དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང《སད་ཀྱིས་བཅོམ་པའི་མེ་ཏོག》ལ་དཔྱད་པ།

    དང་པོ། 《སད་ཀྱིས་བཅོམ་པའི་མེ་ཏོག》ངོ་སྤྲོད་མདོར་བསྡུས།

    ལོ་རབས་བརྒྱད་བཅུ་པར་བྱོན་པའི་ན་གཞོན་རྩོམ་པ་པོ་རང་གྲོལ་ནི་སྤྱི་ལོ1953ལོར་གཅན་ཚ་དགུ་རོང་ཕོ་བ་རུ་ངུ་སྐད་ཀྱི་དབྱངས་རྟ་དང་པོ་བསྒྲགས་ལ། སྤྱི་ཚོགས་འཕེལ་འགྲིབ་དང་མི་ཚེའི་སྐྱིད་སྡུག་གི་གོ་རིམ་ཁྲོད་ནར་སོན་པའི་དུས་སུ་ཕ་རྒན་ལ་ནད་གཞི་ལྕི་མོ་ཞིག་བྱུང་ནས་མི་ཡུལ་ལ་ཆེས་མཐའ་མཇུག་གི་སྡོམ་ཚིག་བཀོད། དེར་མཐུད་ནས་མ་རྒན་ཡང་གནས་ལ་སོང་བས་ཁོ་བོ་ནི་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཏུ་གྱུར་པས། དེ་ལྟར་ནར་སོན་པའི་གོ་རིམ་ཁྲོད་ཁོ་བོ་རང་སྡེའི་སློབ་གྲྭར་འགྲིམས་ནས་ཀ་ཁའི་གདངས་དབྱངས་ཐོག་མ་འདི་ལས་གྱེར་ལ།རིག་གནས་ལ་སྦྱང་བའི་སྐལ་བ་ཡང་འདི་ནས་ཐོབ། སྡེ་མི་ཡོངས་ཀྱིས་ཁོ་རང་སློབ་གྲྭ་འགྲིམས་པ་ནི་ལྟོ་གོས་ཁོ་ནའི་ཆེད་དུ་ཡིན་པར་བཤད་ཀྱང་ཁོང་གིས་སློབ་གྲྭའི་སློབ་གསོ་མྱོང་བ་དང་སྤྱི་ཚོགས་ཀྱི་དྲང་བདེན་དང་རྒྱུ་འབྲས་ལ་བསམ་བཞིག་གཏོང་བའི་གོ་སྐབས་མང་དུ་རྙེད། འདས་པའི་ལོ་ཟླའི་ཁྲོད་དུ་ཁོང་གིས་དཀའ་ཚེགས་དང་སྡུག་བསྔལ་ལ་མ་འཛེམས་པ་སོགས་ལས་ཁོང་ལ་རང་གཤིས་བརྟན་པོ་ཞིག་ཆགས་སུ་བཅུག་ལ། སློབ་གྲྭ་རུ་ཡང་དགེ་རྒན་བཟང་པོའི་ཐུགས་བརྩེ་དང་བྱམས་སྐྱོང་གང་མང་མཛད། 《སད་ཀྱིས་བཅོམ་པའི་མེ་ཏོག》ནི་རྩོམ་པ་པོའི་བརྩམས་སྒྲུང་ཕྱི་མའི་སྐོར་ཡིན་ལ་བརྗོད་དོན་དང་འབྲི་ཐབས་གང་རུང་ནས་རྩེར་སོན་པ་ཞིག་ཀྱང་ཡིན་པས། ཁོང་གི་འཐུས་ཚབ་བརྩམས་ཆོས་སུ་བགྲངས་ཆོག