ཀྲུང་གོ་བོད་ཀྱི་དྲ་བ།

ལུས་ནད་ཀྱི་འབྲེལ་བ་དང་དབྱེ་སྟངས་སྐོར་ཞིག་བཤད་པ།

  རྩོམ་པ་པོ། : གཡུང་དྲུང་ཚེ་རིང་།   སྤེལ་དུས། : 2016-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ།ལུས་ཀྱི་མཚན་ཉིད་བཤད་པ།
       དེ་ཡང་ལུས་པོ་དང་ཕུང་པོ།གཟུགས་པོ་རྣམས་དོན་གཅིག་ཡིན་པ་དང་དེ་གསུམ་གྱི་རང་རང་གི་མིང་གི་བཏགས་དོན་མི་གཅིག་པའི་དབང་གིས་གོ་དོན་ཡང་མི་འདྲ་བར་སོ་སོ་ཡོད་པ་སྟེ་འཇིག་རྟེན་གྱི་རྩྭ་རྩི་ཏོག་དང་སྔོ་ལྡུམ་བུ།ཤིང་འདབ་མ་ལ་སོགས་པ་ལོ་རེ་ནས་ལོ་རེ་ལ་གསར་བ་ནས་གསར་དུ་བརྗེས་ཀྱང་ལུས་པོ་འདི་ཉིད་མི་འགྱུར་བར་དུས་ཡུན་རིང་པོར་སྡོད་པའམ་ཡང་ན་མི་ཤི་ནས་ཡུལ་ལྔའི་རྣམ་པར་ཤེས་བ་ཕུང་པོ་དང་ཁ་བྲལ་ཡང་ལུས་པོ་འདི་ཉིད་ད་དུང་ཡང་ཤུལ་དུ་ལུས་ནས་ཡོད་པའི་ཕྱིར་ན་ལུས་ཞེས་བཏགས་པ་དང་དེ་ལྟ་བུའི་ཤུལ་དུ་ལུས་མཁན་གྱི་མིའི་ལུས་པ་དེ་ཉིད་ནི་རླུང་དང་མཁྲིས་པ།བད་ཀན་ལ་སོགས་པའི་ལུས་ཀྱི་ནད་རྣམས་དང་དྭངས་མ་དང་ཁྲག་ཤ་ཚིལ་རུས་པ་རྐང་ཁུ་བ་ལ་སོགས་པའི་ལུས་ཀྱི་ཟུངས་བདུན་དང་བཤང་བ་དང་གཅི་རྔུལ་སོགས་པའི་ལུས་དྲི་མ་གསུམ་དང་བཅས་ལྷན་གཅིག་ཏུ་འདུས་པ་འམ་ཡང་ན་མཉམ་དུ་སྤུང་བས་ན་ཕུང་ཞེས་སྤུང་བའི་དོན་དང་དེ་ལྟར་ཟུངས་ནད་དྲི་གསུམ་གྱི་གྲུབ་པའི་ཕུང་པོ་དེ་ཉིད་ནི་མིག་གིས་བཟུང་བྱ་དབྱིབས་སུ་བསྟན་རུང་པས་ན་གཟུགས་ཞེས་ཀྱང་ཟེར་བ་ཡིན།སྐབས་འདིའི་གཟུགས་དང་དངོས་གཟུགས་ཀྱི་ཁྱད་པར་ནི་རྣམ་ཤེས་ཞུགས་ཡོད་མེད་ཀྱི་སྟེང་ནས་འབྱེད་པ་ཞིག་ཡིན་ལ་དེ་ཡང་རི་རབ་གངས་ཆེན་དང་རྩྭ་རྩི་ཤིང་ལ་སོགས་པ་ལ་གཟུགས་ཡོད་ཀྱང་རྣམ་ཤེས་མེད་ལ་མིའི་ལུས་པོར་རྣམ་ཤེས་ཞུགས་ནས་ཡུལ་ལྔའི་རྣམ་པར་ཤེས་པས་རང་ལུས་བདག་ཏུ་བཟུང་ནས་ང་ཞེས་པ་ཞིག་བྱུང་བའི་དབང་གིས་འདོད་ཆགས་ཞེ་སྡང་ལ་སོགས