平原)ལ་ཕེབས་ནས་རྩིས་རིག་དང་གནམ་རིག་སྐར་རྩིས་སྐོར་བསླབ་པ་ཡིན། རྗེས་སུ་ཁོང་གིས་ཆབ་སྲིད་དང་བཟོ་སྐྲུན་ཕྱོགས་ཀྱི་བྱ་འགུལ་མང་བོ་སྤེལ་བ་དང་། རྩིས་རིག་དང་གནམ་རིག་སྐར་རྩིས་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པར་བྱས། ཚེ་མཇུག་ལ་ཁོང་གིས་གཏན་ཚིགས་རིག་པར་ཞིབ་འཇུག་བྱས་ནས་སློབ་མ་མང་བོ་བསྡུས་ཏེ་མེ་ལི་ཏུའུ (米利都) གྲུབ་མཐའ་གསར་དུ་བཏོད།

གཉིས།མཚན་ཉིད་རིག་པའི་ལྟ་གྲུབ།

མཚན་ཉིད་རིག་པའི་ངོས་ནས། ཁོང་གིས་ཆུ་ནི་གཙོ་བོ་ཡིན་པར་མ་ཟད་བྱ་དངོས་ཐམས་ཅད་ཆུ་ལ་བརྟེན་ནས་སྐྱེས་པ་ཡིན་ཞེས་པའི་བསམ་བློ་གསར་བ་བཏོད། བྱ་དངོས་གང་ཞིག་ཆུ་ལས་སྐྱེས་ཤིང་མཐར་ཆུའི་ནང་དུ་འཐིམ་འགྲོ་བར་བཤད་པ་དང་། ད་དུང་ས་གཞི་ནི་ཆུའི་སྟེང་དུ་རྒྱུ་བ་ཡིན་པའི་ལྟ་ཚུལ་ཐོག་མ་བཏོན།ཡང་རང་བྱུང་ཁམས་ཀྱི་སྐྱེ་དངོས་དག་ལ་བླ་སྲོག་ཡོད་པར་འདོད་དེ། དཔེར་ན། རྣོ་རྡོ་རྗེ་ཕ་ལམ་གྱིས་ལྕགས་གཡོ་བར་བྱེད་ནུས་པ་ཡིན་ནོ། ། [2]ཞེས་པའི་ལྟ་ཚུལ་གསར་བ་བཏོན། དེས་ན་ཁོང་གིས་ལྟ་ཚུལ་འདི་ལྟ་བུ་ཞིག་ཅིའི་ཕྱིར་བཏོན་པ་ཡིན་ཞེ་ན།སྤྱིར་ཁོ་རང་འཚོ་སྡོད་བྱེད་སའི་ཁོར་ཡུག་ལའང་འབྲེལ་བ་ཡོད་པ་ཡིན། ཁོ་རང་སྐྱེ་ས་ནི་མཚོ་ཁའི་གྲོང་ཁྱེར་མེ་ལི་ཏུའུ་(米利都)ཡིན་པས་ཆུ་དང་འབྲེལ་བ་ཡོད་ལ། རང་བྱུང་གི་སྣང་ཚུལ་དག་ཀྱང་ཆུ་དང་འབྲེལ་བ་ཡོད་པ་སྨོས་མ་དགོས། ད་དུང་སྐབས་དེར་ཆུ་ལ་དད་མོས་བྱེད་པའི་སྣང་ཚུལ་ཞིག་ཀྱང་ཡོད། འགྲོ་བ་གང་དང་ཡིན་ཡང་གཙོ་བོ་ཆུ་ལ་བརྟེན་ནས་འཚོ་བ་ཡིན་པས། ཁོས་རྒྱུ་མཚན་དང་རིག་པ་འདི་དག་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་དག་ཆུ་ལ་བརྟེན་ནས་བྱུང་བ་ཡིན་པ་འདོད་པའི་ལྟ་ཚུལ་ཐོག་མར་བྱུང་བར་འདོད།

ཁོང་ནི་གནའ་བོའི་གྷི་རིག་ནས་བྱ་དངོས་ཀྱི་ངོ་བོའི་གྲུབ་ལུགས་ལ་ཆེས་ཐོག་མར་བསམ་བློ་གཏོང་མཁན་ཡིན་པས་ཡིན་པས། ཁོང་ནི་མཚན་ཉིད་རིག་པའི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་མི་སྣ་དང་བོར་འཇོག་པ་ཡིན། ཡང་ཚན་རིག་གི་ཕྱོགས་ནས་ཁོང་གིས་ཉི་མའི་གྲིབ་གཟུགས་སྤྱད་ནས་གཏོར་དབྱིབས་མཆོད་རྟེན་གྱི་མཐོ་དམའ་ཚད་འཇལ་བྱས་པ་དང་། སྤྱི་ལོ་སྔོན་གྱི་ལོ་585ལོར་བྱུང་བའི་ཉི་འཛིན་དེ་ཡང་ལུང་དུ་བསྟན།

