གླུ་ཚིག་གསར་རྩོམ་སྐོར་གླེང་བ།

           སྤྱིར་གླུ་ཚིག་ནི་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་། རྩོམ་པ་པོ་འདི་དང་དེ་ཡིན་ཞེས་སྟོན་རྒྱུ་མེད། དེ་ནི་དམངས་ཁྲོད་གླུ་ཚིག་ལ་མི་སྒེར་གྱི་རྩོམ་པ་པོ་མེད་པའི་རྒྱུ་མཚན་མ་ཡིན་ཏེ། གླུ་ཚིག་གསར་རྩོམ་པ་གང་རུང་ཞིག་གིས་ངག་ཐོག་ནས་བརྩམས་པའི་གླུ་ཚིག་དམངས་ཁྲོད་དུ་ཁྱབ་པ་དང་། མི་དམངས་མང་ཚོགས་ཀྱིས་དེ་ལ་རིམ་བཞིན་བསྒྱུར་བཅོས་དང་ཁ་སྣོན་གྱིས་ཇེ་ལེགས་ཇེ་བཟང་དུ་བཏང་བས་དམང་ཁྲོད་རང་བཞིན་ཅན་གྱི་རྩོམ་རིག་གམ་ངག་ཐོག་གི་རྩོམ་རིག་ཏུ་གྲུབ་པ་རེད། ཡིན་ནའང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་བཟུང་བོད་ཀྱི་གླུ་ཚིག་དེ་གཙོ་བོ་རྩོམ་པ་པོ་སྒེར་ལ་དབང་བའི་ཡིག་ཐོག་རྩོམ་རིག་གི་རྣམ་པ་ཞིག་ཏུ་ཆགས་པ་དང་། ལྷག་པར་ཉེ་བའི་ལོ་ངོ་ཉི་ཤུ་ལྷག་གི་རིང་བོད་ཀྱི་ས་གནས་སོ་སོར་གླུ་བ་དང་གླུ་མ་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་མང་དུ་བྱུང་ཞིང་། རྡུང་ལེན་སྒྱུ་རྩལ་དང་དེང་རབས་གླུ་གཞས་སྐོར་གྱི་འོད་སྡེར་འབོར་ཆེན་ཞིག་འགྲེམ་སྤེལ་བྱས་དང་བྱེད་བཞིན་འདུག ཡིན་ནའང་། འོད་སྡེར་དེ་དག་འདོན་སྤེལ་བྱེད་མཁན་གྱི་གླུ་བ་གླུ་མ་དག་ལས་མིང་དུ་གྲགས་སོང་བ་དང་། བོད་ཀྱི་གླུ་དབྱངས་སྒྱུ་རྩལ་ལ་བྱས་རྗེས་འཇོག་ཐུབ་པ། བོད་རིགས་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད། དེང་སྐབས་འགྲེམ་སྤེལ་བྱེད་བཞིན་པའི་འོད་སྡེར་དེ་དག་ཕལ་མོ་ཆེ་མགོ་ནས་མཇུག་བར་ཐེངས་གཅིག་ལའང་ཞིབ་ཏུ་ཉན་འདོད་དང་ལྟ་འདོད་མི་སྐྱེ་བས། གནས་ཚུལ་འདི་དག་ནི་ང་ཚོས་ངེས་པར་དཔྱད་སྡུར་བྱེད་དགོས་པའི་གནད་དོན་ཞིག་རེད། སྤྱིར་གླུ་དབྱངས་སྒྱུ་རྩལ་ནི་གླུ་ཚིག་དང་དབྱངས་རྟ་གཉིས་ཀྱིས་གྲུབ་པའི་སྒྱུ་རྩལ་ཁྱད་པར་བ་ཞིག་དང་། རྩོམ་རིག་དང་གདངས་དབྱངས་རིག་པ་གཉིས་འབྲེལ་བའི་སྣ་འཛོམས་སྒྱུ་རྩལ་ཞིག་ཡིན་པ་རེད། གླུ་དབྱངས་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་ན་གླུ་ཚིག་དང་། དབྱངས་རྟ། གླུ་ཚིག་དང་དབྱངས་རྟ་བར་གྱི་འབྲེལ་བ་བཅས་ཕྱོགས་གསུམ་ནས་དབྱེ་ཞིབ་བྱེད་དགོས། དེའི་ཕྱིར་འདིར་ཆེད་དུ་གླུ་ཚིག་གི་ངོ་བོ་དང་གསར་རྩོམ་སྐོར་ནས་བསམ་ཚུལ་འགའ་རིགས་མཐུན་གྲོགས་པོ་རྣམས་ཀྱི་སྤྱན་སྔར་གྲོས་སྡུར་གྱི་ཚུལ་དུ་འབུལ་བར་འདོད།

