བོད་ཡིག་གསར་འགྱུར་ལོ་ཙཱའི་ཁྲོད་ཀྱི་རྒྱལ་སྤྱིའི་ས་མིང་སྐོར་གླེང་བ།

    དེ་ཡང་བོད་ཀྱི་གསར་འགྱུར་སྨྱན་བྱེད་དག་ཏུ་ཕྱིའི་རྒྱལ་ཁབ་ཀྱི་མིང་དང་ས་མིང་རྣམས་ཀྱང་སྐབས་རེར་རྒྱའི་སྐད་སྒྲ་འགྱུར་སྒོས་བསྒྱུར་ཡོད་ཅིང་ཡང་མཚམས་རེར་དབྱིན་ཇིའི་སྐད་སོགས་སྐད་རིགས་གཞན་གྱི་སྒྲ་འགྱུར་སྒོས་སྒྲོག་བཞིན་ཡོད་པ་ནི་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམས་ཀྱི་ཐད་ནས་གཞིགས་ན་ནམ་རྒྱུན་ཡུལ་མིང་དང་ས་མིང་གསར་བ་མང་པོ་འབྱུང་བཞིན་པ་ལྟ་བུའི་ཚོར་བ་སྟེར་བས་ན་དེའི་དོན་གོ་དཀའ་ཞིང་སྣང་མེད་དུ་མི་བསྐྱུར་རང་བསྐྱུར་ཡིན་པའི་སྣང་ཚུལ་ཡང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། རྒྱལ་ཁབ་ཀྱི་མིང་སྟེ 澳大利亚དང་། 日本、叙利亚、 泰国、缅甸 ཡང་ཨ་རིའི་མངའ་སྡེ加利福尼亚ལྟ་བུ་སོགས་ཡུལ་མིང་ངམ་ས་མིང་མང་པོ་ཞིག་སྐབས་འགར་རྒྱ་སྐད་ཀྱི་སྒྲ་ལྟར་བསྒྱུར་ཡོད་ལ་ཡང་སྐབས་འགར་དབྱིན་ཇིའི་སྐད་སོགས་ཡུལ་ཁུངས་གང་དེའི་སྐད་རིགས་ཀྱི་སྒྲ་སོར་བཞག་བྱས་ནས་སྒྱུར་གྱིན་ཡོད། དེ་བཞིན་ཡིག་རིགས་གཅིག་སྟེ།བོད་ཡིག་གི་གསར་འགྱུར་ལས་རྒྱལ་ཁབ་གཅིག་གི་མིང་ལ་སྒྲ་གདངས་མི་འདྲ་བའི་མིང་གཉིས་སམ་གསུམ་སོགས་མང་པོ་བྱུང་ཚེ། རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམས་ཀྱིས་ལ་གོ་བ་ལེན་པར་གནོད་པ་ཐེབས་ཀྱིན་ཡོད། གནད་དོན་འདིའི་རིགས་བོད་སྐད་སྨྱན་བྱེད་ན་ཚད་མི་འདྲ་བའི་སྒོ་ནས་འབྱུང་གིན་ཡོད་པ་ནི་སྤྱིར་རང་རེའི་བོད་ལ་མཚོན་ནས་བཤད་ན་རྒྱའི་སྐད་དམ་རྒྱ་ཡིག་ནི་ཡུལ་གྱི་གནས་བབ་སོགས་ཀྱི་དབང་གིས་བོད་ཡིག་གིས་ལོ་ཙཱ་བྱེད་པའི་སྐད་ཡིག་རྣམས་ལས་དང་པོ་དེ་ཆགས་འདུག་པ་དང་། ཡང་དབྱིན་ཇི་ནི་རྒྱལ་སྤྱིའི་རྒྱལ་ཁོངས་མང་ཤོས་སུ་བེད་སྤྱོད་གཏོང་བཞིན་པའི་ཡི་གེ་དེ་དང་ཡིག་རིགས་ཀྱི་ཆ་ནས་ཀྱང་ཡོ་རོབ་ཀྱི་ཆབ་དཔལ་རིག་གསུམ་དར་སྔ་བའི་རྒྱལ་ཁོངས་འགའི་ཡི་གེ་འཕེལ་བ་རྨང་གཞི་བྱས་ཏེ་དར་ཡོང་བ་ཞིག་ཡིན་པས་དེང་གི་འཛམ་གླིང་ཁྱབ་ཁོངས་ནང་ཐུན་མོང་གིས་སྤྱོད་པའི་སྐད་དང་ཡི་གེར་གྱུར་ཡོད་སྟབས། ད་ལྟའི་བརྡ་ཆད་འཕེལ་བ་མགྱོོགས་པའི་སྣང་ཚུལ་ཁྲོད་སྐད་རིགས་གཞན་རྣམས་ལའང་ཐད་ཀའི་ཤུགས་རྐྱེན་ཐེབས་དང་ཐེབས་མུས་སུ་མཆིས་པ་མིག་མཐོང་ལག་ཟིན་རེད། དེ་བས་སྐབས་འདིར་བརྗོད་འདོད་པ་ནི་རང་རེ་རྣམས་ཀྱིས་རྒྱའི་སྐད་ཀྱི་ཁྱད་ཆོས་གཞིར་བཞག་པའི་རྒྱལ་སྤྱིའི་ཡུལ་མིང་དང་ས་མིང་ལྟ་བུ་ནི་རྒྱའི་སྐད་ལ་བསྟུན་ཅི་ཐུབ་ཀྱི་ངལ་བ་བརྟེན་མི་དགོས་པར་འདོད། རྒྱུ་མཚན་ནི་རྒྱ་ཡིག་གི་གསར་འགྱུར་ཁྲོད་ཀྱི་ཡུལ་མིང་དང་ས་མིང་དེ་དག་དང་ཐོག་དབྱིན་ཇི་ལས་བསྒྱུར་པའི་རིགས་ཡིན་ན་ང་ཚོས་ལོ་ཙཱ་བྱེད་སྐབས་རང་རེའི་སྐད་ཡིག་ནི་དེ་དག་ལོ་ཙཱ་བྱེད་པའི་སྐད་ཡིག་གསུམ་པ་དེ་ཆགས་ཡོད་པས་ན་དེ་དང་སྐད་ཡིག་དང་པོ་སྟེ་སྐབས་འདིར་དབྱིན་ཇི་ཡིན་ལ་འདི་གཉིས་བར་ལ་སྐད་ཀྱི་སྒྲ་གདངས་ཀྱི་བར་ཁྱད་ཆེན་པོ་ཞིག་ཐོན་འདུག་པ་ནི་རང་རེ་རྣམས་ཀྱིས་རྒྱ་ཡིག་ལས་བསྒྱུར་པའི་རྐྱེན་ཡིན། དེ་བས་དེ་ལྟ་བུ་ནི་ཐད་ཀར་དབྱིན་ཇི་ལས་བསྒྱུར་ན་སྒྲའི་བར་ཁྱད་དེ་འདྲ་ཆེན་པོ་མེད་པ་དང་གཅིག རང་རེའི་སྐད་ཡིག་འདིས་སྐད་ཡིག་གཞན་གྱི་སྒྲ་རྣམས་མང་བར་མཚོན་ནུས་པ་དང་ཁྱད་པར་དུ་དབྱིན་ཇི་དང་འདྲ་བར་སྒྲ་སྦྱོར་གྱི་ཡི་གེ་ཡིན་པས་ན་དབྱིན་ཇིའི་ཐ་སྙད་ཀྱི་སྒྲ་མང་ཤོས་ཤིག་རྒྱ་ཡིག་ལས་བཟང་བར་མཚོན་ནུས་པ་དང་གཉིས། ཡང་དབྱིན་ཇིའི་ནང་གི་ཡུལ་དང་ས་མིང་དེ་དག་གི་སྒྲ་ཉེ་བར་མཚོན་ཐུབ་པས་འཛམ་གླིང་ལ་ཁ་ཕྱོགས་པ་དང་གསུམ་སོགས་དགེ་མཚན་མང་བའི་དབང་གིས་རྒྱལ་སྤྱིའི་གསར་འགྱུར་ཁྲོད་ཀྱི་ཡུལ་མིང་དང་ས་མིང་སྒྱུར་སྐབས་མཐའ་གཅིག་ཏུ་རྒྱའི་སྐད་ཀྱི་སྒྲ་གདངས་སོར་འཇོག་བྱེད་པར་དགོས་པ་མ་མཐོང་།

