ཀྲུང་གོ་བོད་ཀྱི་དྲ་བ།

ལུས་ཟུངས་དང་འབྲེལ་ནས་ཟས་སྤྱོད་ཀྱི་དགོས་སྐྱོན་ཅུང་ཙམ་བཤད་པ།

  རྩོམ་པ་པོ། : གཡུང་དྲུང་ཚེ་རིང།བོད་ལྗོངས་རྒྱལ་རྩེ།   སྤེལ་དུས། : 2016-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། གླེང་གཞི་བཤད་པ།

1.jpg
         རང་རེའི་བོད་ལུགས་གསོ་རིག་གིས་ལོ་ངོ་ཆིག་སྟོང་གཉིས་བརྒྱ་ལྷག་གི་སྔ་རོལ་ནས་མིའི་ལུས་པོའི་རྩ་བའི་གྲུབ་ཆ་དང་དེའི་གནས་ལུགས།ལྡང་ཚད།དབྱེ་བ།རང་བཞིན།མཚན་ཉིད།འཇིག་ལྟོས་སོགས་ལ་ཞིབ་འཇུག་བྱས་ནས་ཐ་མལ་པའི་ལུས་དང་དེར་བྱུང་བའི་འཕེལ་འགྲིབ་ཀྱི་ནད།ནད་དེའི་གསོ་ཚུལ་དང་གསོ་ཐབས་ལ་སོགས་པ་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་པ་མ་ཟད།ཟས་ཀྱི་ངོ་བོ་དང་རྣམ་གྲངས།དབྱེ་བ།ཕན་ནུས།ལུས་ཀྱི་བྱ་བ།ངག་གི་སྨྲ་བརྗོད།ཡིད་ཀྱི་དྲན་སྟངས་ལ་སོགས་པའི་ཟས་སྤྱོད་སྤང་བླང་གི་ཚུལ་ཡང་ལོ་རྒྱུས་ཟིན་ཐོ་ལ་བཀོད་ཡོད་པ་ཞིག་རེད།གནས་ཚུལ་འདི་དག་གིས་ང་ཚོ་བོད་མི་རིགས་འདི་ཉིད་འཛམ་གླིང་གི་སྔོན་ཐོན་མི་རིགས་ཁག་དང་འདྲ་བར་གནའ་སྔ་མོ་དུས་ནས་ཀྱང་རང་རྐྱ་འཕར་བའི་རིག་གནས་ཀྱི་རྨང་སྟུག་པོ་ཡོད་པ་ཤེས་ཐུབ་ལ།ཁྱད་པར་དུ་ལུས་ཀྱི་ལྡང་ཚད་དང་ཐ་མལ་ནད་མེད།རོ་བཙའ་རྒས་གསོ་ལྟ་བུའི་གཞུང་ལུགས་ཆ་ཚང་ཞིང་ཕྱག་ལེན་མ་ཉམས་པར་ད་ལྟ་བར་དུ་་རྒྱུན་མཐུད་པར་གནས་པ་འདི་ནི་ང་ཅག་བོད་ཀྱི་ཐུན་མོང་གི་བསོད་ནས་ཉག་གཅིག་རེད།འདིར་ཟས་སྤྱོད་སྤང་བླང་གི་ཐད་ནས་ཅུང་ཙམ་བཤད་པར་བྱའོ།།

གཉིས་པ།ལུས་ཀྱི་གོ་དོན་དང་ཆགས་རྒྱུ་བཤད་པ།
         ལུས་ཞེས་པ་ནི་རྗེས་གྲུབ་ཀྱི་སྒོ་ནས་བཏགས་པའི་མིང་ཞིག་ཡིན་ལ་ལུས་དང་ཕུང་བོ་གཟུགས་རྣམས་དོན་གཅིག་ཡིན་པ་དང་ཕུང་བོ་ནི་སྤུང་བོའི་བརྡ་རྙིང་བ་དང་གཟུགས་ནི་མིག་གིས་བཟུང་བྱ་ཞིག་ཡིན་པ་སྟེ་ཚད་མ་རིག་པ་ལས་ཆ་ཤས་དུ་མ་ཕྱོགས་གཅིག