་པ་འབྱུང་བར་བྱེད་པ་ཡིན།མི་ཤི་ན་ཤེས་བ་བྲལ་ནས་བེམ་པོར་འགྱུར་བ་དང་གཟུགས་དང་བེམ་པོ།དབྱིབས་རྣམས་དོན་གཅིག།འདིའི་སྐབས་སུ་གཟུགས་སུ་འགྱུར་བ་ལས་གཟུགས་པོར་མི་འགྱུར་བ་དང་ལུས་དང་ཕུང་གཟུགས་གསུམ་གྱི་མཇུག་གི་པོ་ནི་བདག་པོ་སྟོན་བྱེད་ཀྱི་སྒྲ་ཡིན་ལ་ལུས་དང་ཕུང་།གཟུགས་ལ་སོགས་པ་ལ་བདག་སྒྲ་པོ་སྦྱར་བས་ལུས་པ་པོ་དང་ཕུང་པ་པོ།གཟུགས་པ་པོ་སོགས་སུ་འགྱུར་བ་དང་དེ་དག་གི་དོན་བསྡུས་པས་ལུས་པོ་དང་ཕུང་པོ།གཟུགས་པོ་སོགས་སུ་འགྱུར་བ་ཡིན་ལ་དོན་གཅིག་ལ་མིང་མི་གཅིག་པའི་མིང་ཚིག་དེ་གསུམ་པོ་ལ་རང་རང་གི་མིང་གི་བཏགས་དོན་མི་གཅིག་པ་རེ་ཡོད་པ་རེད།དེ་ལྟ་བུའི་མིང་གི་བཏགས་དོན་མི་གཅིག་པའི་ལུས་པོ་དེ་ནི་ནད་རྣམས་ཀྱི་རྟེན་དུ་བྱས་ནས་ལུས་དང་ནད་དྲི་མ་བཅས་མི་འདྲ་བའི་ཁག་གསུམ་དུ་བྱེ་བ་དང་ལུས་དེ་ལས་བྱུང་བའི་ནད་དང་དེའི་ཆ་ཤས་ཀྱི་ཟུངས་རྣམས་དང་དེའི་དྲི་མ་གསུམ་པོ་དང་བཅས་པ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་ཕན་ཚུན་་གཅིག་ནུས་གཅིག་བླང་དང་།གཅིག་གྲོགས་གཅིག་བྱེད།གཅིག་དགྲ་གཅིག་བྱེད་ཀྱི་ཚུལ་དུ་གནས་པ་དང་དེ་དག་གི་ཆགས་གནས་འཇིག་གསུམ་དང་དང་འཕེལ་ཟད་འཁྲུགས་གསུམ་སོགས་ཕལ་ཆེར་གོ་རིམ་གཅིག་ཏུ་ངེས་ཤིང་ཕན་ཚུན་འབྲེལ་བའང་ངེས་ཅན་ཞིག་ཡོད་པས་གནོད་བྱ་དང་གནོད་བྱེད་གཉིས་སུ་དབྱེ་ཞིང་དེ་གཉིས་པོའང་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་པ་དང་དེ་དག་ཕན་ཚུན་གཅིག་ནུས་གཅིག་སྡུད་ཀྱི་དབང་གིས་ཆགས་པ་དང་ཕན་ཚུན་གཅིག་གྲོགས་གཅིག་བྱེད་དང་གཅིག་ནུས་གཅིག་སྐྱོར་ཀྱིས་གནས་པ་དང་ཕན་ཚུན་གཅིག་གནས་གཅིག་འཕྲོག་དང་གཅིག་དགྲ་གཅིག་བྱེད་ཀྱི་རྐྱེན་གྱིས་འཇིག་ཅིང་འཆི་བར་བྱེད་པ་ལ་སོགས་ཀྱི་རྩ་བ་ནི་མིའི་ལུས་འདི་ཉིད་ཡིན་ལ་ལུས་དང་ནད།དྲི་མ་གསུམ་པོ་ནི་ཕན་ཚུན་གཅིག་མེད་ན་གཅིག་མི་འབྱུང་བའི་ཚུལ་དུ་གནས་པ་སྟེ་ལུས་ལ་བརྟེན་ནས་ནད་དང་ནད་ལ་དེ་ལ་རྟེན་ནས་འཆི་བ་འབྱུང་བ་ཡིན་ཏེ་རྒྱུད་ཀྱི་ལུས་ཀྱི་མཚན་ཉིད་ལས་ནད་དང་ལུས་ཟུངས་དྲི་མ་རྣམ་པ་གསུམ།།ཕན་ཚུན་གཅིག་ལ་གཅིག་རྟེན་རག་ལས་ཕྱིར།།ཆགས་གནས་འཇིག་གསུམ་རྩ་བ་ཡིན་ཕྱིར་ལུས།།གསུངས་ཡོད་པ་རེད།
གཉིས་པ།ལུས་ཀྱི་དབྱེ་བ་བཤད་བ།
     ལུས་ཀྱི་དབྱེ་བ་ལ་རྟེན་དང་ན་ཚོད།རང་བཞིན།ནད་བཅས་ཁག་བཞི་རུ་བཤད་ཡོད་པ་དང་དེ་ལས་དང་པོ་རྟེན་གྱི་དབྱེ་བ་དེ་ལ་ཕོ་མོ་མ་ནིང་གསུམ་དང་གཉིས་པ་ན་ཚོད་ཀྱི་དབྱེ་བ་ལ་བྱིས་པ་དང་དར་མ།རྒན་པོ་གསུམ་དང་གསུམ་པ་རང་བཞིན་གྱི་དབྱེ་བ་ལ་རླུང་མཁྲིས་བད་གསུམ་སྟེ་རྐྱང་བ་གསུམ་དང་ལྡན་པ་གསུམ།འདུས་པ་གཅིག་བཅས་སྡོམ་པའི་བདུན་དང་བཞི་བ་ནད་ཀྱི་དབྱེ་བ་ལ་བཞི་བརྒྱ་རྩ་བཞི་རུ་གསུངས་པ་དང་དེ་དག་ཀྱང་ནད་འགྱུར་གྱི་དབང་གིས་རྟེན་གྱི་ནད་དང་ན་ཚོད་ཀྱི་ནད།རང་བཞིན་གྱི་ནད།ནད་རིགས་ཀྱི་ནད་བཅས་ཁག་བཞི་རུ་གསུངས་བའོ།།
གསུམ་པ།རྟེན་གྱི་ནད་ཀྱི་དབྱེ་བ་བཤད་པ།
        དེ་ཡང་རྟེན་གྱི་ནད་ལ་ཕོ་ནད་དང་མོ་ནད།ཕོ་མོ་ཀུན་ཁྱབ་ཀྱི་ནད་བཅས་མི་འདྲ་བ་ཁག་གསུམ་དུ་བཤད་པ་དང་ཁག་གསུམ་པོ་དེའང་མདོར་བསྡུས་ན་ཐུན་མོང་མ་ཡིན་པའི་ནད་དང་ཐུན་མོང་གི་ནད་གཉིས་སུ་བཤད་ཡོད་པ་རེད།དེ་ཡང་རླིག་པའི་ནད་དང་ཕོ་མཚན་གྱི་ནད་གཉིས་ནི་སྐྱེས་པ་ཁོ་ན་ལ་མ་གཏོགས་མི་འབྱུང་བ་དང་རླུང་གྱུར་དང་མཁྲིས་གྱུར།བད་ཀན་ལས་གྱུར་བ།ཁྲག་གྱུར་བ།འདུས་བ་ལས་གྱུར་བ་སྟེ་མངལ་ནད་ལྔ་དང་།སྙིང་གི་ཁྲག་ཚབས་དང་གློ་བའི་ཁྲག་ཚབས།མཆིན་པའི་ཁྲག་ཚབས།མཆེར་བའི་ཁྲག་ཚབས།མཁྲིས་པའི་ཁྲག་ཚབས།མཁལ་མའི་ཁྲག་ཚབས།རྒྱུ་མའི་ཁྲག་ཚབས།འོ་མའི་ཁྲག་ཚབས།ནུ་མའི་ཁྲག་ཚབས།ཁྲག་ཚབས་གོར་བ་སྟེ་ཁྲག་ཚབས་ཀྱི་