སྙན་ངག《ཕ་དང་མ》ལ་དཔྱད་པ།

          ཁོ་བོས་བདེ་སྐྱིད་སྒྲོལ་མས་བརྩམས་པའི་སྙན་དེབ《རྩྭ་ཐང་གི་བརྩེ་བ》ཞེས་པ་དེ་བམ་ཀློག་ཙམ་བྱས་ཏེ་དྲན་འཆར་སྣ་ཚོགས་དང་ལྷན་དུ་ངལ་གསོ་བགྱིས་ལ། ངའི་བློ་ངོར་བག་ཆགས་ཆེས་ཆེ་བ་ནི《ཐོག་མའི་བརྩེ་དུངས་ཀྱི་འདུ་བྲལ》དང《ཕ་དང་མ》ཞེས་པའི་སྙན་ངག་དེ་གཉིས་རེད། སྙན་ངག་ཆེད་དེབ་དེའི་ཁ་ཡང་བསྐྱར་ཕྱེ་སྟེ་ཞིབ་མོར་ཉམས་སུ་མྱངས་པ་ན། ནམ་ཡང་མི་ནུབ་པའི་སྙན་ངག་གི་སྲོག་བརྟན་པོ་ཞིག་བརྩེ་དུངས་ཀྱིས་ཕྱུག་པར་འདུག་པས། བདག་གི་ཐོག་མའི་དྲན་འཆར་དེ་དག་ཀྱང་ཡུད་ཙམ་ལ་སྨྲ་བསམ་བརྗོད་མེད་དུ་གྱུར་སོང་།

            སྙན་ངག་པའི་སེམས་འགྱུ་དེ་ནམ་ཡང་བསམ་ཤེས་ཀྱི་ཀློང་ཐང་ཡངས་པོ་ནས་ཚོར་ཤེས་ཀྱི་མེ་རི་དགུང་དུ་འཕྱུར་བཞིན་པ་ལྟ་བུ་ཞིག་ཡིན་སྲིད་དེ། ཕ་དང་མ་རུ་གྱུར་པ་ནས་རྒས་ཤིང་འཁོགས་པར་གྱུར་པའི་བར་གྱི་ཕ་མའི་དངོས་ཡོད་ཀྱི་སྣང་ཚུལ་ཞིག་མི་ཆོས་ཀུན་སྤྱོད་དང་སྦྱར་ཏེ《ཕ་དང་མ》ཞེས་པའི་སྙན་ཚིག་ཤོ་ལོ་ཀ་བཅུ་གཉིས་སུ་བསྡུས་པ་ནི་བརྟགས་པ་སྔོན་སོང་གི་བསམ་ཤེས་ལས་ཚོར་སྐྱེན་གྱི་མེ་རི་འཕྱུར་པ་མ་ཡིན་ནམ། ལར་སྙན་ངག་པ་ནི་ལྷན་སྐྱེས་ཀྱིས་ཚོར་བ་སྐྱེན་པོ་དང་འཆར་སྒོ་ཡངས་པོ་ཡོད་པར་མ་ཟད། མི་ཆོས་ཀུན་སྤྱོད་ཀྱི་བློ་སྦྱོང་ལེགས་པོ་ཡོད་པ་ཞིག་ཀྱང་ཡིན་དགོས་ཏེ། ཇི་སྐད་དུ། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མ་མེད། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་གསུངས་པ་ལྟར། ངེད་ཅག་གིས་ཚིག་སྙན་པ་ཙམ་གྱིས་སྙན་ངག་ཏུ་བརྩི་བ་ནི་དོན་མེད་ཚིག་སྤྱི་བྱིས་པའི་གནའ་གཏམ་དུ་གྱུར་པའི་དཔེ་རུ་འགྲོ་ཞིང་། སྙན་ངག་ཅེས་པའི་ངག་གི་དོན་ནི་ལུང་དུ་སྟོན་པ་ལ་གོ་བ་ལས། ཁུ་བྱུག་གི་སྐད་སྙན་ལྟར་དུ་གྱུར་ན་མི་འགྲིག་པས། 《ཕ་དང་མ》རུ

            “ངའི་ཡབ་ཆེན་ལགས། ཡུམ་ཆེན་ཨང”ཞེས་པ་ལྟ་བུ་གཟས་ནས་ཚིག་མ་བསྒྲུགས་ཤིང་། ཤིང་སྐམ་ལོ་མར་ཚོན་རྩི་བྱུགས་པའང་མ་ཡིན་པར།དྲིན་གཟོའི་འདུ་ཤེས་ཞོ་ལྟར་ཆགས་པ་ཞིག་བག་ལ་ཞ་བའི་སྒོ་ནས་བབ་ཆགས་པའི་ཞིབ་བརྗོད་ཀྱི་ཚིག་སྣ་བསྙུངས་ཏེ་ཕ་མའི་མཛད་སྤྱོད་གཅིག་བསྡུས་ཀྱིས་ཀློག་པ་པོ་རྣམ་པའི་མིག་མདུན་དུ་སྣང་རྒྱུ་ཡོད་པར་བྱས་པ་ནི་ཚད་མཐོ་བའི་སྒྱུ་རྩལ་གྱི་ཉིང་དགོས་ཤིག་རེད།

