སྙན་ངག་འབྲི་བ་ནི་རྟ་རྒོད་ལ་ཁ་ལོ་བཏུལ་བའི་གོ་རིམ་དེ་རེད།

    —— ན་གཞོན་སྙན་ངག་པ་འབྲོང་ཕྲུག་ལ་བཅར་འདྲི་བྱས་པ།
       གསར་འགོད་པ། ཐོག་མར་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ཐུང་ཐུང་ཞིག་ངོ་སྤྲོད་བྱས་ན་ཅི་འདྲ།

          འབྲོང་ཕྲུག ལོ་ཆུང་དུས་ནས་བཟུང་། ང་ལ་དགེ་རྒན་བྱེད་འདོད་པ་དང་གནམ་གྲུའི་ཁ་ལོ་པ་བྱེད་འདོད་པ་ལྟ་བུའི་ཕུགས་བསམ་མང་པོ་ཞིག་ཡོད་ནའང་། རྩོམ་པ་པོ་ཞིག་བྱེད་པའི་ཕུགས་བསམ་དེ་ཡོད་མ་མྱོང་། ལྷག་པར་སྙན་ངག་པ་ཞིག་བྱེད་པའི་ཧམ་སེམས་དེ་བསམ་པའི་རྒྱུད་ལའང་དྲན་མ་མྱོང་། ཡིན་ནའང་། ང་རང་ཆུང་དུས་ནས་ཨ་ཕའི་བག་ཆགས་ཀྱི་དབང་གིས་དཔེ་ཀློག་ལ་དགའ་བོ་ཡོད། ཡང་གཅིག་བཤད་ན། ང་ནི་དཔེ་ཀློག་གི་ཁྲོད་ནས་ད་གཟོད་རྩོམ་འབྲིའི་ལས་ལ་ཞུགས་པ་ཡིན་ངེས་ལ། རྩོམ་འབྲིའི་གོ་རིམ་ཁྲོད་དུ་ད་གཟོད་རྩོམ་པ་པོ་ཞིག་བྱེད་པའི་རྟེན་འབྲེལ་འགྲིག་པ་ཡིན་ངེས།

    སློབ་ཆུང་གི་སྐབས་སུ། ངས་རྩོམ་ཡིག་ཅེས་ཡག་ཡག་འགྲིག་འགྲིག་ཅིག་འབྲི་མི་ཤེས་མོད། ནམ་རྒྱུན་དགེ་རྒན་གྱིས་ལས་བྱར་བགོས་པའི་ཚིག་སྒྲིག་དག་ཚིག་བཅད་ཀྱི་ལམ་ནས་བྲིས་མྱོང་ལ། སློབ་འབྲིང་གི་སྐབས་སུའང་། ཚིག་ལྷུག་རིང་ཐུང་གཉིས་ཀ་བྲིས་ནས་དགེ་སློབ་དག་གི་བསྟོད་པའི་མཐེ་བོང་ཐོབ་མྱོང་། སྐབས་དེ་དུས་ཤིག་ནས་བཟུང་། ངས་རང་གི་བརྩམས་ཆོས་སུ་གྱུར་པ་དེ་དག

    《གངས་རྒྱན་ན་ཆུང་ཚགས་པར》དུ་བསྐུར་མགོ་བརྩམས་ནའང་། ངའི་ལྕགས་དཔར་དུ་བཏབ་པའི་བརྩམས་ཆོས་ཐོག་མ་ནི་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས《མང་ཚོགས་སྒྱུ་རྩལ》སྟེང་བཀོད་པའི

    《འབྲི་ཐུལ་མའི་ཁེར་བཤད》ཅེས་པའི་དམངས་རྩོམ་དེ་ཡིན། སྤྱི་ཚོགས་འཚོ་བར་ཞུགས་རྗེས། སྔ་རྗེས་སུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་བོད་ཁུལ་གྱི་རྩོམ་རིག་དུས་དེབ་དང་ཚགས་པར་དག་ཏུ་སྙན་ངག་གཙོས་བདག་གི་བརྩམས་ཆོས་མང་པོ་འགོད་མགོ་ཚུགས་པ་ཡིན།