རྩོམ་འདིའི་བློས་བསླངས་དང་བརྗོད་བྱའི་དགོངས་དོན་ནི་སྲོལ་རྒྱུན་རྙིང་བའི་གཉེན་སྲོལ་དང་དེ་ལས་བྱུང་བའི་སྐྱོ་གར་ལ་ཕྱིར་རྟོག་དང་དགག་བཞག་གི་ཆ་ཤིན་ཏུ་ཆེ་ལ་རང་མོས་གཉེན་སྲོལ་ལ་རེ་སྨོན་དང་འབོད་སྐུལ་བྱས་པའང་ཤིན་ཏུ་གསལ། རྩོམ་པ་པོར་བོད་ཀྱི་གཉེན་སྲོལ་ལ་ཆ་རྒྱུས་ཞིབ་མོ་ཡོད་ལ། གཉེན་སྒྲིག་རང་དབང་མིན་པའི་ལུགས་སྲོལ་དེ་གནད་དོན་ཆེན་མོ་ཞིག་ཏུ་མཐོང་སྟེ་འཚོ་བའི་བདེ་སྐྱིད་དང་རང་དབང་གི་འཚོ་བ་བརྩོན་ལེན་བྱེད་ཆེད་ཁོང་གིས《སད་ཀྱིས་བཅོམ་པའི་མེ་ཏོག》འདི་ལ་གཞི་བཅོལ་ནས་གཞོན་ནུ་ཕོ་མོ་ཚོའི་ཚབ་བྱས་ཏེ་རྩོམ་རིག་གི་ལམ་ནས་བོད་ཁམས་སུ་བཀྲམ། བརྩམས་ཆོས་ནང་ལྷ་སྐྱིད་ཀྱིས་རང་ལ་འཁང་ར་དང་མ་འོངས་པར་རེ་བས་ཁེངས་པའི་བརྩེ་སེམས་དང་ཁོ་མོ་ཡང་མོ་གསར་གཞན་དང་འདྲ་བར་འཇིག་རྟེན་འཚོ་བར་རོལ་འདོད་ཆེ་བ་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་ལས་གཞོན་ནུ་ཕོ་མོ་དག་གིས་རང་དབང་གི་བརྩེ་དུང་ཞིག་འཐོབ་ཕྱིར་འབད་འབུངས་སྒོས་བརྩེ་དུང་གི་བཀག་རྒྱ་ཡོངས་སུ་གཏོར་བའི་རླབས་ཆེན་གྱི་བརྒྱུད་རིམ་གཙོར་མ་བྲིས་པར་བུ་མོ་ལྷ་སྐྱིད་ཨ་མའི་མངལ་ན་ཡོད་དུས་ནས་གཉེན་རྟགས་བརྒྱབ་པའི་སྲོལ་རྒྱུན་རིག་གནས་ཀྱི་ནག་ཉེས་དང་ལུགས་སྲོལ་ངན་པ་དེས་གཞོན་སྐྱེས་བོད་རིགས་ཕོ་མོའི་སྤྱི་ཚོགས་གསར་བ་འཛུགས་པའི་རེ་འདུན་དང་མ་འོངས་འཚོ་བ་སོགས་ལ་གདེང་ཚོད་མེད་དུ་བཅུག་པའི་བསམ་བློ་རྙིང་བར་དགག་རྒྱག་མཛད་པའི་བསྒྲུངས་རྩོམ་ཤིག་ཡིན།

    གཉིས། བརྩམས་ཆོས་ཀྱི་ཁྱད་ཆོས་བཤད་པ།

    དང་པོ། དངོས་ཡོད་ཀྱི་རང་བཞིན།ལོ་རབས་བརྒྱད་བཅུ་པའི་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་ནི་སྒྱུ་རྩལ་གྱི་ཉམས་དང་མཛེས་རྟོགས་བསྟོད་བསྔགས་མ་ཡིན་པར་གཙོ་བོ་བོད་སྤྱི་ཚོགས་ཀྱི་གནད་དོན་དང་དངོས་ཡོད་འཚོ་བའི་གནས་བབ་སོགས་ཀྱིས་མང་ཚོགས་ལ་བློ་འབྱེད་དང་སེམས་སྐྱེད་བསམ་བློའི་གོ་རྟོགས་མཐོ་རུ་འདེགས་པའི་ཉེན་བརྡ་དང་གསལ་བརྡ་གཏོང་བ་ཡིན་ལ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་གཉེན་སྒྲིག་རང་དབང་མིན་པའི་ལུགས་སྲོལ་གྱིས་ན་གཞོན་ཕོ་མོ་ཚོའི་སེམས་ཁམས་ལ་ཚ་ཚ་འུར་འུར་བཟོས་ཏེ་འདི་བྱེད་དོན་ལ་མི་གནས་པའི་བྱ་བ་ངན་ངོན་མི་འདོད་བཙན་གྱིས་བསྒྲུབ་ཏུ་བཅུག་པ་ལས་མི་བུའི་སེམས་ལ་སྐྱེས་པ་དོན་དུ་མི་བསྙོན་པར་འཆི་བའི་ལམ་ལ་འཇུག་དོན་གྱི་སེམས་བྱུང་རི་མོ་མངོན་དུ་གསལ་ལ། དཔེར་ན། ཁོ་མོའི“གངས་དཀར་སེམས་ཀྱི་ངོས་ལ་དྲི་རྟགས་ཆེན་པོ་རེ་རེ་ཤར་འོངས་བ་ནི་འདི་ལྟ་སྟེ། བུ་མོ་མངལ་དུ་ཡོད་དུས་གཉེན་གཏམ་སྡེ་བའི་དཀྱིལ་ནས་བཤད་པའི་ཕ་མ་ཚོ་ལ་ཞེ་ཁྲལ་ཡོད་དམ། ལུས་རྟེན་ཕ་མའི་བསྐྲུན་ཀྱང་རང་ལུས་རང་ལ་མི་དབང་བ་འདི་བོད་ཀྱི་སྲོལ་རྒྱུན་ཡིན་ནམ”ལྟ་བུའོ།། འདི་ལས་སྤྱི་ཚོགས་སྟེང་དུ་གཉེན་སྒྲིག་རང་དབང་མིན་པའི་སྲོལ་ངན་ཐེར་འདོན་བྱས་ཏེ་གཏམ་རྒྱུད་འདི་དང་སྦྱར་ནས་རང་དབང་རང་འཐད་ཀྱི་བརྩེ་དུང་ལ་རེ་འབོད་དང་ལུགས་སྲོལ་ངན་པའི་ནག་ཉེས་ལ་དགག་རྒྱག་མཛད་ཡོད། བརྗོད་བྱ་འདི་ནི་རང་གི་གྲོགས་སམ་རང་གི་ཉེ་འཁོར་ནས་བྱུང་བ་ལྟ་བུ་ཡིན་པས་ཁོང་གི་བརྩམས་སྒྲུང་འདི་ལ་དངོས་ཡོད་ཀྱི་རང་བཞིན་ལྡན།

    གཉིས། དམིགས་ཡུལ་གསལ་བའི་རང་བཞིན།རྩོམ་པ་པོ་ཁོང་ལ་སྤྱི་ཚོགས་ལ་ལྟ་བའི་མིག་རྒྱང་རིང་ལ་བརྗོད་བྱ་ཡང་བོད་རིགས་སྤྱི་ཚོགས་སྟེང་གནས་པའི་གནད་དོན་དངོས་མ་དེ་གསལ་ལེར་གཏམ་རྒྱུད་འདི་དང་སྦྱར་ནས་བོད་ཁམས་ལ་ཕན་བདེའི་འཚོ་བ་རེ་འབྱུང་བར་དམིགས་ཡོད། ཁོང་གིས་ཚེ་རིང་དང་ལྷ་སྐྱིད་གཉིས་ཆུང་དུས་སུ་བརྩེ་རོགས་ཡིན་པ་ནས་གཞོན་དུས་སུ་ཕན་ཚུན་ལ་བརྩེ་དུང་ཡོད་པ། དེ་རྗེས་ཚེ་རིང་སྟོང་སྐོར་ལ་སློབ་སྦྱོང་ལ་སོང་བ་ནས་ཕ་