           སྙན་ངག་ནི་ཆུ་མིག་རང་བརྡོལ་ལྟ་བུའི་ཚོར་འདུ་ཤུགས་དྲག་པོ་ཞིག་ཡིན་ཟེར་ནའང་འདྲ་ལ། ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པ་ཞིག་ཡིན་ཟེར་ནའང་འདྲ། གང་ལྟར་སྙན་ངག་མཚན་ཉིད་ཚང་བ་ཞིག་ཡིན་ཚེ། ཚོར་འདུ་ཤུགས་དྲག་པ་དང་གཅིག་བསྡུས་ཀྱི་རང་བཞིན་ལྡན་པའི་ཁར། རྗོད་བྱེད་བབ་ཆགས་པོར་དགོངས་པ་ལེགས་པོ་སིམ་ཡོད་པ་ཞིག་ཡིན་ངེས་ཏེ། རྡོ་སྦིས་དགེ་བཤེས་ཚང་གིས། “ཚིག་ཡག་པ་གསེར་གྱི་བུམ་བཟང་ལ། །དོན་བཟང་བོ་གངས་སེང་འོ་མས་བལྟམས། །”ཞེས་གསུངས་པ་ཇི་བཞིན་འཁྱོངས་ན་ཤིན་ཏུ་ལེགས་སོ་སྙམ་ལ། སྙན་ངག《ཕ་དང་མ》རུ་རྩོམ་པ་པོ་རང་ཉིད་ཁོ་ནའི་བདེ་སྡུག་དང་ཆགས་སྡང་ཙམ་ལས་རིང་དུ་བརྒལ་ཏེ་འགྲོ་བ་མི་སྤྱི་ལ་ཁྱབ་པའི་དྲིན་བྱས་དྲིན་དུ་གོ་དགོས་ཀྱི་བསམ་བློའི་རྩ་བ་དེ་སྙན་ངག་གི་དགོངས་པར་བསྐྲུན་འདུག་པས། སྙན་ངག་གི་བརྩེ་དུངས་བདེན་པ་ཤུགས་དྲག་པོ་ལས་ཀྱང་སྙན་ངག་གི་དགོངས་དོན་དགེ་བ་གྱ་ནོམ་པ་དེ་འབུར་དུ་ཐོན་ཡོད་སྟབས། སྙན་ངག་གི་རིན་ཐང་མཛེས་སྡུག་ལྡན་པ་དེ་ནི་ནམ་ཡང་ལྷམ་མེ་ལྷན་ནེ་ལྷང་ངེར་གནས་སྲིད་དོ། །

