ཀྲུང་གོ་བོད་ཀྱི་དྲ་བ།

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།ནང་ཆོས་ཀྱི་སྤྱི་སྡོམ།

    སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

IMG_0032.JPG

སྤྱིར་ནང་པའི་ཆོས་ཞེས་པ་ལ། སློབ་དཔོན་འཕགས་པ་ལྷའི་གཞུང་བཞི་བརྒྱ་པའི་རབ་བྱེད་བཅུ་གཉིས་པ་ལས།ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱིས་ཆོས་ཡིད་དང༌།།མིག་དང་རྣ་བ་ཡིས་འཛིན་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་ཆོས་ལ།ཤཱཀྱ་ཐུབ་པའི་ཆོས་དང་།གོས་མེད་གཅེར་བུའི་ཆོས་དང་།བྲམ་ཟེ་རིག་བྱེད་པ་རྣམས་ཀྱི་ཆོས་ཞེས་འདོད་ཚུལ་གསུམ་བྱུང་ཞིང་།གོས་མེད་གཅེར་བུ་བས་ཆོས་ཞེས་པ་ལུས་ཀྱི་ཆོས་ཏེ།ཕྱི་ཚུལ་གྱི་ལུས་ཀྱི་རྣམ་པ་མིག་གིས་མཐོང་ཆོས་སུ་ཡོད་པ་ལ་ཆོས་སུ་འདོད་པ་དང་།བྲམ་ཟེ་རིག་བྱེད་པ་རྣམས་ཀྱིས་སྒྲའི་རིག་བྱེད་རྣ་བས་ཐོས་པར་བྱ་བ་ལ་ཆོས་སུ་འདོད་པ་དང་།ཤཱཀྱ་ཐུབ་པས་སྟོང་རྟེན་འབྲེལ་གཅིག་གྲོགས་གཅིག་ལ་སོང་བ་ཡིད་ཀྱིས་འཛིན་པ་དེ་ལ་བརྟེན་ནས་གཞན་ལ་འཚེ་བ་སྤངས་པའི་ཡིད་ལ་ཆོས་སུ་འདོད་ཚུལ་གསུམ་ལས།ནང་པའི་ཆོས་དེ་ཟབ་ཅིང་ཕྲ་བར་གསུངས་སོ།།དེ་ལ་ནང་པའི་ཆོས་ཞེས་པའི་གོ་དོན་ནི།འཕགས་པ་ལྷས།ཆོས་ནི་མདོར་ན་མི་འཚེ་བར།།དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ།།འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་དམ་པའི་ཆོས་ཀྱིས་བསྒྲུབ་བྱ་ལ་མངོན་མཐོ་དང་ངེས་ལེགས་གཉིས་སུ་འདུས་པས་སྒྲུབ་བྱེད་ཀྱི་ཐབས་ལ་ཡང་མངོན་མཐོ་སྒྲུབ་བྱེད་མི་འཚེ་བ་དང་།ངེས་ལེགས་སྒྲུབ་བྱེད་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་པར་གསུངས་པས་ནང་ཆོས་འདི་འགྲོ་བ་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་དམ་པ་ཞིག་ཡིན།ཆོས་པ་ཡིན་ཟེར་མཁན་འགའ་ཞིག་གིས། ཆོས་བྱེད་པའི་ཁུལ་གྱིས་ཁ་འདོན་དགེ་སྦྱོར་དང་། དགེ་འདུན་ལ་བསྙེན་བཀུར།བླ་མ་ཆེ་ཁག་ལ་འབྲེལ་འདྲིས་ཆེན་པོས་བཀུར་བཟོ་ཚད་མེད་སོགས་ཕྱོགས་གང་ཐད་ནས་ཆོས་ལ་འབད་འབུང་ལྷོད་མེད་བྱེད་བཞིན་པའི་རྣམ་པ་བསྟན་ན་ཡང་།མི་འདོད་པའི་རྐྱེན་ཅུང་ཟད་རེ་འཕྲད་པ་དང་ཆགས་སྡང་དང་འཁོན་འཛིན། རང་རྒྱལ་གཞན་ཕམ། མཐོ་དགའ་དམན་དོགས་སོགས་གཞན་ལས་ཀྱང་ཐུ་བ་རྣམས་ནི་ཆོས་ཀྱི་གནད་དོན་མ་ཤེས་པའམ།ཤེས་ཀྱང་ཉམས་ལེན་གནད་ལ་མ་ཁེལ་བའི་རྟགས་མཚན་ངོ་མ་དེ་རེད། ཆོས་ཀྱི་ཉམས་ལེན་དངོས་ནི་མི་འདོད་པའི་རྐྱེན་ངན་བར་ཆད་དང་།ཆགས་སྡང་སྐྱེ་བའི་ཡུལ་དང་། ཆགས་སྡང་གི་རྒྱུ་ཚུལ་མིན་ཡིད་བྱེད་སོགས་ཉོན་མོངས་སྐྱེ་བའི་རྒྱུ་ཚོགས་ཚང་ཡོང་བའི་སྐབས་སུ་རང་སེམས་ཉོན་མོངས་པའི་དབང་དུ་མ་ཤོར་བར་བྱས་ཏེ་རང་གི་སེམས་འདུལ་བ་དེ་ག་རང་ཡིན་པ་ཤེས་དགོས།