    སྐད་རིགས་ཕན་ཚུན་བར་ལ་ལོ་ཙཱ་བྱེད་སྐབས་སྒྲ་དག་མིན་གྱི་གནད་དེའི་དབང་གིས་སྐབས་འགར་རྩེད་མཚར་ཅན་གྱི་དོན་ཡང་བྱུང་བཞིན་པ་དཔེར་ན།ལོ་འགའི་སྔོན་ལ་རྒྱའི་སྐད་ཀྱི་གསར་འགྱུར་ཞིག་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་ཅིག་སྤེལ་སྐབས་རྒྱའི་ལོ་ཙཱ་པས་སྲིད་འཛིན་མཚམས་སྦྱོར་གྱི་རིམ་པར་ཁོང་གི་མིང་ཆ་ཚང་སྟེ་བྷི་ར་ཁི་ཨོ་བྷ་མ (Barack H. Obama) ཞེས་པ་དེ་པཱ་ལ་ཁི་ཨོ་བྷ་མ་ཞེས་བརྗོད་བྱུང་བས་རྣར་མི་སྙན་པའི་ཚོར་བ་ཞིག་སྤྲད་བྱུང་བ་ནི་རྒྱའི་སྐད་ཡིག་ནང་དུ་ནམ་རྒྱུན་ར་དེ་ལ་རུ་བསྒྱུར་ནས་ཀློག་པའི་དབང་གིས་བྷི་ར་ཁི་ཞེས་པར་པཱ་ལ་ཁི་ཞེས་བཀླགས་བྱུང་བ་དེ་ད་དུང་སྟབས་མ་ལེགས་པ་ཞིག་ལ་ལོ་ཙཱ་པས་བརྗོད་པའི་པཱ་ལ་ཁི་ཞེས་པའི་སྒྲ་དེ་དབྱིན་ཇིའི་ནང་དུ་ནག་པོའི་དོན་སྟེ “black” དང་སྒྲ་ཉེ་བ་འདུག་པས། ཨོ་བྷ་མ་ལ་བསམ་གྱིས་མི་ནག་པོ་ཞེས་བརྗོད་པ་དང་འདྲ་བས་གསན་མཁན་ལའང་དོགས་མི་བདེ་བ་ལྟ་བུའི་ཚོར་བ་ཞིག་བྱིན་བྱུང་། ཡང་གཅིག་བཤད་ན་རང་རེའི་སྐད་ལ་ཡོང་བའི་སྒྲ་རྣམས་ནི་རང་རེའི་སྐད་ཀྱི་ཁྱད་ཆོས་དང་བསྟུན་ནས་བསྒྱུར་བར་རིགས་ལ།དེར་གཅིག་གྱུར་གྱི་སྒྱུར་སྟངས་སམ་སྒྱུར་ཐབས་ཤིག་ཡོད་འོས་ཤིང་དེ་བཀོལ་ན་འགྲིག་སྙམ། རྒྱུ་མཚན་ནི་དེ་འདྲ་ཞིག་བདོག་ན་ཡོངས་ཁྱབ་ཡིན་པས་སོ།