ནད་བཅུ་དང་མགོ་བོའི་རླུང་ཚབས་དང་རུས་བའི་རླུང་ཚབས།མཁལ་མའི་རླུང་ཚབས།ཕོ་བའི་རླུང་ཚབས།རྒྱུ་མའི་རླུང་ཚབས་ཏེ་རླུང་ཚབས་ཀྱི་ནད་དྲུག་དང་ཁྲག་ཚབས་དང་རླུང་ཚབས་གཉིས་བསྡོམས་པའི་རྩ་ནད་བཅུ་དྲུག་དང་།མངལ་སྐྲན་ཆུ་བུར་ཅན་གྱི་ནད་དང་ཁྲག་སྐྲན་ཧྲེན་པོའི་ནད།ཤ་སྐྲན་བེམ་པོའི་ནད།རྨེན་སྐྲན་གྱི་ནད།ཕོ་སྐྲན་རེམས་པའི་ནད།སྐྲན་རོ་ནག་པོའི་ནད།རྩ་སྐྲན་ལིང་བའི་ནད།ས་བོན་གྱི་སྐྲན་ནད།ཁྲག་སྐྲན་ཟ་ཁུའི་སྟེ་སྐྲན་ནད་དགུ་དང་མངལ་གྱི་སྲིན་བུ་ལངས་བའི་ནད་དང་མངལ་གྱི་སྲིན་བུ་ཁྲོས་བའི་ནད་དེ་སྲིན་བུའི་ནད་གཉིས་བཅས་བསྡོམ་པའི་མོ་ནད་གཙོ་བོ་སུམ་ཅུ་སོ་གཉིས་དང་དེའི་སྟེང་དུ་མཚན་མའི་རིགས་གཅིག་དང་བུ་མ་ཕྱིན་པ་དང་མགོ་མཇུག་ལོག་པ།རོག་མ་ཕྱིན་པ།སྣོད་ལུག་པ།ཁྲག་མ་ཆོད་པ།ནད་གཞུག་ལུས་པ།དུག་ཐབས་ཏེ་ཕལ་བའི་ནད་བརྒྱད་བཅས་བསྡོམས་པའི་མོ་ནད་བཞི་བཅུ་ཐམ་པ་ནི་འབྱུང་བ་ཡིན་ལ་མོ་ནད་དེ་དག་ནི་བུད་མེད་ཁོ་ན་ལ་མ་གཏོགས་མི་འབྱུང་བ་ཡིན།དེ་བས་ཕོ་ནད་མོ་ནད་གཉིས་ལ་ཐུན་མོང་མ་ཡིན་ནད་ཅེས་ཟེར་བ་དང་རླུང་མཁྲིས་བད་གསུམ་ལ་གྱི་ནད་དང་སྙིགས་མ་ཞུ་བའི་ནད།དྭངས་མ་ཞུ་བའི་ནད།སྐྲན་ནད།སྐྱ་རྦབ་ཀྱི་ནད།འོར་ནད།དམུ་ཆུའི་ནད།གཅོང་ཆེན་ཟད་བྱེད་ཀྱི་ནད་ལ་སོགས་པའི་ཁོང་ནད་ཀྱི་ནད་རིགས་དང་མ་སྨིན་རྒྱས་སྟོངས་ལ་སོགས་པའི་ཚ་བའི་ནད་ཀྱི་ནད་རིགས་དང་ཀླད་གཟེར་གག་སློག་ལ་སོགས་པའི་གཉན་ནད་ཀྱི་ནད་རིགས་དང་གློ་ཆམ་སྣ་ཆམ་ལ་སོགས་པའི་ཆམ་ནད་ཀྱི་ནད་རིགས་དང་སྐད་འགག་གི་ནད་དང་ཡི་ག་འཆིས་པའི་ནད།དབུགས་མི་བདེ་བའི་ནད།གླང་ཐབས་ཀྱི་ནད།དྲེག་གྲུམ་གྱི་ནད་ལ་སོགས་པའི་ཐོར་ནད་ཀྱི་ནད་རིགས་དང་ཕོ་བ་རྒྱུ་ལོང་གི་ནད་དང་གློ་མཆིན་མཁལ་ནད་ལ་སོགས་པའི་དོན་སྣོད་ཀྱི་ནད་རིགས་དང་མིག་སྣ་རྣ་ལ་སོགས་པའི་ལུས་སྟོད