བློ་འབྱེད་རྩོམ་རིག་གི་སྐོར་རགས་ཙམ་གླེང་བ།

    དང་པོ། བློ་འབྱེད་རྩོམ་རིག་གི་གོ་དོན།

             བློ་འབྱེད་རྩོམ་རིག་ནི་བློ་འབྱེད་ལས་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། བློ་འབྱེད་བསམ་བློ་བས་བློ་འབྱེད་ཀྱི་བསམ་བློ་ཁྱབ་སྒྲོག་བྱེད་པའམ་དམངས་ཡོངས་ལ་སྐུལ་འདེད་བྱེད་པའི་ཡོ་བྱད་དམ་ལག་ཆ་རྣོ་དབལ་དང་ལྡན་པ་ཞིག་ཡིན། དེར་ཆབ་སྲིད་ལ་གཞོལ་ཆེ་ཞིང་གཏན་ཚིགས་ཀྱི་ཆོས་ཉིད་དང་མཐུན་པའི་ཁྱད་ཆོས་མངོན་གསལ་ལྡན་པར་མ་ཟད། དེས་འབྱོར་ལྡན་གྲལ་རིམ་དང་འབངས་མི་ཕལ་བ་དཀྱིལ་སྙིང་དུ་བཟུང་ནས། བློ་འབྱེད་ཀྱི་ཁྱབ་སྒྲོག་ནུས་པ་དང་འཚམ་པའི་གཏན་ཚིགས་རང་བཞིན་གྱི་སྒྲུང་གཏམ་དང་། གྲོང་ཁྱེར་གྱི་འབངས་མིའི་འཚོ་བ་མཚོན་པའི་འཁྲབ་གཞུང་སོགས་རྩོམ་ལུས་གསར་པ་དུ་མ་གསར་གཏོད་གནང་བ་རེད། དེ་ལས་མཚོན་བྱེད་རང་བཞིན་ལྡན་པའི་རྩོམ་མཁན་གྲགས་ཅན་ནི་ཧྥ་རན་སིའི་ཧྥུ་ཨར་ཐེ(伏尔泰) དང་འཇར་མན་གྱི་ཀེ་ཏིག(歌德)སོགས་ཡིན།

གཉིས་པ། བློ་འབྱེད་རྩོམ་རིག་གི་ཁྱད་ཆོས།

        གཅིག ཤུགས་དྲག་པའི་འཐབ་རྩོད་དང་དགག་རྒྱག་རང་བཞིན་ལྡན་ལ་མངོན་གསལ་གྱི་སྲིད་དོན་དཔྱད་བརྗོད་རང་བཞིན་ཡོད་པ།

         བློ་འབྱེད་རྩོམ་མཁན་རྣམས་ཀྱིས་རྩོམ་རིག་ནི་ཡོ་བྱད་དང་ལག་ཆ་ལྟ་བུར་ངོས་འཛིན་གནང་ཞིང་། བརྩམས་ཆོས་ཁྲོད་དུ་མཚན་ཉིད་རིག་པའི་བསམ་བློ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཁྱབ་སྤེལ་དང་། གནམ་བདག་ཆོས་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྙིང་བའི་སྐྱོན་མཚང་དམར་རྗེན་དུ་འདོན་པ། མི་རྣམས་བཀས་བཀོད་རྒྱུད་འཛིན་དང་ཆོས་ཚོགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུ་ཞུགས་པར་སྐུལ་སློང་བྱེད་པའི་ལས་ལ་ཡིད་གཟབ་ཆེན་པོ་བྱེད་པས། སྐབས་འདིར་ཁོ་ཚོའི་གསར་རྩོམ་ལ་འཐབ་རྩོད་རང་བཞིན་དང་དགག་རྒྱག་རང་བཞིན་བླ་ལྷག་ཏུ་ལྡན། དེར་མ་ཟད། ཁོ་ཚོའི་རྗེས་དཔག་གི་བློ་སྟོབས་དང་དོན་དངོས་ཀྱི་འཐབ་འཛིང་དུ་ཞུགས་འདོད་པའི་རེ་སྙེག་དེས་ཀྱང་། བློ་འབྱེད་རྩོམ་རིག་ལ་མངོན་གསལ་གྱི་སྲིད་དོན་དཔྱད་བརྗོད་རང་བཞིན་དང་མི་ཚེའི་གནས་ལུགས་གསལ་སྟོན་གྱི་རིན་ཐང་ལྡན་པར་བྱས་པ་རེད།