    དྲང་མོར་བཤད་ན། ང་རང་རྩོམ་འབྲིའི་ལས་སུ་ཞུགས་པ་དེ་ནི་སློབ་འབྲིང་གི་འཚོ་བ་དང་སློབ་སྦྱོང་ལ་འབྲེལ་བ་དམ་པོ་ཡོད་དེ། ང་རང་སློབ་འབྲིང་འགྲིམ་དུས་ནི་བོད་ཀྱི་སྙན་ངག་གསར་བའི་ཚ་རླབས་མཐོ་རུ་འཕྱུར་གྱིན་པའི་དུས་ཡིན་པས། ང་ཚོ་ཀོས་ནན་རྫོང་དུའང《མང་ཆུའི་ཟེགས་མ》ཞེས་པའི་སྣུམ་དཔར་དུས་དེབ་ཅིག་ཡོད་པ་དང་། དུས་དེབ་དེ་རུ་སྐབས་ཐོག་དེར་བོད་ཁུལ་ན་སྙན་གྲགས་ཅུང་ཆེ་བའི་ས་གནས་སྙན་ངག་པ་བྱ་གཞུང་དབྱངས་བྷ་དང་འབར་རྡེའུ། རྒྱ་གྲོལ་སོགས་ཀྱི་སྙན་ངག་འགོད་ཀྱིན་འདུག་ལ། ད་དུང་དགེ་རྒན་སྙིང་མིག་གིས《སྦས་སྐུང་གི་ལོ་ཟླ》ཞེས་པའི་སྙན་དེབ་སྣུམ་དཔར་མ་ཞིག་ཀྱང་སློབ་གྲྭའི་ནང་དུ་བཀྲམ་ཡོད་པ་རེད། དེ་ཡིས་ང་རང་རྩོམ་རིག་ལ་བློ་ཁ་ཕྱོགས་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་གདོན་མི་ཟ།

    གསར་འགོད་པ། བོད་ཀྱི་རྩོམ་སྟེགས་ལ་བལྟས་ན་སྙན་ངག་ཟེར་བ་འདི་སྐབས་འགར་ཁེ་གྲགས་ངོམ་སྤྱད་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། ཡང་སྐབས་འགར་རང་གི་སྣང་བ་ཐན་ཐུན་བརྗོད་སྤྱད་ལྟ་བུ་ཞིག་ཏུ་ཡང་གྱུར་འདུག་པས། ཁོ་བོའི་བསམ་ཚུལ་ཡིན་ན། བོད་ཀྱི་སྙན་ངག་འདིས་ད་དུང་བོད་ཀྱི་སྙན་ངག་ཅེས་པའི་འགན་ཆེན་པོ་དེ་ཕྲག་ཏུ་ལེན་ཐུབ་མེད་པ་འདྲ། ཁྱེད་ཀྱིས་བལྟས་ན་བོད་ཀྱི་སྙན་ངག་ཟེར་བ་འདིའི་གནས་བབ་ག་འདྲ་འདུག


    འབྲོང་ཕྲུག མི་སུ་དང་གང་ཡིན་གྱི་རྩོམ་འབྲིའི་ཀུན་སློང་ཁ་ཁ་སོ་སོ་ཡིན་པ་ནང་བཞིན། ཁོ་ཚོ་ཆེས་ཐོག་མར་རྩོམ་འབྲིའི་ལས་ལ་ཞུགས་པའི་དམིགས་ཡུལ་ཡང་ཁ་ཁ་སོ་སོ་ཡིན་པ་རེད། དེ་ཡིས་ད་ལྟའི་བོད་ཀྱི་སྙན་ངག་རྩོམ་རིག་གི་གནས་བབ་འདི་ཆགས་པ་ཡིན་ངེས།


    ངས་ནམ་རྒྱུན་འདང་རྒྱག་གིན་ཡོད་པའི་དྲི་བ་དེ་ནི། བོད་ཀྱི་སྙན་ངག་གིས་ང་ལ་ཅི་ཞིག་སྦྱིན་པ་དང་ངའི་བརྩམས་ཆོས་ཀྱིས་བོད་ཀྱི་སྙན་ངག་ལ་ཅི་ཞིག་སྦྱིན་པ་དེ་ཡིན་མོད། དྲི་བ་ཁ་ཤས་ཤིག་ལ་ང་ཚོས་ནམ་ཡང་དྲིས་ལན་ཡང་དག་ཅིག་འདེབས་ཐབས་མེད་པ་ནང་བཞིན། བོད་ཀྱི་སྙན་ངག་གིས་ངའི་སྙན་ངག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པ་དང་ངའི་སྙན་ངག་གིས་བོད་ཀྱི་སྙན་ངག་ལ་བག་ཆགས་ཅི་ཞིག་བཞག་ཡོད་མེད་བརྗོད་ཐབས་མི་འདུག ང་རང་ཉིད་ལ་མཚོན་ནས་བཤད་ན། སྙན་ངག་གིས་ང་ལ་ཐོག་མའི་དམིགས་ཡུལ་དང་འཆར་གཞི། ཀུན་སློང་གང་ལའང་མི་ཐེ་བའི་ཁེ་གྲགས་ལ་སོགས་མང་པོ་མང་པོ་ཞིག་སྦྱིན་མྱོང་བ་དང་། དེ་དང་ལྷན་ཅིག་ཐོག་མའི་དམིགས་ཡུལ་དང་འཆར་གཞི། ཀུན་སློང་གང་ལའང་མི་གཏོགས་པའི་འགན་ཁུར་ལ་སོགས་ཆེན་པོ་ཆེན་པོ་ཞིག་བཀལ་སོང་། འགན་ཁུར་དེ་དག་སྙན་ངག་རང་སྟེང་གི་འགན་ཁུར་ཁོ་ན་མ་ཡིན་པར། ངའི་འཚོ་བ་དང་བྱ་བའི་འགན་ཁུར་སྣ་ཚོགས་ཀྱང་ཞོར་དུ་དྲུད་ཡོང་། དེས་ནི་ང་རང་ལ་སྙན་ངག་འབྲི་བའི་དུས་ཚོད་ཇེ་ཐུང་དུ་བཏང་ཞིང་།འཚོ་བ་དང་བྱ་བར་བརྩོན་པའི་དུས་ཚོད་ཇེ་རིང་དུ་བཏང་བ་རེད།


    བོད་ཀྱི་སྙན་ངག་གིས་བོད་ཀྱི་སྙན་ངག་གི་འགན་ཆེན་པོ་དེ་ཕྲག་ཏུ་ལེན་ཐུབ་ཀྱིན་ཡོད་མེད་ཀྱི་གནད་དོན་དེའང་། དེ་ལྟར་བོད་ཀྱི་སྙན་ངག་པར་སྙན་ངག་ཆེད་ལས་ཀྱི་ལས་ཀ་མེད་པར་སྙན་ངག་རྩོམ་འབྲིའི་ཁྲོད་ནས་འཁོར་བ་སྐྱོང་བ་དང་། འཁོར་བའི་ནང་ནས་སྙན་ངག་འབྲི་རྩོམ་གྱི་ཚོར་བ་དང་དུས་ཚོད་འཚོལ་དགོས་པས་ཨེ་ཡིན་ནམ། སྐབས་ལན་རེར། འགན་ཁུར་ནི་སྙན་ངག་པ་རང་སྟེང་ནས་རང་བྱུང་གིས་འབྱུང་གིན་ཡོད་པ་དང་། སྐབས་ལན་རེར།འགན་ཁུར་ནི་ཁོར་ཡུག་གི་མིས་བཙན་དབང་གིས་འགེལ་གྱིན་འདུག ང་ནི་རང་སྟེང་གི་འགན་དེ་འགན་དུ་སེམས་ནས་ཧུར་བརྩོན་བྱ་རྒྱུ་ལས། ཁོར་ཡུག་གི་མིས་བཀལ་བའི་འགན་དེ་འགན་ཞིག་ཏུ་བསམ་ཐབས་མི་འདུག ང་ནི་དེ་འདྲའི་མི་སྐོར་ལོག་ཅིག་ཡིན། དེ་བས། ངས་ནམ་ཡང་བོད་ཀྱི་སྙན་ངག་གི་འགན་ཆེན་པོ་དེ་ཅི་ཡིན་མི་ཤེས་ལ། འགན་དེ་ཕྲག་ཏུ་ལེན་ཡང་མ་མྱོང་།


    གསར་འགོད་པ། ངས་ཁྱོད་ཀྱི་སྙན་དེབ《བཞད་འཕྱིས་པའི་མེ་ཏོག》ཅེས་པར་ཞིབ་ཏུ་ཐེངས་ཤིག་བལྟས་རྗེས། སྙན་ངག་གི་བརྗོད་བྱའི་ཐད་ནས་ཕོ་མོའི་བརྩེ་དུང་མཚོན་པ་དང་། རང་གི་སེམས་ཁམས་མངོན་པ་ལྟ་བུ་མང་པོ་ཡོད། འོན་ཀྱང་ཁོ་བོའི་དགའ་ཁ་འཁྱེར་སོའི་དབང་གིས《བདའ་ཚང་གི་མགྱོགས་བྲིས》ཞེས་པའི་ས་བཅད་དེར་དམིགས་བསལ་གྱིས་དགའ་སྣང་ཞིག་སྐྱེས་བྱུང་། དེ་ལས་ཀྱང《ཕ་ཡུལ། བདའ་ཚང》ཞེས་པ་དེའི་ཚིག་སྦྱོར་དང་བསྟན་དོན་གང་གི་ཆ་ནས་ཀྱང་ཡིད་ངོར་འཇགས་པ་ཞིག་རེད། ཡང་གཅིག་བཤད་ན། ཕ་ཡུལ་དང་འབྲེལ་བའི་བརྩམས་ཆོས་མང་ཆེ་ཤོས་ཤིག་གིས་རྟག་ཏུ་ཁོ་བོའི་ཡིད་དབང་ཕྲོགས་པར་བྱེད་པས། འདིར་འདྲི་འདོད་པ་ནི་སྙན་ངག་པ་ཞིག་ལ་མཚོན་ན་ཕ་ཡུལ་གྱིས་ཅི་ཞིག་མཚོན། ཡང་ན་ཕ་ཡུལ་དང་རྩོམ་མཁན་བར་གྱི་འབྲེལ་བ་དེ་ག་འདྲ་ཞིག་ཡིན།