མས་མོ་རང་རིག་ཡག་གི་ཆུང་མར་སྟེར་རྩིས་བྱས་རྐྱེན་མོ་ཡུལ་དུ་འདུག་མ་བཟོད་པར་ཚེ་རིང་བཙལ་ཏུ་སོང་སྐབས་དོན་དག་ངན་པ་རེ་བྱུང་བས་ཚེ་རིང་ལ་ཐུག་པར་ངོ་གནོང་བ་སོགས་ཀྱི་རྣམ་པ་ནི་དངོས་ནས་རང་སེམས་ལ་བརྙན་འཕྲིན་བཞིན་འཆར་ཡོང་ལ་འདི་ལྟ་བུའི་བརྗོད་བྱ་ནི་ད་ལྟའང་རང་སྡེའམ་ཉེ་འཁོར་དུ་འབྱུང་བཞིན་ཡོད་པ་དེ་ལས་མཐོང་ཐུབ་པ་ནི་སྲོལ་རྒྱུན་གཉེན་སྲོལ་ལ་ཁ་རྡུང་གཏོང་ཞོར་རང་དབང་བརྩེ་དུང་ལ་རེ་སྨོན་བྱེད་པའི་བརྗོད་བྱའི་དམིགས་ཡུལ་གསལ་བའོ།

    གསུམ། དགའ་སྐྱོ་རང་བཞིན། 《སད་ཀྱིས་བཅོམ་པའི་མེ་ཏོག》ནང་དུ་ཚེ་རིང་གི་སྐད་ཆ“ངས་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་དེ་སེམས་ལ་དྲན་ཐེངས་རེར་དཔྲལ་བའི་མིག་གཉིས་ལས་མཆི་མ་དབང་མེད་དུ་བཞུར་འོངས”དང་ལྷ་མོས་སེམས་གཏམ“ལྷ་སྐྱིད་ཀྱི་ཨ་ཕ་ནི་མི་འུ་ཚུགས་ཅན་ཞིག་ཡིན་པ་དང་ཁ་ནས་ཚིག་ཤོར་ན་ཕྱིས་སུ་ནོར་སོང་བ་ཤེས་ན་ཡང་ཡོ་བསྲིང་མི་བྱེད་པར་ནོར་བ་རྒྱུན་འབྱམས་སུ་གཏོང་བ་ཞིག་ཡིན། ཁྱིས་མི་བཟའ་ལྕགས་དང་མིའི་མི་བཟའ་མནའ་ཟེར་བ་ནི་ཁོའི་གཏན་ཚིག་ཤིག་རེད”ཟེར། རིག་ཡག་གིས་སྔ་ས་ནས་ཤེས་བ་ནི“དྲང་མོར་བཤད་ན་ང་ནི་མི་གླེན་པ་ཞིག་མིན། ལྷག་པར་ང་རང་ཡང་སྐྱེས་ཕོ་རབ་ཅིག་གི་ལུས་བླངས་ཡོད་པས་རང་གི་ལ་རྒྱ་ལོས་ཡོད། ལྷ་སྐྱིད་ཆུང་མར་ལེན་རྒྱུའི་གནས་ཚུལ་དེ་ཨ་ཕས་ང་ལ་སྔ་མོ་ནས་ཁོག་བརྟོལ་ཡོད”པ་དང“ངས་ལྷ་སྐྱིད་ཀྱིས་མགོ་ལ་དཀྲིས་ཡོད་པའི་ལག་ཕྱིས་མེ་ཏོག་ཅན་མཐོང་བས་རང་གི་ཡིད་ལ་རེ་བས་འབྲས་བུ་སྨིན་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས”ལྟ་བུ་དང“ལྷ་སྐྱིད་ཀྱི་སྡུག་བསྔལ།”“སྒྲོལ་མའི་གདུང་སེམས”“ཕུན་ཚོགས་ཀྱི་གོ་རྟོགས”“ཚེ་རིང་གི་བསམ་ཚུལ”སོགས་མི་སྣ་མང་པོ་བཀོད་དེ་རེ་རེའི་བྱུང་རིམ་བརྗོད་ཞོར་ཁོ་ཚོའི་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་ཡོད་ཚད་མངོན་ཐུབ་པར་མ་ཟད“རིག་ཡག་གི་ཁ་བརྡ་ལ་གསན་རོགས་གནང”ཟེར་བ་དང“ཀྭ་ཡེ་ཕོ་གསར་རྣམས་པ།ལྷ་སྐྱིད་ལ་ཁྲེལ་གཞུང་ཡོད་མེད་ཁྱོད་ཚོས་ཁོ་མོར་དྲིས་ཤིག”ཟེར་བ་ལྟ་བུའི་ང་ཚོར་མཚར་སྣང་གི་བློ་ཞིག་དང་སྐྱོ་བའི་སྡུག་བསྔལ་ཞིག་ངང་གིས་སྤྱིན་ཐུབ་བོ།།

    གསུམ། 《སད་ཀྱིས་བཅོམ་པའི་མེ་ཏོག》གིས་སྤྱི་ཚོགས་ལ་ཐོན་པའི་ཤུགས་རྐྱེན།

    གཅིག སྒྱུ་རྩལ་གྱི་ཤུགས་རྐྱེན། བདག་གིས་བལྟས་ན《སད་ཀྱིས་བཅོམ་པའི་མེ་ཏོག》གིས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དེ་ཕྱོགས་གཉིས་ནས་གླེང་དགོས་པར་བསམ་ལ། དང་པོ་སྒྱུ་རྩལ་ཤུགས་རྐྱེན་དང་།གཉིས་པ་སློབ་གསོའི་ཤུགས་རྐྱེན་རེད། དང་པོ་སྒྱུ་རྩལ་ཤུགས་སྐྱེན་ནི་དཔལ་དོན་གྲུབ་རྒྱལ་ཁོང་གིས་སྒྲུང་གཏམ་འདི་དུམ་མཚམས་ཆེན་མོ་བདུན་དུ་བགོས་ཏེ་བྲིས་འདུག་ལ། སྒྲུང་གཏམ་གྱི་མི་སྣ་དང་། བྱུང་རིམ། སྒྲིག་གཞི་བཅས་སྒྲུང་གཏམ་འགྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་གསུམ་ཆེས་འབུར་ཐོན་ཅན་དུ་གྲུབ་པར་བྱས་ཡོད། བརྗོད་བྱེད་དང་བརྗོད་སྟངས་ཕྱོགས་གང་ས་ནས་སྐྱོན་གྱི་དྲི་མས་མ་སྦགས་པས་རྗེས་རབས་པའི་སྒྲུང་གཏམ་འབྲི་བའི་མིག་དཔེར་བཟུང་ཆོག་པ་ནི་རྩོམ་ཡིག་འདིའི་སྒྱུ་རྩལ་གྱིས་སྤྱི་ཚོགས་སམ་ཀློག་པ་པོར་སྤྲད་པའི་ཤུགས་རྐྱེན་རེད་སྙམ།

    གཉིས། སློབ་གསོའི་ཤུགས་རྐྱེན། 《སད་ཀྱིས་བཅོམ་པའི་མེ་ཏོག》གིས་སྤྱི་ཚོགས་ལ་ཐོན་པའི་ལྟ་བའམ་སློབ་གསོའི་ཤུགས་རྐྱེན་ནི་ཅུང་རྒྱ་ཆེ་བར་སྙམ་སྟེ། དེ་ཡང་དང་པོ་ང་ཚོས་ཕ་མེས་ཡང་མེས་ནས་བརྒྱུད་མྱོང་བའི་རྙིང་ཞེན་གྱི་བསམ་བློ་ཁག་སྟེ། དཔེར་ན། “ཨ་ཁ། བུ་མོའི