གནམ་རིག་སྐར་རྩིས་ཀྱི་ཕྱོགས་ནས(小熊座)ཡོད་པར་སྨྲ་བ་དང་གྷི་རིག་ནས་ཆེས་ཐོག་མར་ཉིན་གཅིག་ལ་ཉིན་གྲངས་365གཏན་འབེབ་བྱེད་མཁན་ཡིན། ད་དུང་ཉི་མའི་ཚངས་ཐིག་ཚད་མཇལ་ཀྱི་ཕྱོགས་ལ་ཞིབ་འཇུག་མང་བོ་བྱས་མཐར་ཉི་མའི་ཚངས་ཐིག་གི་ཉིན་གཅིག་གི་རིམ་པ་ལ(1720)ཡོད་པར་ཁྱབ་བསྒྲགས་བྱས། གྲངས་ཀ་འདི་ནི་དེང་སྐབས་ཉི་མའི་ཚངས་ཐིག་ཚད་འཇལ་བྱས་པ་དང་ཧ་ལམ་ཁྱད་པར་མེད། ཡང་ཁོང་གིས་ཤེས་རྟོགས་བྱུང་བ་ནི་ཉི་ཟླ་སྐར་གསུམ་གྱི་ལྟ་དཔྱད་དང་ཞིབ་འཇུག་བརྒྱུད་ནས་ལོ་གཅིག་ལ་ཉིན་ཞག(365)ཡོད་པར་གཏན་ཁེལ་བྱས། སྐབས་དེར་གནམ་རིག་སྐར་རྩིས་པ་སུས་ཀྱང་འདི་ལྟ་བུ་ཞིག་གསར་བཏོད་བྱས་མེད་པས་ཁོང་ནི་འགྲན་ཟླ་མེད་པ་ཞིག་ཏུ་ངེས་སོ། །

ཨཱ་ན་ཁེ་མན་རྡུ།(阿那克西曼德)

གཅིག སྐུ་ཚེའི་གནས་བབ།

ཨ་ན་ཁེ་མན་རྡུ་ལགས་ནི་མེ་ལི་ཏུའུ་གྲུབ་མཐའི་མཚན་ཉིད་རིག་པ་བ་གཉིས་པ་ཡིན་ལ། ཁོང་ནི་རྡད་ལེ་སིའི་སློབ་མ་ཡིན། མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཕྱོགས་ནས་རྡད་ལེ་སི་དང་བསྡུར་ན་ལྟ་གྲུབ་གསར་བ་འདོན་མཁན་ཞིག་ཡིན། ཁོང་ནི་སྤྱི་ལོའི་སྔོན་གྱི་ལོ(570)སྐབས་ཀྱི་མི་ཡིན་པར་འདོད། དབྱིན་ཇུའི་མཁས་པ་རུ་སི་ལགས་ཀྱིས་སྤྱི་ལོའི་སྔོན་གྱི་ལོ546ལོར་ཁོང་ནི་དགོང་ལོ56ཡིན་པར་བཞེད།[3] དེ་བས་ཕལ་ཆེར་ཁོང་ནི་སྤྱི་ལོའི་སྔོན་གྱི་ལོ611ནས་སྤྱི་ལོ་546བར་གྱི་མི་ཞིག་ཡིན་ལ། ཁོང་གི་ཡབ་ཆེན་གྱི་མིང་ལ་ཕ་ཞིས་ཡ་རྡི་སི (帕西亚德斯Praxiades)ཟེར་ལ། འཁྲུངས་ཡུལ་ནི་མེ་ལི་ཏུའུ་ཡིན། ད་དུང་ཁོང་མེ་ལི་ཏུའུ་ཡི་མི་སེར་སྤེལ་ཡུལ་གྱི་དབུ་འཛིན་པར་བཞུགས་མྱོང་མཁན་ཞིག་ཀྱང་ཡིན།

གཉིས། མཚན་ཉིད་རིག་པའི་ལྟ་གྲུབ།

ཨཱ་ན་ཁེ་མན་རྡུ་ལགས་ཀྱིས་མཚན་ཉིད་རིག་པའི་ལྟ་བ་ནི“མ་ངེས་པའི་”ལྟ་བ་ཡིན་ལ།“མ་ངེས་པ་”ནི་བྱ་དངོས་ཡོད་ཚད་འགྲུབ་བྱེད་ཡིན་གྱི་ཐོག་མའི་ངོ་བོ་ཡིན་པ་དང་དེ་ལ་གཏན་འབེབས་སོགས་ཅི་ཡང་མེད་པར་འདོད། “མ་ངེས་པ”ནི་ཆོས་ཐམས་ཅད་ཀྱི་སྐྱེ་བའི་བརྒྱུད་རིམ་ཡིན་པ་དང་བྱ་དངོས་ཡོད་ཚད་དབང་དུ་འདུ་ཞིང་དེའི་བརྒྱུད་རིམ་ནི་སྟོངས་པར་འདོད། སྐྱེ་འཇིག་ཐུན་མོང་གིས་འཇིག་རྟེན་གྱི་འགུལ་བསྐྱོད་གྲུབ་ཅིང་འགའ་ཞིག་གྲུབ་པ་ལ་དེར་བསྟུན་ངེས་པར་དུ་གཞན་ཞིག་མེད་པར་འགྱུར་བར་འདོད། གོང་གི་ལྟ་ཚུལ་འདི་དག་ལ་བརྟེན་ནས་གྷི་རིག་པ་རྣམས་ཀྱིས་ཆེས་ཐོག་མར་འཁོར་བའི་རྒྱུ་འབྲས་ཀྱི་གནས་ལུགས་འདི་རྟོགས་པ་ཡིན་ཟེར།