    འབྲོང་ཕྲུག ངའི་སྙན་ངག་གི་ཁྲོད་ན་ང་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བརྩམས་ཆོས་ཤུགས་ཆེ་ཞིང་། མི་རིགས་དང་མེས་རྒྱལ་གྱི་བདེ་སྡུག་མཚོན་པའི་བརྩམས་ཆོས་བླ་ལྷག་གིས་ཉུང་། དེས་ནི་ཀློག་མཁན་མང་པོ་ཞིག་གིས་ང་ནི་ནམ་ཡང་ནད་མེད་འཁུན་སྒྲ་འདོན་པ་ལས་མི་རིགས་དང་མེས་རྒྱལ་གྱི་འགན་ཁུར་མི་འདུག་ཅེས་པའི་མི་ཁའི་ཞྭ་མོ་ཞིག་བསྐོན་ཀྱང་མྱོང་། ཡིན་ནའང་། ངས་དེ་དག་ལ་དག་སེལ་བྱེད་རྩིས་མེད།


    《བདའ་ཚང་གི་མགྱོགས་བྲིས》ཞེས་པ་ནི་ངའི་སྙན་དེབ《བཞད་འཕྱིས་པའི་མེ་ཏོག》ཅེས་པའི་ཁྲོད་ཀྱི་ས་བཅད་ཅིག་ཡིན། ས་བཅད་དེའི་ནང་དུ《ཕ་ཡུལ། བདའ་ཚང》གཙོས་ཕ་ཡུལ་གྱི་དར་རྒུད་དང་ཆགས་འཇིག་ལ་བཅངས་པའི་གདུང་སེམས་དང་། ཕ་ཡུལ་གྱི་འབྱུང་འགྱུར་དང་ལས་དབང་ལ་འཁྲེང་བའི་ཞེན་ཆགས་སོགས་ཤུགས་ཆེར་བྲིས་ཡོད་ལ། དེ་དག་འབྲི་བའི་སྐབས་སུ་ཕ་ཡུལ་ལ་བཅངས་པའི་བརྩེ་བའམ་འཁྲེང་བའི་དབང་གིས་སྙན་ངག་གི་ཚོར་བ་དང་ཚིག་གི་སྦྱོར་བ་མཐའ་དག་ལྷུན་གྱིས་གྲུབ་ཡོང་མོད། ང་ནི་དུས་ནམ་ཡང་ཕ་ཡུལ་ལས་རིང་དུ་བདའ་མ་ཐུབ་ལ། ང་རང་ད་དུང་ཕ་ཡུལ་གྱི་ཕང་བ་རུ་གཞིས་ཆགས་ནས་བསྡད་ཡོད། དེ་ལྟར་ཕ་ཡུལ་ནི་མ་ཡུམ་བཞིན་ལྟེ་ཐག་བཅད་ཀྱང་ནམ་ཡང་འབྲེལ་ཐག་ཆོད་ཐབས་མི་འདུག དེ་བས། སྙན་ངག་དེ་དག་འབྲི་བའི་གོ་རིམ་ཁྲོད་དུ་ཡིན་ན་འདྲ་ཞིང་། སྙན་ངག་དེ་དག་དེབ་ཏུ་འགོད་པའི་གོ་རིམ་ཁྲོད་དུ་ཡིན་ནའང་འདྲ་ལ། དེ་ནས་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་གོ་རིམ་ཁྲོད་དུ་ཡིན་ནའང་འདྲ་སྟེ། (འཕྲོ་མ་པར་ངོས15པར་གཟིགས།)
(པར་ངོས14པར་མཐུད་པ།)ངས་ང་རང་ཉིད་ཕ་ཡུལ་དུ་འཚོ་ཞིང་གཞེས་ཡོད་པ་དང་། ངའི་མི་ཚེ་རིང་མོར་འདི་དང་འདི་ལྟ་བུའི་དགའ་སྡུག་ཆགས་ཞེན་གྱི་འཚོ་བ་ཡོད་མྱོང་བ་བདེན་དཔང་ཙམ་བྱས་པ་ལས། འདི་དག་གང་དང་གང་ཡིན་རུང་། ངས་ཅི་ཞིག་ནུས་སོང་བ་དང་། ངས་ཅི་ཞིག་འཇོན་སོང་བ། ངས་ཅི་ཞིག་འགྲུབ་སོང་བ་མཚོན་ཐབས་ཡོད་པ་མ་རེད། དེ་ནི་ང་ལ་དེ་འདྲའི་ཧམ་སེམས་ཤིག་མེད་པ་ནང་བཞིན། ང་ལ་དེ་འདྲའི་འཇོན་ཐང་ཞིག་ཀྱང་ཡོད་པ་མ་རེད།