་ལས་དབང་ཟེར་བ་ནི་དེ་ལྟ་བུ་ཞིག་ཡིན་ནམ། དྲིན་ཆེན་གྱི་ཕ་མའི་དྲིན་ལན་དེ་ངས་ཚེ་གང་ལ་འཇལ་དཀའ་ནའང་། བུ་མོའི་སེམས་ཀྱི་བདེ་སྡུག་ལ་མི་བལྟ་བར་ང་རང་འཆི་ལམ་དུ་རྫོང་བ་འདི་ཅི་ཞིག་ཡིན་ནམ”ལྟ་བུའི་སྐད་ཆ་དོན་སྙིང་གིས་ཕྱུག་ལ་ཡུན་རིང་ལ་བསམ་རྒྱུ་དང་གོ་རྒྱུ་ཅན་གྱི་ཚིག་བརྗོད་དོན་ཅན་མང་པོ་ཞིག་བར་དང་མཚམས་སུ་བཅུག་པས་སྒྲུང་གཏམ་གྱི་མགོ་ནས་མཇུག་བར་མིའི་རིགས་སྤྱི་དང་ལྷག་པར་བོད་རིགས་ཀྱི་འདུ་ཤེས་གོམས་སྲོལ་དང་མཐུན་པའི་སློབ་གསོའི་མན་ངག་གི་ལུ་གུ་རྒྱུད་དུ་སྤེལ་བ་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་སྒྲུབ་བྱེད་ཀྱི་བང་མཛོད་ཅིག་ཏུ་འཁུམས་སོ།། གཞན་ཡང་བརྩམས་སྒྲུང་འདིར་མཚོན་ན་ཡང་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པའི་གོ་རིམ་ཁྲོད་ནས་ང་ཚོས་སྐབས་དེའི་སྤྱི་ཚོགས་སྟེང་གི་གནད་དོན་མང་པོ་ཞིག་མཐོང་ཐུབ་པ་དང་། བོད་ཀྱི་སྤྱི་ཚོགས་ཁྲོད་གནས་པའི་སྲོལ་རྒྱུན་རྙིང་བར་དགག་པ་དང་རང་དབང་རང་འཐད་ཀྱི་གཉེན་སྲོལ་ལ་ཡི་རངས་བྱེད་པའི་བྱུང་རིམ་གཙོར་བཟུང་ནས་བྲིས་ཡོད་པ་དང་། དེས་ཐོན་པའི་ནུས་པ་ནི་མི་རྣམས་ལ་གོ་བསྐོན་བློ་འགུག་དང་བློ་བསྐྱེད་ཀྱི་ནུས་པ་ཐོན་དགོས་པ་ཞིག་ཡིན་པ་དང་། ད་ལྟའི་བར་བྱུང་བའི་རང་དབང་རང་འཐད་མིན་པའི་གཉེན་སྲོལ་རྨང་གཞི་བྱས་ཏེ།བསམ་བློ་རྙིང་བར་དགག་པ་བརྒྱབ་ཡོད་པ་དང་རང་དབང་རང་འཐད་ཀྱི་བརྩེ་དུང་ལ་རེ་འབོད་གཏོང་བའི་བརྗོད་རྙིང་འབུར་དུ་བཏོན་ཏེ་བརྩམས་སྒྲུང་གིས་སྤྱི་ཚོགས་ལ་ནུས་པ་ཐོན་པར་བྱས་ཡོད་པ་རེད།

    རྩོམ་པ་པོ་ནི་ཧི་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།2014·09·19།པར་ངོས17པ།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།