    ང་ཚོས་རྒྱལ་སྤྱིའི་གསར་འགྱུར་བསྒྱུར་སྐབས་བསམ་གཞིགས་བྱ་དགོས་པ་གཙོ་བོ་ནི་དང་ཐོག་གསར་བའི་དོན་དག་རྣམས་བྱུང་སའི་ཡུལ་དེའི་མིའི་སྐད་ཡིག་རིག་གནས་ལ་དོ་སྣང་བྱ་དགོས་པར་སྙམ། དེ་ནི་ཡུལ་གང་དེར་བྱུང་བའི་གསར་འགྱུར་དང་འབྲེལ་བའི་ཡུལ་མིང་དང་ས་མིང་ལྟ་བུ་སོགས་ནི་ནམ་རྒྱུན་ཐད་ཀར་ཡུལ་དེའི་སྐད་རིགས་དང་རིག་གནས་ལ་འབྲེལ་བ་དམ་ཟབ་ཡོད་པས་ང་ཚོའི་བསྒྱུར་བྱའི་གསར་འགྱུར་ཁྲོད་ཀྱི་ཡུལ་མིང་དང་ས་མིང་གི་སྒྲ་དེ་ཁོང་ཚོའི་སྐད་ཀྱི་སྒྲ་གདངས་དང་ཉེ་བར་བྱེད་པ་ལས་ལོ་ཙཱ་པ་རང་ལ་བདེ་ཅི་ཐུབ་བྱས་ན་ཡོངས་ཁྱབ་ཀྱི་རང་བཞིན་མེད་པས་དོན་མི་གོ་བར་མ་ཟད་གསན་མཁན་ལ་གད་མོ་འཆོར་བའི་སྒྲ་ཡང་སྐབས་སྐབས་སུ་ཐོན་གྱིན་ཡོད།