    དེ་ལས་བརྩམས་ཆོས་སྐོར་ཞིག་གིས་འོས་ཤིང་འཚམ་པའི་གཏན་ཚིགས་ཀྱི་ལྟ་བ་དང་བརྗོད་གཞི་སོགས་གསར་རྩོམ་གྱི་རྒྱུ་ཆ་དང་སྒྲིག་གཞི། བྱུང་རིམ་གྱི་དཀྱིལ་སྙིང་དུ་བཟུང་ནས་ཕྱོགས་བསྡུས་སྒོས་མཚན་ཉིད་རིག་པ་དང་ཆབ་སྲིད། ཆོས་ལུགས་དང་སློབ་གསོ། ཀུན་སྤྱོད་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱེད་ཅིང་། བརྩམས་ཆོས་རེ་འགས་ཚད་རིམ་ངེས་ཅན་ཞིག་གི་ཁྲོད་དུ་རྩོམ་པ་པོའི་མགྲིན་ཚབ་པར་གྱུར་པའི་མི་སྣ་གཙོ་བོ་ལ་བརྟེན་ནས། དུས་ངེས་མེད་དུ་གཏིང་ཟབ་པའི་གཞུང་ལུགས་ཀྱི་ལྟ་བ་དང་འཆར་སྒོ་འདོན་སྤེལ་བྱེད། ཡང་འགའ་རེས་གཏན་ཚིགས་ཀྱིས་སིམ་པའི་སྒྱུ་རྩལ་གྱི་དཔེ་མཚོན་བཞེང་སྐྲུན་བྱེད་པ་ལ་བློ་ཕྱོགས་ཤིང་། ཕུན་སུམ་ཚོགས་པའི་མི་སྣའི་གཤིས་ཀ་དང་ཚོར་འདུ་ལ་བརྟེན་ནས་གཏན་ཚིགས་ཀྱི་ནང་དོན་ག་གེ་མོ་ཞིག་ཕྱིར་མཚོན་བྱེད་པ་རེད། ཁྱད་ཆོས་འདི་དག་གིས་བློ་འབྱེད་རྩོམ་རིག་སྤྱི་ལ་རྗེས་དཔག་གི་བསམ་བློས་ཕྱུག་པར་བྱས་ཤིང་། ལན་རེར་བློ་འབྱེད་རྩོམ་རིག་དེ་ཉིད“སྣང་བརྙན་ལས་བསམ་བློ་ཚད་མཐོ་བའི”ཕྱོགས་སུ་བསྐྱལ་མེད་པ་ཟད། མི་སྣ་ནི“དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་གདོང་མཆོངས་རོལ་དབྱངས”ལྟ་བུར་བསྐྲུན་པ་རེད།

    གཉིས། སྔོན་དང་བསྡུར་ན་བློ་འབྱེད་རྩོམ་རིག་ལ་ངོ་བོའི་སྟེང་གི་འགྱུར་ལྡོག་བྱུང་བ།

          བློ་འབྱེད་རྩོམ་རིག་གིས་འབྱོར་ལྡན་གྲལ་རིམ་དང་མང་ཚོགས་ཕལ་བ་རྩོམ་གྱི་བརྗོད་བྱར་དྲངས་ཏེ། མི་སྣ་གཙོ་བོ་དང་ཐ་ན་དཔའ་བོའི་སྣང་བརྙན་དུ་འབྲི་བཞེང་བྱས་ཤིང་། ལེགས་འགྲུབ་ལྡན་པའི་སྒོ་ནས་ལོ་པའེ་ཞོན་དང་ལཱ་མའོ་ཡི་ཚ་བོ་བཱའེ་ཐི་དང་ཧྥུ་ཧྲི་ཏིག་སོགས་ཉམས་པ་མེད་པའི་སྒྱུ་རྩལ་གྱི་དཔེ་གཞི་སྐོར་ཞིག་བཞེང་སྐྲུན་བྱས་པ་རེད། དེ་ལས་མི་སྣ་མང་བོ་ཞིག་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིགས་རྟོག་གི་ཤེས་པའི་ཕྱུག་ཅིང་། མིའི་རྣམ་ཤེས་ཀྱི་ནང་རོལ་ཏུ་རྒྱུ་བའི་གནས་ལུགས་དང་བརྩེ་དུང་། བེམ་ཤེས་དང་ཤི་གསོན་སོགས་ལ་འཐམས་པའི་སེམས་ཁམས་ཀྱི་འགལ་འདུ་མང་བོ་ཞིག་ཀྱང་མངོན་པར་བྱས་ལ། རྙོག་འཛིང་ཆེ་ཞིང་ཕུན་སུམ་ཚོགས་པའི་མི་གཤིས་ཀྱི་ནང་སྙིང་དག་ཀྱང་ཕྱིར་མཚོན་བྱས་ཡོད། འདིའི་ཐད་ནས་བལྟས་ན། 《ལཱ་མའོ་ཡི་ཚ་བོ》དང《ཧྥུ་ཧྲི་ཏིག》ལ་ཧེ་ཀོར་དང་མར་ཁི་སི་དང་ཨེན་ཁེ་སི་སོགས་ཀྱིས་ཀྱང་ཚད་མཐོ་བའི་བསྟོད་བསྔགས་དང་གདེང་འཇོག་མཛད་ཡོད།