་ཏུ་སྤུངས་པ་གཟུགས་ཀྱི་མཚན་ཉིད་ཅེས་གསུང་ཡོད།དེ་ཡང་དྭངས་མ་དང་ཁྲག་ཤ་ཚིལ་རུས་བ་རྐང་ཁུ་བ་ལ་སོགས་པའི་ལུས་ཀྱི་ཟུངས་བདུན་དང་བཤང་གཅིན་རྔུལ་ལ་སོགས་པའི་དྲི་མ་གསུམ།རླུང་མཁྲིས་བདཀན་ལ་སོགས་པའི་ཉེས་པ་གསུམ་དང་བཅས་པ་ལྷན་གཅིག་ཏུ་འདུས་བའམ་སྤུང་བས་ན་ཕུང་བོ་ཞེས་བཤད་ལ་དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་བྱེད་ཀྱི་དབང་གིས་ལུས་ཆགས་ཅིང་གནས་བ་དང་དེ་དག་གིས་ཕན་ཚུན་གཅིག་གནས་གཅིག་འཕྲོག་དང་གཅིག་དགྲ་གཅིག་བྱེད་ཀྱི་དབང་གིས་ལུས་འཇིག་ཅིང་འཆི་བར་བྱེད་པའི་གོ་རིམ་རྣམས་འབྱུང་བ་ཡིན།དེ་ལྟ་བུའི་ཆགས་གནས་འཇིག་གསུམ་གྱི་རྩ་བར་གྱུར་ལུས་འདི་ཉིད་དང་པོ་ཕའི་སྐྱོན་མེད་པའི་ཁུ་བ་དང་མའི་ཟླ་མཚན་གྱི་ཁྲག་དམར་ལ་དྭངས་པ།དེ་ལ་བར་དོའི་རྣམ་པར་ཤེས་པ་དང་ཕ་མ་བུ་གསུམ་གྱི་སྔོན་ལས།ཉོན་མོངས་བའི་ཆགས་སྤྱོད་ལ་སོགས་པ་ཡོངས་སུ་འཛོམས་ནས་མངལ་ཆགས་པ་ཡིན།

2.jpg

གསུམ་པ།ཁུ་ཁྲག་སྐྱོན་མེད་ཀྱི་རྟགས་མཚན།
       དེ་ཡང་ཁུ་བའི་རྒྱུན་ལྡན་གྱི་ལྡང་ཚད་ནི་རང་གི་ཁྱོར་གང་ཡིན་པ་གང་ཞིག་མདོག་དཀར་ཞིང་བོངས་ཚད་མང་བ་དང་རོ་མངར་དང་མ་ཡི་ཟླ་མཚན་གྱི་མདོག་དམར་ལ་དྭངས་པ་རི་བོང་གི་ཁྲག་དང་འདྲ་བ།བཀྲུས་ན་དག་པར་འགྱུར་བ་ནི་ཁུ་ཁྲག་སྐྱོན་མེད་ཀྱི་རྟགས་མཚན་དུ་བཞེད་པ་ཡིན།

  བཞི་བ།ལུས་ཀྱི་ལྡང་ཚད་བཤད་པ
         ཤ་ཁྲག་ལ་སོགས་པའི་རང་རང་གི་ལྡང་ཚད་(རྒྱུན་ལྡན་གྱི་ཚད་གཞི)ཆ་སྙོམས་པོ་གནས་ཤིང་འཕེལ་ཟད་འཁྲུག་གསུམ་དུ་མ་གྱུར་བར་ཐ་མལ་ནད་མེད་ཀྱི་སྐབས་ཞིག་ལ་ཟེར་བ་ཡིན་ཏེ་གྲུབ་པ་ལུས་ལས་དང་པོ་རླུང་གི་ལྡ་ཚད་རིང་གི་ལྒང་ཕུག་གང་།།མཁྲིས་བའི་ལྡང་ཚད་རང་གི་གསང་སྒྲོ་གང་།།བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ།།གཅིན་དང་ཆུ་སེར་ལྡང་ཚད་སྙིམ་པ་བཞི།།ཁྲག་དང་ཕྱི་སའི་ལྡང་ཚད་སྙིམ་བདུན།།མདངས་དང་ཁུ་བའི་ལྡང་ཚད་ཁྱོར་བ་རེ།།ཞག་ཚིལ་བུའི་ལྡང་ཚད་སྙིམ་པ་དོ།།ཀླད་པའི་ལྡང་ཚད་རང་གི་སྙིམ་པ་གང་།།ཤ་ཡི་ལྡ་ཚད་སྤར་ཚད་ལྔ་བརྒྱ་སྟེ།།རུས་པའི་ལྡང་ཚད་རུས་རིགས་ཉི་ཤུ་གསུམ།།ཞེས་ཤ་དང་རུས་པ་ལ་སོགས་པའི་རང་རང་གི་མང་ཉུང་གི་ཚད་གཞི་རྣམས་གསལ་བོ་བཤད་ཡོད་ལ་དེ་དག་རང་རང་གི་ལྡང་ཚད་ལས་འཕེལ་བ་མ་ཡིན་ལ་ཟད་པ་འང་ཡིན་པའི་སྐབས་སུ་མིག་སྣ་རྣ་ལ་སོགས་པའི་དབང་བོའི་ཁམས་དྭངས་ཤིང་གསལ་བ་དང་ལས་སྣ་ཚོགས་ལ་ཚུལ་བཞིན་དུ་འཇུག་པ།ཤ་ཁྲག་ལ་སོགས་པའི་རང་མདོག་རྒྱུན་ལྡན་ལྟར་དུ་གནས་པ།དྲི་མ་བཤང་གཅིན་ལ་སོགས་པ་བདེ་བར་རྒྱུ་བ།ནད་རླུང་མཁྲིས་བད་ཀན་ལ་སོགས་པ་སྙོམ་པོ་གནས་པ།པགས་མདོག་རྒྱུན་ལྡན་ལྟར་གནས་པ་སོགས་ལུས་ཀྱི་འབྱུང་ཁམས་བདེ་ཞིང་སེམས་ཁམས་སྐྱིད་པ་དང་ནད་མེད་པ།ཚེ་རིང་བ།རྒས་སྲ་བ་ལ་སོགས་ཀྱི་སྣང་ཚུལ་ཡོད་པ་ཞིག་རེད།དེ་ལྟ་བུའི་ལུས་ཁམས་བདེ་ཞིང་སེམས་པ་སྐྱིད་པ་དང་ན་མེད་པ།ཚེ་རིང་བ།རྒས་སྲ་བ་ལ་སོགས་པའི་རྩ་བ་ཡང་ཟས་སྤྱོད་ཡང་དག་བསྟེན་མ་བསྟེན་རག་ལས་ཞིག་རེད།
  ལྔ་བ།ཟས་སྐོམ་གྱི་དགོས་སྐྱོན་བཤད་པ།
      སྤྱིར་ཆགས་གནས་འཇིག་གསུམ་གྱི་གོ་རིམ་བརྒྱུད་པའི་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བའི་ཆེད་དུ་འགྲོ་ལ་ཁྱད་པར་དུ་འགྲོ་མཆོག་མི་ཡི་རིགས་འདི་ཉིད་སྐྱེས་པ་ནས་གནས་དང་གནས་བ་ནས་མ་འཆི་བར་དུ་མི་འདུག་པར་ཡར་མར་རྒྱུ་ཞིང་འགྲོ་བ་དེ་ཡང་བདེ་བའི་ཆེད་ཡིན་པ་རེད།བདེ་ཡོད་ན་མི་ཚེ་སྐྱིད་པ་དང་ན་བ་བྱུང་ན་སྡུག་བསྔལ་མང་བ་ནི་འགྲོ་བ་མི་ཡི་རང་བཞིན་ཞིག་ཡིན་ལ་མི་ན་བར་གནས་བ་དང་ཚེ་རིང་བ།རྒས་སྲ་བ་ལ་སོགས་པའང་མཐར་གཏུགས་ནས་བཤད་ན་བདེ་བ་རན་པར་སྤྱོད་པ་འབའ་ཞིག་རག་ལས་པ་ཡིན།དེ་ཡང་ཞིབ་ཏུ་བཤད་ན་མི་ལ་ན་ཚ་མེད་པ་དང་ཚེ་རིང་པོ་གནས་པ།ལོ་ལོན་ཡང་མི་རྒས་པ་བཅས་ནི་ཟས་སྤྱོད་ཡང་དག་པ་བསྟེན་པ་རག་ལས་པ་དང་སྐྱེས་ནས་རྒ་བ་དང་རྒ་ནས་འཆི་བ།དེ་བཞིན་དུ་མ་ཞུ་བ་དང་ཟས་དུག།ཆམ་རིམས།བརྡབས་ཆག་ལ་སོགས་པའི་ལུས་ཕྱི་ནང་གི་ན་ཚ་མཐའ་དག་ཀྱང་ཟས་སྤྱོད་སྤང་བླང་གི་ཚུལ་མ་ཤེས་པར་བྱུང་བ་ཤ་སྟག་ཡིན་ཏེ་རྒྱུད་ལས་དུས་གདོན་གཉིས་ཀྱིས་མ་སྐྱེད་རིམས་མི་འབྱུང།།སྤྱོད་ལམ་དག་གིས་མ་སྐྱེད་འགྲམས་མི་འབྱུང།།ཁྱད་པར་ཁ་ཟས་དུག་ཚད་སྐྱེད་པའི་རྒྱུ།།ཞེས་གསུངས་བ་དང་ལྷག་པར་དུ་དུས་དབང་གིས་དར་བའི་བཅུད་མེད་ཀྱི་ཞོར་ཟས་སྣ་ཚོགས་དང་ཕག་ཤ་བརྙལ་མ།སྔོ་ཚལ་གྱི་རིགས་མ་བཀྲུས་བར་རྔོས་པ།ཤིང་ཏོག་མ་སྨིན་པའི་རིགས་རྗེན་བཟའ་བྱས་པ།ལུག་ཤ་དང་གཡག་ཤ་ལ་སོགས་པ་མི་འཕྲོད་པའི་བྲོ་རྫས་མང་བོས་གཡོས་སྦྱོར་བའི་རྐྱེན་གྱིས་མ་ཞུ་བའི་ནད་དང་ཁྲག་གི་ནད།བཤལ་ནད།བད་ཀན་གྱི་ནད།དྲེག་གྲུམ་གྱི་ནད།སྐྲན་ནད།བད་ཀན་ཟ་ཁུའི་ནད་ལ་སོགས་པ་མང་དུ་འབྱུང་བཞིན་ཡོད་ལ།རྒྱུ་རྐྱེན་མི་ཤེས་པའི་འགོས་ནད་ཀྱི་རིགས་དང་ཐ་མག་གིས་བསླངས་བའི་གློ་ནད།ཆང་རག་གིས་འཆི་བའི་མཆིན་དུག་གི་ནད།མངར་ཆ་ཡིས་བསླངས་པའི་མཁལ་སྐྲན་ལ་སོགས་པའང་མང་དུ་འབྱུང་བཞིན་ཡོད།ནད་རིགས་འདི་དག་བཟའ་བཏུང་ལ་ཆོས་ཉིད་མེད་པ་དང་ཚན་རྩལ་གྱི་རྗེས་སུ་མ་ཆོད་པར་བཟའ་ཆོས་ཚད་བཀག་གི་དུས་ཡུན་ལས་གདའ་བའམ་དུས་ཡུན་ལ་ཚོད་འཛིན་མ་ཤེས་པ།དམན་ལྷག་ལོག་པ་ལ་སོགས་ལས་བྱུང་བ་ཤ་སྟག་ཡིན་ནོ།དེའི་རྐྱེན་གྱིས་ཁ་ཟས་དགོས་མི་དགོས་དང་འཕྲོད་མི་འཕྲོད་སོགས་ལེགས་པར་བརྟག་ནས་ཟས་ཚུལ་བཞིན་དུ་ཟ་བ་དང་ཟས་ཚོད་ལེགས་པར་ཟིན་པ།ཟས་གདམས་པ་ལ་མཁས་པ་སོགས་བྱས་ནས་ཟས་སྐོམ་ལེགས་པོ་སྤྱོད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ་རྒྱུད་ལས་ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང།།དམན་ལྷག་ལོག་ན་ནད་སྐྱེད་འཕྲལ་སྲོག་འཇོམས།།ཞེས་གསུངས་པ་ལྟར་རོ།
 དྲུག་པ།སྤྱོད་ལམ་གྱི་དགོས་སྐྱོན་བཤད་པ།
         གཞན་ཡང་འཕྲུལ་འཁོར་ལ་བྱང་ཆ་མེད་པ་འམ་སྨྱོ་ཆང་གིས་དབང་གིས་རང་ཉིད་བརྡབས་ནས་ཤི་བ་དང་དབང་བོ་སྐྱོན་ཅན་དུ་བཟོས་བ།གཉིད་ཉལ་བ་མང་བས་རིམས་གྱིས་དེད་པ།གཞན་སྲོག་བཅད་ནས་སྡུག་པ་བསགས་པ།ལོག་གཡེམ་བྱས་ནས་མཚན་མའི་ནད་རིགས་འདྲ་མིན་བྱུང་བ།རྐུས་བྱས་པས་རང་ཉིད་བཙོན་དུ་འཇུག་པ།རྫུན་བཤད་ནས་གཞན་མགོ་སྐོར་བ།ཕྲ་མ་བཅུག་ནས་རང་གཞན་འཁྲུགས་པ།ཚིག་རྩུབ་མོས་གཞན་སེམས་དཀྲུག་པ།ངག་ཀྱལ་སྨྲས་ནས་རང་གཞན་ཡིད་རྟེན་མེད་པར་བཟོས་པ།བརྣབ་སེམས་མང་བས་ཕུ་ནུ་འགལ་བ།གནོད་སེམས་དབང་གིས་ཁྲིམས་དང་འགལ་བ།ལོག་ལྟ་དབང་གིས་ཆོས་དང་འགལ་བ་ལ་སོགས་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལོག་པའམ་ཚུལ་དང་མི་མཐུན་པ།མིག་རྣ་ལ་སོགས་པའི་དབང་བོས་གཟུགས་སྒྲ་ལ་སོགས་པ་ཤུགས་ཆེར་གཏད་དྲགས་པ་སམ་ཡང་ན་གཏད་པ་ཉུང་པའི་རྐྱེན་གྱིས་མིག་ནད་དང་རྣ་ནད་ལ་སོགས་པའི་དབང་བོའི་ནད་རྣམས་ཀྱང་སྐྱེད་པར་བྱེད་དོ།།དེ་བས་ལུས་ཡིད་གསུམ་དགེ་བ་ལ་འཇུག་ཅིང་གཉིད་དང་དབང་བོ་སོགས་དམན་ལྷག་ལོག་པ་མ་ཡིན་ཚད་རན་པར་བསྟེན་རྒྱུ་ནི་བདེ་ཐང་སྔོན་འགྲོ་ཡི་ཆ་རྐྱེན་ཉག་གཅིག་ཡིན།དེ་མིན་གྲང་ངར་ཆེ་བའི་དགུན་དུས་ཟས་བསིལ་ཟས་རིགས་བཟའ་བ་མང་བ་དང་དྲོད་མེད་ཀྱི་གོས་གྱོན་པ།སྟོན་དཔྱིད་ཚ་གདུང་ཆེ་བའི་དུས་སུ་ཟས་ཚ་སྐྱུར་རིགས་བསྟེན་དྲགས་པ་དང་སྤྱོད་ལམ་དྲག་ཤུགས་ལ་སོགས་པ་བྱས་པས་ནད་རླུང་མཁྲིས་བད་གསུམ་ལ་སོགས་པའང་སྐྱེད་པར་བྱེད་དོ།།དེའི་རྒྱ་མཚན་གྱིས་དུས་དམན་ལྷག་ལོག་པ་མ་ཡིན་པར་དུས་དང་མཐུན་པའི་ཟས་སྤྱོད་བསྟེན་རྒྱུ་འང་ཤིན་ཏུ་གལ་ཆེ་བའོ།།
  བདུན་པ།ཟས་སྤྱོད་མདོར་བསྡུས་ནས་བཤད་པ།