    སྤྱིར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལས日本ལ་ཉི་ཧོང་ངམ་འཇར་པན་ཞེས་དང澳大利亚ལ་ཨོ་སི་ཁྲི་རའེ་ལེ་ཡཱ་ཞེས་ཐོན་པ་ནི་དབྱིན་ཇི་ཙམ་མ་ཡིན་པར་སྐད་རིགས་གཞན་གྱི་ཁྲོད་ནའང་དེ་ལྟར་དང་ཐོག་གི་སྐད་རིགས་དེའི་སྒྲ་སོར་བཞག་བྱས་པ་མང་པོ་ཡོད། ཡང་ཁ་ཅིག་གིས་རྒྱལ་ཁབ་དེ་གཉིས་མིང་སོ་སོར་རི་པིན་དང་ཨོ་ཏ་ལེ་ཡཱ་ཞེས་བསྒྱུར་འོས་པར་འདོད་པ་ཡང་སྲིད་མོད།དེ་ནི་རྒྱའི་སྐད་ཀྱི་སྒྲ་་་་་་་་་གདངས་གཞིར་བཞག་པ་ཡིན་པས་ཀྲུང་གོའི་ཁྱབ་ཁོངས་སམ་རྒྱའི་སྐད་བཀོལ་བའི་སྤྱི་ཚོགས་ཙམ་ལས་འདའ་ཐུབ་ཀྱིན་མེད། དེ་བས་གསར་འགྱུར་གྱི་ཡོངས་ཁྱབ་རང་བཞིན་ཟེར་བ་ནི་དཔེར་ན་འཛམ་གླིང་གི་སྐད་ཡིག་མང་ཤོས་ཤིག་ནང་གི་རྒྱལ་ཁབ་ཀྱི་མིང་དང་ས་མིང་ནི་སྐད་ཡིག་དེ་དག་མི་ཤེས་པའི་མི་ཞིག་གིས་ཉན་ནའང་སྤྱིར་སྒྲ་གདངས་ཐད་འདྲ་པོ་ལྟ་བུ་ཞིག་ཆགས་འདུག་པས་ན་གསར་འགྱུར་དེའི་སྤྱིའི་བརྗོད་གཞི་ཙམ་སྐབས་འགར་གོ་ཐུབ་པ་དང་རང་རེ་རྣམས་ཀྱིས་ཀྱང་དེར་བསྟུན་པར་བྱས་ན་གསར་འགྱུར་འཛམ་གླིང་ལ་ཁ་ཕྱོགས་པའི་དགེ་མཚན་ལྡན་པ་ལས་སྐྱོན་དང་འགལ་ཟླ་མེད་པར་སེམས། དེ་བས་འདིར་སྐབས་སུ་བབས་པའི་ཡུལ་མིང་ངམ་ས་མིང་དེ་དག་ལས་གོང་དུ་གླེང་ཡོད་པ་འགའི་སྒྱུར་ཚུལ་དཔེར་བཀོད་ན་སའེེ་རའེ་ཡཱ་དང་ལ་ཐྲེ་ལན་ཌི། འབར་མ། ཨ་རིའི་མངའ་སྡེ་ལ་ཁཱ་ལི་ཧྥོར་ནེ་ཡཱ་སོགས་སུ་བསྒྱུར་ན་ས་མིང་དེ་དག་ལ་ཡོངས་ཁྱབ་རང་བཞིན་ལྡན་པར་མ་ཟད་རང་རེའི་སྐད་ཀྱིས་ཡོངས་ཁྱབ་རང་བཞིན་ཅན་གྱི་ས་མིང་དེ་དག་ཚེགས་མེད་དུ་གཅིག་འདྲ་ལྟ་བུའི་སྒྲ་གདངས་ཐོན་གྱིན་ཡོད་པས་དེ་འདྲ་བའི་གཅིག་གྱུར་གྱི་སྒྱུར་ཚུལ་ཞིག་བསྐྲུན་འོས། །