་ཀྱི་ནད་རིགས་དང་འབྲས་གཞང་མེ་དབལ་ལ་སོགས་པའི་ལྷན་སྐྱེས་རྨ་ཡི་ནད་རིགས་དང་བཤུས་བཤེགས་བཅད་རྡུང་ལ་སོགས་པའི་མཚོན་རྨ་ཡི་ནད་རིགས་དག་ནི་ཕོ་མོ་གཉིས་ཀར་ཐུན་མོང་དུ་འབྱུང་བའི་ནད་ཡིན་པས་ཐུན་མོང་གི་ནད་ཅེས་ཟེར་བ་དང་ནད་གཞི་དང་ནད་རིགས་མི་འདྲ་བའི་དབང་གིས་དེ་དག་གི་རྟགས་དང་བཅོས་ཐབས་སོགས་ཀྱང་གཅིག་པ་མ་ཡིན་ལ་ཕོ་ནད་ལ་ཕོ་ནད་ཀྱི་ནད་རྟགས་དང་བཅོས་ཐབས་དང་མོ་ནད་ལ་མོ་ནད་ཀྱི་ནད་རྟགས་དང་བཅོས་ཐབས།ཐུན་མོང་ལ་ཐུན་མོང་བའི་ནད་རྟགས་དང་བཅོས་ཐབས་སོགས་ཞིབ་ཅིང་ཕྲ་བར་རྒྱུད་གཞུང་དུ་བསྟན་ཡོད་པ་རེད།དེ་བས་ལུས་རྟེན་མི་གཅིག་པ་ལས་བྱུང་ནད་རིགས་དེ་གསུམ་པོ་ནི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནད་རིགས་ཀྱི་དབྱེ་ཚུལ་ཞིག་ཀྱང་ཡིན་ནོ།།
བཞི་པ།ན་ཚོད་གྱི་ནད་ཀྱི་དབྱེ་བ་བཤད་པ།
      ན་ཚོད་ཀྱི་ནད་ལ་བྱིས་པ་དང་དར་མ།རྒན་པོའི་ནད་བཅས་མི་འདྲ་བར་ཁག་གསུམ་དུ་བཤད་ཡོད་ལ་དེ་ལས་བྱིས་པ་ལ་བད་ཀན་དང་དར་མ་ལ་མཁྲིས་བ།རྒན་པ་ལ་རླུང་ནད་བཅས་འབྱུང་བ་ཡིན་ལ།ན་ཚོད་མི་འདྲ་བའི་དབང་གིས་ནད་རིགས་ཀྱང་མི་འདྲ་བར་བར་འབྱུང་བར་བཤད་པ་ནི་བོད་ལུགས་གསོ་རིག་གི་ནད་བཤད་རིག་པའི་ཁྱད་ཆོས་གཙོ་བོ་ཅིག་ཡིན་ནོ།།
ལྔ་བ།རང་བཞིན་གྱི་ནད་ཀྱི་དབྱེ་བ་བཤད་པ།
      རང་བཞིན་གྱི་ནད་ལ་དབྱེ་བ་བདུན་དུ་གསུང་ཡོད་ལ་དེ་དག་ནི་རླུང་གི་རང་བཞིན་གྱི་ནད་དང་མཁྲིས་བའི་རང་བཞིན་གྱི་ནད།བད་ཀན་རང་བཞིན་གྱི་ནད་དེ་རྐྱང་བའི་ནད་རིགས་གསུམ་དང་བད་རླུང་རང་བཞིན་ལྡན་པའི་ནད།བད་མཁྲིས་རང་བཞིན་ལྡན་པའི་ནད།མཁྲིས་རླུང་རང་བཞིན་ལྡན་པའི་ནད་སོགས་པའི་ལྡན་པའི་ནད་གསུམ་དང་རླུང་མཁྲིས་བད་གསུམ་འདུས་པ་སྟེ་འདུས་པའི་ནད་རིགས་གཅིག་བཅས་བསྡོམས་པའི་བདུན་དུ་བཤད་པ་དང་མི་ཡི་རང་བཞིན་མི་གཅིག་པའི་དབང་གིས་ནད་རིགས་ཀྱང་མི་འདྲ་བ་འབྱུང་བ་ཡིན་ནོ།།