    རྩོམ་པ་པོ་ཞིག་ལ་མཚོན་ན། ཕ་ཡུལ་གྱིས་ཅི་ཞིག་མཚོན་པ་དང་། རྩོམ་པ་པོ་དང་ཕ་ཡུལ་བར་གྱི་འབྲེལ་བའི་སྐོར་ལ་ངས་འདང་མང་པོ་བརྒྱབ་མ་མྱོང་ནའང་། ཕ་ཡུལ་དང་རྒྱང་ཐག་ཅི་ཙམ་རིང་ན་སེམས་ནི་དེ་ལྟར་ཉེ་ཞིང་། སེམས་ནི་ཅི་ཙམ་ཉེ་ན་ཞེན་ཆགས་དེ་ལྟར་ཆེ་བས། སྙན་ངག་ཏུ“མཐའ་ཡས་ཤིང་ཁོད་ཡངས་པའི་བདའ་ཚང་གི་ས་ཆེན/བདག་གི་གོམ་ཆུང་གི་རྐང་རྗེས་ལྕི་མོ་དཔར་ས/བདག་གིས་རྨི་ལམ་དུ་ཡང་བྲང་ཁར་སྦྱར་ནས/མིག་ཆུ་བསྐྱིལ་ས། མིག་ཆུ་ལྟེམ་ལྟེམ་བསྐྱིལ་ས/ རྔུལ་ཁྲག་བསྐྱིལ་ས། རྔུལ་ཁྲག་ལྟེམ་ལྟེམ་བསྐྱིལ་ས”ཞེས་བྲིས་མྱོང་ལ། “ཕྱི་མིག་གི་མཛེས་སྡུག་ཡོད་ཚད་ཆུ་མིག་བཞིན་གཡའ་དག་ཅིང/ཆུ་མིག་བཞིན་གཡའ་དག་པའི་ཡུལ་མི་དག་གི་སྨོན་འདུན་རེ་རེ/ནམ་ཡང་། བདག་གི་སྙིང་ཁོང་དུ/མར་མེ་བཞིན་དྲོད་ཀྱིས་འཕྱོ་བ་དྲན་ན/ཕ་ཡུལ་ནི་ནམ་ཡང་ཧ་ཅང་ཐག་ཉེ་ཞིག་ཏུ/ཡང་ན། ཕ་ཡུལ་ནི་ནམ་ཡང་བདག་གི་ཁྱིམ་མཚེས་ཡིན་འདྲ”ལྟ་བུའི་ཚིག་གིས་ཕ་ཡུལ་དང་ངེད་གཉིས་ཀྱི་བར་ཐག་དམ་དུ་སྦྲེལ་མྱོང་། ཡང་ན། ཕ་ཡུལ་ནི་འདོགས་ཐག་གོ་ཞེས་པའི་གོ་བ་ལེན་སྟངས་གཞན་ཞིག་ཨེ་ཡིན་ནམ།


    གསར་འགོད་པ། ཁྱེད་རང་གི་སྙན་ངག་གསར་རྩོམ་ཐད་ཤུགས་རྐྱེན་ཐེབས་མྱོང་མཁན་གྱི་རྩོམ་པ་པོ་དང་སྙན་ངག་པ་སུ་སུ་ཡོད།


    འབྲོང་ཕྲུག ང་རང་རྩོམ་རིག་གི་ལམ་བུར་ཞུགས་པ་ནས་ད་ལྟའི་བར་དུ་ང་ལ་ཤུགས་རྐྱེན་ཐེབས་མྱོང་བའི་རྩོམ་པ་པོ་དང་སྙན་ངག་པ་བགྲང་ལས་འདས་པ་ཞིག་བྱུང་མྱོང་ནའང་། རྒྱའི་རྩོམ་པ་པོ་ཡུས་ཧྭ་ཡིས“རྩོམ་པ་པོ་ཞིག་གིས་རྩོམ་པ་པོ་ཞིག་ལ་ཐེབས་པའི་ཤུགས་རྐྱེན་ནི་ཉི་འོད་ཀྱིས་ལྗོན་པར་ཐེབས་པའི་ཤུགས་རྐྱེན་ལྟ་བུའི་གནས་ལུགས་ཤིག་སྟེ། གལ་ཆེ་བོ་ནི་ལྗོན་པས་ཉི་འོད་དང་ལེན་བྱེད་དུས་སུ། ལྗོན་པ་བཞིན་སྐྱེས་འཚར་འབྱུང་རྒྱུ་ལས། ཉི་འོད་ལྟར་སྐྱེས་འཚར་འབྱུང་རྒྱུ་དེ་མ་ཡིན”ཟེར་བ་ནང་བཞིན། ངས་ང་རང་ཉིད་ཀྱི་ཡིན་ཞིང་ངས་ང་རང་ཉིད་ལ་འཚམ་པའི་རྩོམ་གཤིས་ཤིག་ལ་བརྩོན་པའི་བར་སྐབས་དེ་དག་ཏུ། རྩོམ་པ་པོ་དང་སྙན་ངག་པ་མང་ཤས་ཤིག་རིམ་གྱིས་ངའི་དད་རྟེན་དང་རྒྱང་དུ་གྱེས་ཤིང་། མང་ཤས་ཤིག་ད་དུང་ཡང་ངའི་སེམས་ཀྱི་ཟབ་སར་བསྐུངས་ཡོད།