             དུས་ནི་མི་འགྱུར་མི་ནི་འགྱུར་ཟེར་བའི་དཔེ་ལྟར། གཞོན་རབས་པ་དག་གི་བསམ་བློའི་རྒྱགས་ཕྱེ་འགྱུར་བ་དང་བསྟུན་ནས་ཁོ་རང་ཚོའི་བསམ་པའི་འཁྱེར་སོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་ལ། སྙན་ངག་གི་གོ་བ་ལེན་སྟངས་དང་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ངོས་འཛིན་བཅས་ཀྱང་དེ་ལྟར་དུ་འགྱུར་བཞིན་མཆིས་པས་སྙན་ངག་གཅིག་ལ་གོ་བ་མི་འདྲ་བ་སྣ་ཚོགས་འབྱུང་གིན་ཡོད་པ་ནི་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་པའི་དཔེ་རུ་སོང་ཕྱིར། གཞོན་སྐྱེས་མང་མང་ཞིག་གིས་སྙན་ངག་ནི་ཆེས་མཚར་རོ་ཞིག་ཏུ་བསམས་ཏེ་ཡོད་ཚད་རང་ཉིད་ཀྱི་ཆགས་སྡང་ཁོ་ནའི་སྟེང་དུ་དབབ་པར་བྱེད་ཀྱིན་གདའ་མོད། དོན་དུ་སྙན་ངག་ནི་གོ་བ་དོག་པའི་ལུགས་ལྟར་བྱས་ནའང་། བསམ་བློ་རྒྱ་ཆེ་བ་ཞིག་དང་ནང་དོན་གཏིང་ཟབ་ས་ཞིག་ནས་གཞན་དང་ཚོགས་པའི་བདེ་སྡུག་རང་སྟེང་དུ་ལེན་པའི་འདུ་ཤེས་ཀྱིས་ཀུན་ནས་བསླངས་པའི་ན་ཟུག་ཅིག་ནས་མགོ་གཟུག་དགོས་པ་ལས། སྨྱོན་པའི་སེམས་ཁམས་ཀྱི་དྭངས་འཐིབས་དང་བསྟུན་ནས་ཀུ་ཅོ་རྒྱག་པ་ལྟ་བུའི་སྒོ་ནས་སྙན་ངག་བྲི་བསམ་པ་ནི་ད་དུང་རྒྱང་ཐག་རིང་བའི་གནས་ཤིག་ཏུ་ལུས་པའི་རྟགས་མཚན་དུ་གྱུར་པས། 《ཕ་དང་མ》ལྟ་བུའི་སྙན་ངག་ནི་ན་ནིང་དོ་ཚིགས་ཀྱི་སྙན་ངག་གི་ཁྲོད་ང་ཚོས་ཅིས་ཀྱང་མིག་དཔེ་རུ་འཛིན་འོས་པ་ཞིག་རེད། མི་ཆོས་བླང་དོར་གྱི་ཐད་ནས་བལྟས་ནའང་ཤིན་ཏུ་གསལ་ཏེ། དཔེར་ན། ཚིག་ལོག་མ་གོའི་འོན་པ་མ་ཡིས་བྱས། །བུ་དང་མནའ་མའི་རྩུབ་སྤྱོད་ཕ་ཡིས་བསྲན། ། མལ་སའི་བདེ་འདུག་འདྲི་མཁན་མེད་ན་ཡང་། །ཚ་བོར་གཅེས་འདོད་བུ་ལས་ལྷག་གོ་ཞེས། །ཁོ་ཐག་ཆད་རྒྱུ་མེད་པའི་ཕ་དང་མ། །ཞེས་པ་ལྟ་བུས་ཕ་མ་ལ་བཀུར་བསྟི་མེད་པའི་བུ་དང་མནའ་མར་ཟུར་ཟ་བྱེད་ཞོར་འཁོར་བའི་ཞེན་ཐག་རིང་མོས་བཅིངས་པའི་ཕ་མའི་སེམས་ཁམས་དེ་ནི་མི་ཆོས་བླང་དོར་གྱི་ཐད་ནས་ཡོད་ཚད་ཕངས་མེད་དུ་འབུལ་བའི་མཛད་རྗེས་ཤིག་ཡིན་པ་ཐག་གིས་ཆོད་ལ། དེའི་ཤུགས་སུ་ཟླ་དགུ་ཞག་བཅུར་སྐུ་ལས་གནང་སྟེ་མུན་ནག་ཁམས་ནས་འཇིག་རྟེན་དཀར་ངོགས་སུ་བསུས་ཤིང་། རྩེར་རྩེར་ཟེར་བ་ཙམ་གྱི་ཤ་རྡོག་སྤར་མོ་གང་ནས། སྐམ་པ་བུ་དང་རློན་པ་ཕ་མས་བྱས་ཤིང་། འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད་བཞིན་བསྐྱངས་ནས་ན་ཚོད་དར་ལ་བབ་རྗེས། ཕ་མའི་དྲིན་ལན་གཞལ་དུ་མེད་པ་བསམས་ཏེ་ཞབས་ཏོག་ལེགས་པོ་བསྒྲུབ་དགོས་རྒྱུ་ལ། བུ་དང་མནའ་མས་དེ་ལས་ལྡོག་སྟེ་ཁ་ལོག་ཚིག་ལོག་རྒྱག་པ་སོགས་ནི་འཇིག་རྟེན་མི་ཆོས་དང་གཏིང་འགལ་དུ་སོང་བའི་བྱ་སྤྱོད་ཡ་མ་བརླ་ཞིག་ཡིན་སྟབས། ཚོར་སྐྱེན་གྱིས་ཁྲིད་པའི་སྙན་ངག་པ་ཞིག་ཡིན་ན། དེ་དང་དེའི་རིགས་མཐུན་གྱི་སྣང་ཚུལ་གྱིས་སྙན་ངག་གི་སྨྱུག་ཁ་རང་ཤུགས་སུ་འདྲེན་པར་གདོན་མི་ཟ།

            གཞན་ཡང་སྙན་ངག་དེའི་རྩོམ་ཐབས་ལ་གནའ་དེང་ཟུང་གི་ཁྱད་ཆོས་ལྡན་ཞིང་། ཚིགས་བཅད་ཤོ་ལོ་ཀ་རེར་ཚིག་རྐང་ལྔ་རེ་བྱས་པར་མ་ཟད། སྡེབ་སྦྱོར་དོ་མཉམ་ཞིང་རྗོད་བྱེད་གོ་སླ་བར་བརྟེན་ཏེ་ཚིག་རྐང་རྗེས་མ་དག་གི་མཐར་ཕ་དང་མ་ཞེས་པའི་ཁ་བྱང་དེ་འོས་འགྲིག་གིས་སྦྱར་བ་སོགས་ཀྱང་སྙན་ངག་དེའི་ཁྱད་ཆོས་ལེགས་པོ་ཞིག་ཏུ་འགྲོའོ། །


    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས།15པ།2015·05·01།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།