ཨཱ་ན་ཞི་མུ་ནེ། (阿那克西美尼Anaximenes)

གཅིག སྐུ་ཚེའི་གནས་བབ།

ཨཱ་ན་ཞི་མུ་ནེ(Anaximenes)ལགས་ནི་མེ་ལི་ཏུའུ་གྲུབ་མཐའི་མཚན་ཉིད་རིག་པ་བ་གསུམ་པ་ཡིན་ལ། ཁོང་ནི་སྤྱི་ལོའི་སྔོན་གྱི་ལོ 585 ཙམ་ལ་སྐུ་འཁྲུངས་པའི་གནའ་བོའི་གྷི་རིག་གི་མཚན་ཉིད་སྨྲ་བ་ཞིག་ཡིན། སྤྱི་ལོའི་སྔོན་གྱི་ལོ 528 ལ་སྐུ་མྱ་ངན་ལས་འདས་པར་བཤད།རྡད་ལེ་སི་དང་ཨཱ་ན་ཁེ་མན་རྡུ་གཉིས་ཀྱི་སློབ་མ་ཡིན་ཞིང་དེ་གཉིས་ཀྱིས་བསྟན་པའི་གཞུང་ལུགས་ཀྱི་རྒྱུན་སྐྱོང་མཁན་ཞིག་ཡིན་པར་སྨྲ། ཕྱིས་སུ་ཁོང་གི་རྟོགས་པ་མཐོ་རུ་ཕྱིན་ནས་རང་གིས་ལྟ་ཚུལ་གསར་བ་བཏོན་ཞིང་། འཇིག་རྟེན་གྱི་ཆེས་ཐོག་མའི་རྩོམ་གཞི་ནི་རླུང་ཡིན་པར་སྨྲ། འདིའི་ཕྱིས་སུ་མེ་ལི་ཏུའུ་གྲུབ་མཐའ་ལ་མཚན་ཉིད་རིག་པ་བ་གཞན་མ་བྱུང་བས་ཁོང་ནི་ཆེས་མཐའ་མཇུག་ཡིན་པརའདོད།

གཉིས། མཚན་ཉིད་རིག་པའི་ལྟ་གྲུབ།

ཨཱ་ན་ཞི་མུ་ནེ་ལགས་ཀྱིས་རླུང་ནི་ཆོས་ཐམས་ཅད་རྩོམ་པའི་གཞི་སྟེ། རླུང་གི་གཟུགས་ཕྲ་མོར་བརྟེན་ནས་རྣམ་ཤེས་གྲུབ་པ་དང་། རླུང་གཟུགས་རགས་པའི་འཕྲད་སྦྱོར་ལ་བརྟེན་ནས་གཟུགས་ཀྱི་ཕུང་བོ་དག་གྲུབ་པར་འདོད། དེ་བས་སྔོན་གྱི་མཁས་པ་རྡད་ལི་སི་དང་། དེའི་སློབ་མ་ཨཱ་ན་ཁེ་མན་རྡུ་དང་བཅས་པའི་ལྟ་ཚུལ་དང་མི་གཅིག་པར་འཇིག་རྟེན་གྱི་རྩོམ་གཞི་རླུང་ཡིན་ཚུལ་སྨྲས་ནས་སྐབས་དེའི་མཚན་ཉིད་སྨྲ་བ་དག་ལ་ལྟ་ཚུལ་གསར་བའི་རྩོད་གླེང་གི་སྒོ་གསར་བ་ཞིག་ཕྱེས་པ་ཡིན།

(མུ་འགོད་བྱ་རྒྱུ་ཡིན།)

[1] འབྲོང་བུ་ཚེ་རིང་རྡོ་རྗེ་ཡི《མིའི་རིགས་ཤེས་རབ་ཀྱི་འཇུག་ངོགས》 ཞེས་པར་རྡད་ལེ་སི་ཞེས་བསྒྱུར་ཡོད་པས་དེ་ལྟར་བཀོད་པ་ཡིན། དབྱིན་ཇུའི་སྐད་སོར་བཞག་བྱས་པ་ཡིན་ན། ཐྲ་ལི་སི་ཞེས་པའི་སྒྲ་འབྱུང་བ་ཡིན།

[2] 罗素.《西方哲学史》 内蒙古出版集团.2011年版p.15

[3] 罗素.《西方哲学史》 内蒙古出版集团.2011年版p.16

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།