    དེ་བཞིན་དུ། ངས་ཐོག་མར་སྙན་ངག་འབྲི་སྦྱོང་གི་སྐབས་སུ། ང་རང་ཆེས་དགའ་བའི་སྙན་ངག་པ་ནི་གཅན་མེ་སྟག་དང་འབར་རྡེའུ་གཉིས་ཡིན་ལ། ང་རང་ཁོ་གཉིས་ཀྱི་བརྩམས་ཆོས་བཀླག་རྒྱུར་ཧ་ཅང་དགའ་བོ་ཡོད་པ་དང་། ཁོ་གཉིས་ཀྱི་སྙན་ངག་ལ་ལད་འབྲིའི་དུས་སྐབས་ཀྱང་བྱུང་མྱོང་། ཡིན་ནའང་། དེས་ནི་ངའི་སྙན་ངག་གི་རྩོམ་འབྲིའི་དགའ་ཕྱོགས་འཕེལ་བ་ཙམ་ལས། ང་ལ་ཁོ་གཉིས་ཀྱི་སུའི་རྩོམ་གཤིས་ཀྱང་ལོབས་མ་སོང་། རྗེས་སུ། ན་གཞོན་སྙན་ངག་པ་ཆར་རྗེས་ཀྱི་ཤྭ་མོ་ལྟར་བརྡོལ་ཡོང་བའི་བར་སྐབས་ཤིག་ལ་ཁེལ་ཞིང་། དེ་དག་ལས་མང་ཤས་ཤིག་རྩོམ་གྲོགས་ནས་ཆང་གྲོགས་སུ་གྱུར་པ་དང་བསྟུན་ནས། ང་དགའ་སའི་གཞོན་སྐྱེས་སྙན་ངག་པའང་རེ་གཉིས་བྱུང་ཞིང་། ལྷག་པར་མི་རབས་གསུམ་པའི་གྲོགས་པོ་ཚོས་ང་ལ་མུ་མཐུད་དུ་སྙན་ངག་འབྲི་བའི་སྤོབས་པ་དང་ཡིད་ཆེས་སྦྱིན་མྱོང་བ་ནམ་ཡང་བརྗེད་དུ་མེད།


    གསར་འགོད་པ། ཁྱེད་ནི་ལོ་རབས་བདུན་ཅུའི་རྗེས་སུ་གཏོགས་པའི་ན་གཞོན་སྙན་ངག་པ་ཞིག་རེད། རང་དང་ན་མཉམ་པའི་སྙན་ངག་པའི་དཔུང་སྡེ་འདིར་ལྟ་ཚུལ་ཅི་འདྲ་བཟུང་ཡོད།


    འབྲོང་ཕྲུག ན་ཚོད་འདིའི་ཁྲོད་ཀྱི་སྙན་ངག་པ་དག་ནི་དུས་རབས་སྔུན་མའི་ལོ་རབས་དགུ་བཅུ་པའི་མཇུག་དང་དུས་རབས་འདིའི་དུས་མགོར་བོད་ཀྱི་རྩོམ་སྟེགས་སུ་བུད་པ་ཡིན་པས། བོད་ཀྱི་སྙན་ངག་གི་ཚ་རླབས་ཆེས་ཆེར་འཕེལ་གྱིན་པའི་དུས་སྐབས་ཤིག་ལ་ཁེལ་ཡོད་པ་རེད།དེ་བས། མི་རབས་འདི་ནི་སྙན་ངག་འབྲི་མཁན་ཧ་ཅང་མང་ཞིང་སྙན་ངག་གི་གྲུབ་འབྲས་ཧ་ཅང་ལེགས་ལ། སྙན་ངག་གི་གྲུབ་མཐའ་དང་ཚོགས་པ། རྩོམ་ཐབས་སོགས་ཀྱང་སྣ་མང་གི་དུས་སྐབས་ཤིག་ལ་ཁེལ་བ་རེད།


    ཨ་རིའི་སྲིད་འཛིན་ཞིག་གིས“སྒྱུ་རྩལ་ནི་མི་རབས་གསུམ་པ་བའི་འགན་ཁུར་རེད”ཟེར་བ་ནང་བཞིན། ང་ཚོ་བོད་ཀྱི་སྙན་ངག་ལ་མཚོན་ནས་བཤད་ནའང་མི་རབས་དང་པོ་པས་དེང་རབས་སྙན་ངག་གི་སྲོལ་ཕྱེས་ཤིང་། མི་རབས་བར་མ་བས་དེང་རབས་སྙན་ངག་གི་རྒྱུད་སྤེལ་བ་ཡིན་པས་ན། མི་རབས་འདིའི་ཕྲག་ཏུ་བབས་པ་ནི་དེང་རབས་སྙན་ངག་གི་སྒྱུ་རྩལ་འཚོལ་སྙེག་བྱ་རྒྱུ་དེ་ཡིན་པ་ནི་ཁ་ཚ་དགོས་གཏུགས་སུ་སྣང་ལ། བཤོལ་མེད་ཀྱི་འགན་འཁྲི་ཞིག་ཏུའང་འདུག དེ་ལ་ངས་མང་པོ་སྨྲ་བར་མི་བཏུབ་སྟེ། སྐྱབས་ཆེན་བདེ་གྲོལ་གྱིས“དུས་ལ་བབས་པའི་སྐད་ཆ”སོགས《སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ》རུ་རྒྱས་པར་བཀོད་ཡོད་པ་དེ་ལས་ལྷག་པ་ཅི་ཞིག་བཤད་ཨང་།