    གསུམ། རྩོམ་ལུས་ཀྱི་གསར་གཏོད་རང་བཞིན་དང་སྣ་མང་རང་བཞིན།

             བློ་འབྱེད་རྩོམ་མཁན་རྣམས་ཀྱིས་གནའ་རབས་རིང་ལུགས་པས་རྩོམ་ལུས་ལ་མཆོག་དམན་གྱི་དབྱེ་བ་དགར་བའི་བཀག་རྒྱ་གཏོར་ནས། རྩོམ་ལུས་མང་བོ་ཞིག་གསར་གཏོད་གནང་བ་སྟེ། དཔེར་ན། ཉིན་ཐོའི་རྣམ་པ་དང་ཡུལ་སྐོར་ཟིན་ཐོ། རང་རྣམ་དང་ཁ་བརྡ། ཡང་ན་ཡིག་བསྐུར་གྱི་ལམ་ནས་གཏན་ཚིགས་ཀྱི་དོན་སྙིང་ཟབ་པའི་བརྩམས་སྒྲུང་དང་སློབ་གསོའི་བརྩམས་སྒྲུང་། བརྩེ་དུང་སྐོར་གྱི་བརྩམས་སྒྲུང་དང་འཁྲབ་གཞུང་སོགས་མང་དུ་མཛད་ཅིང་། གཞི་རྒྱ་ཆེན་པོའི་ངང་སྒྲུང་གཏམ་དང་སྙན་ངག འཁྲབ་གཞུང་དང་རིག་རྩལ་རང་བཞིན་ཅན་གྱི་སྲིད་དོན་དཔྱད་བརྗོད་སོགས་བེད་སྤྱད་དེ། གནའ་ནས་བཟུང་སྙན་རྩོམ་གྱིས་རྩོམ་རིག་གི་གར་སྟེགས་སྒེར་བཟུང་བྱས་པའི་རྣམ་པ་མཇུག་བསྒྲིལ་ཅིང་། རྩོམ་རིག་ལོ་རྒྱུས་སྟེང་གི་ལྷུག་རྩོམ་གྱི་དུས་རབས་གསར་བའི་སྒོ་མོ་ཡངས་པོར་ཕྱེ་བ་རེད། དེ་དག་ལས་གྲུབ་འབྲས་ཅུང་ཕུལ་དུ་བྱུང་བ་ནི་དབྱིན་ཇིའི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་རིང་དང་ཧྥ་རན་སིའི་གཏན་ཚིགས་རང་བཞིན་ལྡན་པའི་སྒྲུང་གཏམ་གཉིས་ཡིན།

གསུམ་པ། སྒྱུ་རྩལ་གྱི་ཚད་བཀག

         བློ་འབྱེད་རྩོམ་རིག་གིས་ཚད་རིམ་ངེས་ཅན་ཞིག་ནས་དུས་རབས་དང་རྒྱལ་ཁབ་སོ་སོར་ཤུགས་རྐྱེན་མི་དམན་པ་བཞག་སྟེ། གྲུབ་འབྲས་ཀྱང་འོས་འཚམ་ཞིག་བླངས་ཡོད་པ་ཡིན་མོད། འོན་ཀྱང་དེ་ལ་ཡང་ལྟོས་བཅས་ཀྱིས་མི་འདང་སའམ་ཞན་ཆ་ཡོད་པར་འདོད། བརྩམས་ཆོས་ཁྲོད་ཀྱི་མི་སྣ་དོན་སྤྱི་ཅན་དང་སྤྱི་འགྲོས་ཅན་དུ་མངོན་ལ། ལྷག་པར་མི་སྣའི་གཤིས་ཀ་འབྲི་བཞེང་བྱས་པ་མངོན་གསལ་གཟབ་རྒྱས་མིན་ཞིང་བདེན་སྣང་ཅན་དུ་གྲུབ་མེད། དེར་མ་ཟད། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་ནམ་ཡང་རྩོམ་པ་པོའི་མགྲིན་ཚབ་པ་ལྟ་བུར་གྲུབ་ཅིང་། མི་སྣ་ཕན་ཚུན་བར་གྱི་གླེང་མོལ་ཡང་རྣམ་དཔྱོད་ཅན་གཉིས་ཀྱིས་བློ་རིག་འགྲན་པ་དང་འདྲ་བར། མངོན་ཆུང་དང་བབ་ཆགས་ཀྱི་རང་བཞིན་མེད་ཅིང་དོན་དངོས་ཀྱིས་ཆ་ལས་ཡན་གར་བ་ཞིག་ཏུ་གྱུར་པ་ལྟར་སྣང་།

   བཞི་པ། བློ་འབྱེད་རྩོམ་རིག་གི་ཡན་ལག་ཏུ་གྱུར་པའི་སྐྱོ་སྣང་རིང་ལུགས་ཀྱི་རྩོམ་རིག

            སྐྱོ་སྣང་རིང་ལུགས་ཀྱི་རྩོམ་རིག་ནི་དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ལ་ཡོ་རོབ་གླིང་གི་འབྱོར་ལྡན་གྲལ་རིམ་གྱི་ལས་འགུལ་ཁྲོད་དུ་བྱུང་བའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་ཞིང་།ཐོག་མར་དབྱིན་ཇི་ནས་དར་ཏེ་དེ་གའི་རྩོམ་པ་པོ་གྲགས་ཅན་ལའོ་ལོན་སི་སི་ཐི་ཨན་གྱིས《སྐྱོ་སྣང་གི་འགྲུལ་བཞུད》ཅེས་པ་བརྩམས་པ་ལས་མིང་དེ་ལྟར་ཐོགས་པ་རེད། སྐྱོ་སྣང་རིང་ལུགས་ཀྱི་རྩོམ་རིག་གིས་ནང་སེམས་ཀྱི་མྱོང་ཚོར་ཕྱིར་མཚོན་བྱེད་པ་ལ་དང་དོད་ཆེན་པོ་བྱེད་ཅིང་། མི་སྒེར་གྱི་བརྩེ་དུང་ལྷུག་བརྗོད་བྱེད་པར་སྐུལ་སློང་བྱས་ཏེ། རང་བྱུང་ཁམས་ཀྱི་ལྗོངས་དངོས་དང་ཡིད་མུག་པའི་ཁོར་ཡུག རྐྱེན་ངན་ལ་འཕྲད་པའི་མི་སྣའི་ལས་དབང་བརྗོད་པ་བརྒྱུད་ནས་དངོས་ཡོད་ཀྱི་འཚོ་བར་ཡིད་ཐང་ཆད་པའི་རྣམ་འགྱུར་མངོན། སྤྱིའི་ཆ་ནས་དེ་ལ་རྔམས་མཐུག་པོའི་སྐྱོ་སྣང་གི་དབྱངས་འགྲོས་ཀྱིས་ཕྱུག་པར་མ་ཟད། འབྲི་སྟངས་ཐད་འབོད་པའི་ཐ་སྙད་དང་པོ་བཀོལ་བ་ཅུང་མང་། དབྱིན་ཇིའི་སི་ཐི་ཨན་དང་ཧྥ་རན་སིའི་ལུ་སའོ་སོགས་ནི་ལུགས་འདིའི་ཚབ་བྱེད་རྩོམ་པ་པོ་ཡིན་ལ། སྐྱོ་སྣང་རིང་ལུགས་ཀྱི་རྩོམ་རིག་གི་རྗེས་སུ་འཕེལ་རྒྱས་བྱུང་བའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད། །


   མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས15པ།2015·04·24།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།