       དེ་ལྟར་རླུང་གི་རང་བཞིན་ཅན་གྱི་མི་རྣམས་ཀྱིས་ཟས་རོ་མངར་བ་དང་སྐྱུར་བ།ལན་ཚྭ་བ་གསུམ་བསྟེན་དགོས་པ་དང་མཁྲིས་པ་རང་བཞིན་ཅན་གྱི་མི་རྣམས་ཀྱིས་ཟས་རོ་མངར་བ་དང་ཁ་བ།བསྐ་བ་གསུམ་བསྟེན་པ།བད་ཀན་རང་བཞིན་ཅན་རྣམས་ཀྱིས་ཟས་རོ་ཚ་བ་དང་སྐྱུར་བ།ལན་ཚྭ་བ་གསུམ་བསྟེན་པའམ་ཡང་ན་རང་རང་གི་ཁམས་བསྟུན་ནས་ཟས་ཚོད་ལེགས་པར་ཟིན་པ་དང་དུས་ལྟར་ཚུལ་བཞིན་བཟའ་བ་དང་ཟས་རིགས་གདམ་ཚུལ་ལེགས་པོ་དགོས་པ་མ་ཟད།མི་འཕྲོད་པའི་ཟས་དང་ཆང་དང་ཐ་མག་ལ་སོགས་སྤང་བ།བཟི་ཤས་ཆེ་བའི་སྨན་མང་པོ་མི་བཟའ་བ།བཟའ་བཏུང་གཡོས་སྦྱོར་ལ་མཁས་པ།ལུས་ཟུངས་ལ་མི་ཕན་པའི་ཟས་རིགས་མི་བཟའ་བ།བཅུད་མེད་ཀྱི་ཞོར་སྣ་ཚོགས་ལ་སོགས་པ་འང་སྤང་དགོས།དེ་མིན་དེང་དུས་སྐབས་ཀྱིས་དབང་གིས་འགོས་ནད་སྣ་ཚོགས་འབྱུང་སླ་བས་བདེ་ཐང་མཐུན་པའི་གཙང་སྦྲ་བྱེད་པ་དང་བྱིས་པ་ལ་སྔོན་འགོག་དུས་ལྟར་རྒྱག་པ།ཤིང་ཏོག་དང་སྔོ་ཚལ་ལ་སོགས་པོ་ལེགས་བཀྲུས་པ།ཇ་ཕོར་དང་ཆང་ཕོར་སོགས་དུག་སེལ་ཡང་ཡང་བྱེད་པ།ལུས་ཕུང་སྦྱོང་བརྡར་འོས་འཚམས་བྱེད་པ།མགོ་ལུས་སོགས་གཙང་མ་བཀྲུས་པ་སྟེ་མདོར་ན་ཟས་སྐོམ་དབྱར་དགུན་གཉིས་ལ་དྲོ་བ་དང་དཔྱིད་ཀར་རྩུབ་པ་དང་སྟོན་ཀར་བསིལ་བའི་རིགས་བསྟེན་པ་དང་རོའི་ཆ་ནས་དབྱར་དགུན་གཉིས་ལ་མངར་སྐྱུར་ལན་ཚྭ་གསུམ་དང་དཔྱིད་ཀར་ཁ་ཚ་བསྐ་གསུམ་དང་སོས་གར་མངར་བ་དང་སྟོན་ཁར་མངར་ཁ་བསྐ་གསུམ་སོགས་དུས་བཞི་དང་བསྟུན་ནས་ཟས་སྐོམ་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ།དེ་ལྟར་ནམ་ཟླ་དུས་ཚིགས་བསྟུན་ནས་སྒོ་གསུམ་གྱི་སྤྱོད་པ་ཡང་དག་པ་དང་ཟས་སྐོམ་སོགས་ཚུལ་བཞིན་དུ་ལེགས་པར་བསྟེན་ན་ནད་རིགས་སྔོན་འགོག་ལ་ཕན་པ་མ་ཟད།ལུས་སེམས་བདེ་ཞིང་ཚེ་རིང་བ་དང་བཀྲ་ཤིས་ཤིང་དོན་སྣ་ཚོགས་སྒྲུབ་པ་ལའང་བར་ཆད་མི་འབྱུང་བ་ཡིན།རྒྱུ་མཚན་འདི་དག་ལ་བརྟེན་ནས་ཟས་སྤྱོད་ཡང་དག་བསྟེན་པ་ནི་ནད་མེད་བདེ་ཐང་གི་རྩ་བའི་སྔོན་འགྲོ་ཞིག་ཡིན།ཞེས་བཤད་པའོ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།