    གསར་འགོད་པ། ཁྱེད་ཀྱི་ཆུང་མའང་སྙན་ངག་འབྲི་མཁན་ཞིག་རེད། ཁྱེད་ཀྱིས་བུད་མེད་ཀྱི་སྙན་ངག་ལ་ཇི་ལྟར་བལྟ།


    འབྲོང་ཕྲུག དྲི་བ་འདིར་ཀློག་མཁན་དང་སྨྱན་བྱེད་མང་པོས་ཡིད་འཇོག་བྱེད་ཀྱིན་འདུག དེ་བཞིན་དུ་ངས་ཀྱང་རང་གི་ཁམས་དང་བསྟུན་ནས་དྲིས་ལན་བཏབ་མྱོང་། གཞན་གྱིས་ངའི་ཆུང་མ་སྙན་ངག་པ་རེད་ཅེ་ན་ང་རང་ཧ་ཅང་དགའ་བོ་ཡོད་ལ། ཁོ་མོས་འཚོ་བ་དང་སློབ་ཁྲིད་ཀྱི་ཞར་དང་ཞོར་དུའང་སྙན་ངག་མང་པོ་རྩོམ་གྲུབ་བྱུང་བ་མཐོང་ན་བླ་ལྷག་གིས་དགའ་བོ་ཡོད་དེ། ཁོ་མོའི་རྩོམ་འབྲིའི་དགའ་ཕྱོགས་འདིར་རང་ནུས་ཀྱིས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད།


    བོད་ཀྱི་བུད་མེད་སྙན་ངག་པ་ཞེ་ན་ཅུང་རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། བུད་མེད་ཀྱི་རྩོམ་རིག་ནི་བུད་མེད་རྩོམ་པ་པོས་བུད་མེད་ཀྱི་ལུས་རྟེན་དང་ཁྱད་གཤིས། འདུ་ཤེས་གཙོ་སྙིང་དུ་བཟུང་ནས་བྲིས་པའི་རྩོམ་རིག་ལ་གོ་བ་ཡིན་ཚེ། དེ་ལ་བུད་མེད་ཀྱི་འཚོ་གནས་གནད་དོན་དང་བུད་མེད་ཀྱི་སེམས་ཁམས་ཁྱད་ཆོས། བུད་མེད་ཀྱི་ཚེ་སྲོག་རིན་ཐང་། བུད་མེད་ཀྱི་མཛེས་དཔྱོད་ལྟ་བ་ལ་སོགས་སྣ་མང་རྙོག་འཛིང་ཞིག་ཡིན་པས། ངས་དེའི་སྐོར་ལ་ཞིབ་འཇུག་དང་བརྟག་དཔྱད་ཅི་ཡང་བྱས་མ་མྱོང་ལ། གནས་སྐབས་ཀྱིས་ང་ལ་འདི་ཡིན་གན་ཡིན་གྱི་ལན་གསལ་བོ་ཞིག་གདབ་རྒྱུའང་མེད་མོད། བདེ་སྐྱིད་སྒྲོལ་མ་དང་འཆི་མེད་གཉིས་ཀྱིས་མཚོན་པའི་བུད་མེད་སྙན་ངག་པ་རེ་འགའི་སྙན་ངག་བཀླག་རྒྱུར་ཧ་ཅང་དགའ་བོ་ཡོད། དེ་ནི་ཁོ་མོ་ཚོའི་བརྩམས་ཆོས་ཀྱི་ཁྲོད་ན་བུད་མེད་ཁོ་ནའི་ཡིན་པའི་གསང་བའི་འཇིག་རྟེན་ཞིག་བསྐུངས་ཡོད་པས་རེད་ལ། གསང་བའི་འཇིག་རྟེན་དེར་འགྲིམ་པས་གསང་བ་གཞན་ཞིག་གི་སྒོའང་ཞོར་དུ་ཕྱེས་ཡོང་བས་ཀྱང་རེད།