མདོར་བསྡུས་ནས་བཤད་ན།ནང་པའི་ཆོས་ཞེས་པ་གཞན་ལ་ཕན་འདོགས་མ་ནུས་ནའང་གཞན་ལ་གནོད་པ་དང་འཚེ་བ་མི་བྱེད་པའི་ཐོག་ནས་གང་ཟག་རང་རང་གི་སེམས་འདུལ་བའི་ཐབས་ཤིག་ལ་གོ་དགོས་ཤིང་།ལྷག་པར་ཐེག་པ་ཆེན་པོའི་ཆོས་ནི་གཞན་ལ་འཚེ་བ་མི་བྱེད་པ་མ་ཟད་གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པའི་ཆོས་ལ་འཇོག་དགོས་པ་ཡིན།དེ་ཡང་ལེགས་སྦྱར་གྱི་སྐད་དུ་དྷརྨ་ཞེས་པ་འཛིན་པའི་དོན་ཡིན་པས་སྐབས་འདིའི་འཛིན་ཞེས་པ་ནི།མི་མཐུན་ཕྱོགས་ལས་ཡོངས་སུ་འཛིན་པ་དང་སྐྱོབ་པ་ལ་གོ་དགོས་པ་དང་། དེ་བོད་སྐད་དུ་བསྒྱུར་བའི་ཚེ་ཆོས་ཞེས་བསྒྱུར་བ་ཤིན་ཏུ་ལེགས།དེ་ཡང་ཆོས་ཞེས་པ་ནི་འཆོས་པ་དང་བཅོས་པའི་དོན་ཡིན་པས་སེམས་རྒྱུད་བཟོ་བཅོས་བྱས་པ་ལ་གོ་དགོས།བཟོ་བཅོས་བྱེད་ལུགས་ཀྱང་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དབང་དུ་མ་ཤོར་བར་ལེགས་པའི་ཕྱོགས་སུ་བཅོས་པ་དང་བསྒྱུར་བ་ལ་བཤད་དེ།སེམས་ཉོན་མོངས་པའི་དབང་དུ་མ་ཤོར་བར་བྱུང་ན་མི་མཐུན་ཕྱོགས་ལས་ཡོངས་སུ་འཛིན་པའི་དོན་ཡང་ལེགས་པར་ཚང་བ་ཡིན།སེམས་ཉོན་མོངས་པའི་དབང་དུ་སོང་ཚེ་རང་གཞན་ལ་སྒོ་གསུམ་གང་རུང་ནས་གནོད་པར་འབྱུང་བ་གཏན་ཁེལ་བ་ཡིན།དེའི་རྒྱུ་མཚན་གྱིས་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་སྤོང་དགོས་ཞེས་པ་ཡང་གནད་འདི་ལ་ཐུག་པ་ཡིན།འདི་ནི་ཆེས་གལ་གནད་ཆེ་བའི་ཆོས་ཀྱི་ངོ་བོ་དང་ནང་དོན་ཡིན་ལ། ནང་པའི་ཆོས་པ་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཡང་ཡིན།དེ་ལ་བརྟེན་ནས་ནང་པའི་ཆོས་ཀྱི་ཐོག་མའི་འཇུག་སྒོ་ལ་སྐྱབས་འགྲོ་དགོས་པ་དང་།སྐྱབས་ཡུལ་དཀོན་མཆོག་གསུམ་ལས་སངས་རྒྱས་དཀོན་མཆོག་དང་དགེ་འདུན་གཉིས་སྐྱབས་སྟོན་པ་པོ་དང་སྐྱབས་སྒྲུབ་པའི་ཟླ་གྲོགས་བྱས་ནས་སྐྱབས་དངོས་དེ་ཆོས་དཀོན་མཆོག་ལ་བཞག་པ་ཡིན།དེའི་ཐོག་ནས་ནང་པའི་ཆོས་པ་སུ་ཞིག་ཡིན་ཡང་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་བྱེད་པའི་སྐྱབས་ངོ་མ་དེ་རང་གི་རྒྱུད་ལ་ཡོང་དགོས་པ་དང་།དེ་ཡང་རང་རང་གི་འབད་རྩོལ་ལ་བརྟེན་ཏེ་སྒྲུབ་པ་ཉམས་ལེན་གྱི་ཐོག་ནས་རང་རྒྱུད་ལ་ཆོས་དཀོན་མཆོག་དངོས་དེ་ཐོབ་པར་བྱེད་དགོས་པ་ལས་སྐྱབས་གཞན་ཁོ་ན་ལ་རེ་བ་བྱས་ནས་བསྡད་ན་འགྲུབ་རྒྱུ་མེད་པར་གསལ་བོ་ཆགས་པ་རེད།དེས་ན་དཀོན་མཆོག་གཞན་གཉིས་པོ་ནི་སྐྱབས་སྒྲུབ་པའི་གྲོགས་ཡིན་པར་ཤེས་དགོས་སོ།།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།