 དྲུག་པ།ནད་རིགས་དབྱེ་བ་བཤད་པ།
      ནད་རིགས་ལའང་ལུས་ཀྱི་ནད་དང་བྱིས་པའི་ནད།མོ་ནད།གདོན་ནད།མཚོན་རྨའི་ནད།དུག་ནད།རྒས་ནད།རོ་བཙའ་ཟད་པའི་ནད་དབྱེ་བ་བརྒྱད་དུ་དུ་བཤད་ཡོད་པས་ཞིབ་ཏུ་ཤེས་འདོད་ན་མན་ངག་རྒྱུད་ལ་ལྟ་བར་བྱའོ།།
 བདུན་པ།མདོར་བསྡུས་ནས་བཤད་པ།
         མདོར་ན་བཞི་བརྒྱ་རྩ་བཞི་ལ་སོགས་པའི་ནད་རིགས་ཡོད་ཚད་འཇུག་ཚུལ་གྱི་དབང་གིས་ཕྱི་ནང་ཀུན་གསུམ་དང་ནད་གཞི་ཡི་དབང་གིས་རླུང་མཁྲིས་བད་གསུམ་དང་ལུས་རྟེན་གྱི་དབང་གིས་ཕོ་མོ་ཀུན་གསུམ་དང་ན་ཚོད་ཀྱི་དབང་གིས་བྱིས་དར་རྒན་གསུམ་དང་རང་བཞིན་གྱི་དབང་གིས་རྐྱང་ལྡན་འདུས་གསུམ་དང་ནད་རིགས་ཀྱི་དབང་གིས་བཞི་བརྒྱ་རྩ་བཞི་སོགས་སུ་གསུངས་ཡོད་པ་རེད།དེ་དག་གི་འཇུག་ཚུལ་དང་ནད་གཞི།ལུས་རྟེན།ན་ཚོད།རང་བཞིན་ལ་སོགས་པ་མི་འདྲ་བའི་དབང་གིས་ནད་ཀྱི་དབྱེ་སྟངས་ཀྱང་མི་འདྲ་བ་མང་པོ་ཡོད་པས་དེ་དག་ཞིབ་ཕྲ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ལ།ནད་ཀྱི་འཇུག་ཚུལ་གསུམ་དང་ནད་གཞི་གསུམ།རྟེན་གྱི་དབྱེ་བ་དང་རྟེན་གྱི་ནད།ན་ཚོད་ཀྱི་དབྱེ་བ་དང་ན་ཚོད་ཀྱི་ནད།མི་ཡི་རང་བཞིན་གྱི་དབྱེ་བ་དང་མི་ཡི་རང་བཞིན་གྱི་ནད།ནད་རིགས་ཀྱི་དབྱེ་བ་ལ་སོགས་པ་ནི་ཁྲག་རྩ་དང་འདྲ་བར་བོད་ཀྱི་གསོ་བ་རིག་པའི་ཐོག་མཐའ་བར་གསུམ་དུ་བསྲིངས་ཞིང་དེ་དག་གི་དབྱེ་བ་དང་གོ་དོན།གནས་ལུགས།ནད་རྟགས།བཅོས་ཐབས་སོགས་ཞིབ་ཕྲ་མ་ཤེས་ན་བོད་ལུགས་གསོ་རིག་ལ་ཞིབ་འཇུག་བྱེད་པའི་ཆ་རྐྱེན་མི་ཚང་ལ་དེ་དག་ཞིབ་ཕྲ་ངེས་ན་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བར་ལ་རམ་འདེགས་ཐུབ་པ་ཡིན།དེ་བས་དེ་དག་ཞིབ་ཕྲ་སྦྱོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།