    ལྷག་པར་དུ། ཉེ་བའི་དུས་སུ་པར་སྐྲུན་བྱས་པའི《བཞོ་ལུང》དང《བུད་མེད་སྙན་ངག་པ་བཅོ་ལྔ》 《བུད་མེད་རྩོམ་པ་པོའི་དཔེ་ཚོགས》སོགས་སུ་མ་བཀླགས་ཚད་མེད་ཀྱི་བརྩམས་ཆོས་མང་པོ་མཐོང་རྒྱུ་ཡོད་པར་མ་ཟད། བརྩམས་ཆོས་དེ་དག་ཏུ་བུད་མེད་ཀྱི་ལུས་རྟེན་རྨང་བྱས་ཐོག བུད་མེད་ཀྱི་ཁེ་དབང་དང་བུད་མེད་ཀྱི་བདེ་སྡུག བུད་མེད་ཀྱི་བརྩེ་དུང་། བུད་མེད་ཀྱི་སེམས་འགྱུ་ལ་སོགས་གཙོ་སྙིང་ཡིན་པའི“ན་ཟུག”རབས་དང་རིམ་པ་མཐོང་རྒྱུ་ཡོད་པ་ནི་ཧ་ཅང་དགའ་འོས་པའི་དོན་ཞིག་རེད་སྙམ་བྱུང་། དེ་མ་ཡིན་པར། བཀླགས་པ་ཙམ་གྱིས་བུད་མེད་དང་སྐྱེས་པ་གང་ཞིག་གིས་བྲིས་པའང་མི་ཤེས་པའི་བརྩམས་ཆོས་དེ་དག་ལ་བུད་མེད་ཀྱི་སྙན་ངག་ཅེས་པའི་མིང་དེ་གདགས་སུ་འོས་མིན་མི་ཤེས་པར་འདུག


    གསར་འགོད་པ། མཇུག་མཐར་རང་གི་ཀློག་མཁན་རྣམས་ལ་སྐད་ཆ་ཚིག་འགའ་བཤད་དེ་བདེ་མོ་བཞག་ན་ཅི་འདྲ།


    འབྲོང་ཕྲུག ངས་བཤད་མྱོང་། ང་ལ་གཞན་སུ་ཞིག་ལ་རྩོམ་རིག་དང་འཚོ་བ་གླེང་བའི་ཡོན་ཚད་དེ་འདྲ་ཞིག་མི་འདུག་མོད། ང་རང་ཉིད་ཀྱི་ཉམས་མྱོང་ལྟར་ན། སྙན་ངག་འབྲི་བ་ནི་རྟ་རྒོད་ཅིག་ལ་ཁ་ལོ་བཏུལ་བའི་གོ་རིམ་དེ་རེད་ལ། སྙན་ངག་གི་ཚོར་བ་ལྷོག་ལྷོག་ཏུ་འཕྱོ་བ་ནི་རྟ་རྒོད་ལ་ཁ་ལོ་མ་བཏུལ་གོང་གི་བསླུ་བྲིད་རྡོག་རྡོག་པོ་དེ་དང་། ཚོར་བ་ཚིག་ཏུ་སྒྲིག་པའི་བར་སྐབས་དེ་ནི་རྟ་རྒོད་ལ་ཁ་ལོ་བཏུལ་སྐབས་ཀྱི་ངར་ཤུགས་ཆེ་ཆེ་བོ་དེ་དང་། སྙན་ངག་གྲུབ་རྗེས་ཀྱི་ཚོར་བ་ནི་རྟ་རྒོད་ལ་ཁ་ལོ་བཏུལ་རྗེས་ཀྱི་སྤྲོ་སྣང་སོབ་སོབ་པོ་དེ་དང་འདྲ་སྟེ། ད་ནི་ས་བྱང་ལམ་རིང་མོ་ཇི་ལྟར་གཅོད་ན་རང་གི་ལག་ཏུ་ཡོད་པ་དང་འདྲ་བར། ཁེ་གྲགས་གང་མང་ཞིག་ཀྱང་ཞར་དང་ཞོར་གྱིས་དྲུད་ཡོང་གིན་འདུག


    གང་ལྟར། ཆེས་ཕུལ་དུ་བྱུང་བའི་སྙན་ངག་ནི་འཚོ་བའི་ནང་དུ་ཡོད་ཅིང་། ཆེས་ཕུལ་དུ་བྱུང་བའི་སྙན་ངག་པའང་ང་ཚོའི་ཉེ་གམ་དུ་ཡོད་པ་སྟེ། ཡིན་རྒྱུ་ནི་དྲན་རིག་རྒོད་ཅིང་ལས་ཚེགས་ཡངས་ལ། ལག་སྔ་རྩོད་མཁན་དེ་དག་གིས་སྔུན་ལ་མཐོང་བ་དང་སྔུན་ལ་ཚོ་བསམ་པ། སྔུན་ལ་བྲིས་པ་དེ་ཙམ་རེད། དེ་བས། ངས་ངའི་ཀློག་མཁན་རྣམས་ལ་བརྗོད་འདོད་པ་ནི། ང་ལ་མཚོན་ན། སྒྲུང་གཏམ་ལ་འཚོ་བ་གཙོ་ཞིང་། སྙན་ངག་ལ་ཚོར་བ་གཙོ་ལ། དེ་གཉིས་ཀར་བདེན་པ་གཙོ་བ་དེ་ཙམ་མོ། །


   མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས15པ།2015·07·24།  


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།