    དཔེར་ན་ད་ལོའི་མཱ་ལའེ་ཞི་ཡཱ་ཡི་གར་སོང་ཆ་མེད་དུ་གྱུར་པའི་གནམ་གྲུའི་དོན་རྐྱེན་བྱུང་བའི་སྐོར་གསར་འགྱུར་ནས་བརྒྱུད་སྒྲོག་སྐབས་སུ་རྒྱལ་ཁབ་དེའི་རྒྱལ་སའི་མིང་ལ་ཡོངས་ཁྱབ་གསར་འགྱུར་ཁག་ན་བརྒྱུད་པ་ནི་ཁའོ་ལཱ་ལམ་ཕུར (Kuala Lumpur) ཞེས་ཡིན་ལ་ཡང་རྒྱའི་སྐད་གཞིར་བཞག་གིས་བསྒྱུར་བ་ནི་ཅའི་ལུང་ཕཱོ (吉隆坡) ཞེས་པ་དེའོ། མིང་དེ་གཉིས་ནི་སྐད་རིགས་གཞན་གྱི་སྒྲ་ལས་བོད་སྐད་དུ་བསྒྱུར་པ་གཅིག་འདྲ་ཡིན་ནའང་ཡོངས་ཁྱབ་རང་བཞིན་ཚད་མཐོ་བ་ནི་མིང་དེ་གཉིས་ལས་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་མང་བའི་ཆ་ནས་སྔོན་མ་དེ་ཡིན་ལ་ཕྱི་མ་ནི་རྒྱའི་སྐད་ཀྱི་སྒྲ་གདངས་མཐོ་དམའ་དང་རིང་ཐུང་རན་པར་འདོན་ཤེས་མཁན་ཞིག་མིན་ཚེ་རང་རེའི་སྐད་ཀྱིས་སྒྲ་གདངས་ཇི་མ་ཇི་བཞིན་ཐོན་དཀའ་བ་བཞིན་ནོ། །

    དཔེར་ན་ཉེ་སྔོན་རང་རེའི་ཡུལ་ལུང་ག་གེ་མོ་ཞིག་ཏུ་བླ་བྲང་ཞེས་པའི་མིང་དེ་ཕར་རྒྱ་ཡིག་ལ་ཕབ་ན拉卜楞 ལྟར་་་་བྲིས་ཡོད་པ་རང་རེའི་མདོ་སྨད་ཡུལ་གྱི་ཆོས་ས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མིང་ལྟ་བུ་ཆེས་རྒྱུན་ལྡན་དག་ཀྱང་སྣང་ཆུང་སྒོས་ནོར་བ་རྒྱུན་འབྱམས་སུ་སོང་ནས་གོང་སྨྲས་རྒྱ་ཡིག་གི་མིང་དེ་ཡང་བསྐྱར་ཚུར་བོད་ཡིག་ལ་བསྒྱུར་ཏེ་བླ་བུ་གླིང་ཞེས་བྲིས་འདུག་པ་དང་ད་དུང་ཡུལ་དེའི་ལུང་སྐད་ཀྱི་སྒྲ་ལྟར་བཀླགས་ན་རྒྱའི་སྐད་དང་འདྲ་པོ་འདུག་ཟེར་ཚུལ་ཡང་ཡོད་པ་ནི་ཡུལ་འདིའི་ཤེས་རིག་ནི་ལྟ་ཅི་རྒྱུན་སྤྱོད་ཀྱི་རྨང་གཞིའི་མིང་བརྡ་ཙམ་ལའང་རྨོངས་པའི་རྟགས་མཚན་དུ་གྲུབ་པའོ།།

    དེ་ལྟར་སྔོན་ལ་སོང་བ་བཞིན་དེང་གི་གོ་ལ་ཧྲིལ་བོ་ཅན་གྱི་དུས་སྐབས་འདིར་རང་རེའི་ཡིག་སྒྱུར་བྱ་བ་འདི་འཕེལ་རིམ་གསར་བ་ཞིག་ཏུ་སྤེལ་ཐུབ་ན་ནི་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམས་ལ་རྒྱལ་སྤྱིའི་གསར་འགྱུར་གྱི་བརྡ་དོན་དག་པར་ཞུས་པར་མ་ཟད་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རྒྱས་ལའང་གཞན་ལ་ངོ་གནོང་མི་དགོས་པའི་མཛད་རྗེས་བསྐྲུན་པ་ཞིག་རེད་འདོད་དོ། །

    རྩོམ་པ་པོ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡིན།

    མཚ་སྔོན་བོད་ཡིག་གསར་འགྱུར།2014·09·19།པར་ངོས19པ།   


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།