    དང་པོ། གླུ་ཚིག་གི་ངོ་བོ་མདོར་གླེང་བ།

             སྤྱིར་གླུ་ནི་སྙན་ངག་གི་མགོ་ཁུངས་ཡིན་ཞིང་། གདོད་མའི་དུས་སུ་གླུ་དང་སྙན་ངག་གཉིས་ངོ་བོ་གཅིག་ཡིན་མོད། མིའི་རིགས་ཀྱི་ཤེས་རིག་གི་གོང་འཕེལ་དང་བསྟུན་ནས་རིམ་བཞིན་གླུ་དང་སྙན་ངག་གཉིས་སོ་སོར་གྱེས་པ་ཞིག་སྟེ། དབྱངས་སུ་གྱེར་ཆོག་པའི་སྙན་ངག་ནི་གླུ་ཚིག་ཏུ་གྱུར། དེའི་ཕྱིར་གླུ་ཚིག་ཡིན་ན་སྙན་ངག་ཡིན་ངེས་ཀྱང་། སྙན་ངག་ཡིན་ན་གླུ་ཚིག་ཡིན་པའི་ངེས་པ་མེད། གླུ་ཚིག་ནི་རྩོམ་རིག་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་པ་དང་། སྙན་ངག་གི་ཁྱད་ཆོས་ཡོངས་སུ་འཛོམས་ཤིང་། སྙན་ངག་སོགས་རྩོམ་རིག་གི་རིགས་གཞན་དག་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྷག་མ་འགའ་ཞིག་དང་ལྡན་པ་སྟེ། གླུ་ཚིག་ནི་སྙན་ངག་ལྟར་རྒྱན་ཇི་ཙམ་མཛེས་པ་དང་། ཚིག་སྦྱོར་ཇི་ཙམ་སྙན་པ། ནང་དོན་ཇི་ལྟར་ཟབ་པ། རྟོག་འཆར་ཇི་ཙམ་རྒོད་པ། རྩོམ་པ་པོའི་ཚོར་འདུ་ཤུགས་དྲག་ཏུ་བརྗོད་ཐུབ་པ་ཞིག་བྱུང་ན་ལེགས་གྲས་སུ་བརྩི་བ་ལྟ་བུ་ཁོ་ན་མ་ཡིན་པར། དེ་ལ་ཚིག་སྙན་ཞིང་འཛིན་སླ་ལ་གོ་བདེ་བ་དང་། དོན་ཟབ་ལ་ཚིག་ཉུང་བ། དབྱངས་ཀྱི་འདེགས་འཇོག་གསལ་བ། སྒྲིག་གཞི་དོ་མཉམ་པ། རྩོམ་པ་པོ་རང་ཉིད་ཁོ་ནས་ཅི་བསམ་གང་འདོད་བྱེད་མི་ཆོག་པར་མང་ཚོགས་ལ་ཁ་ཕྱོགས་དགོས་པ། ཚིག་རྒྱན་ཡང་འོས་ཤིང་འཚམས་པ། སྣང་བརྙན་གསོན་ཉམས་ལྡན་པ་ཞིག་དགོས། དེའི་ཕྱིར་གླུ་ཚིག་རྩོམ་པ་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ནོ། །

    གཉིས་པ། གླུ་ཚིག་གི་གསར་རྩོམ་སྐོར་གླེང་བ།

              གླུ་ཚིག་གསར་རྩོམ་ནི་རྩོམ་རིག་སྒྱུ་རྩལ་གྱི་གསར་སྐྲུན་ཞིག་ཡིན་ནའང་། དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པས། གླུ་ཚིག་ལེགས་པོ་ཞིག་གསར་རྩོམ་བྱེད་ན་ཕྱི་ཡུལ་དུས་ཀྱི་རྒྱུ་རྐྱེན་དང་། ནང་རྩོམ་པ་པོའི་ཆ་རྐྱེན་གཉིས་ཀ་འཛོམས་དགོས། ཕྱི་ཡུལ་དུས་ཀྱི་རྒྱུ་རྐྱེན་ནི་སྤྱི་ཚོགས་འཚོ་བ་ཡིན་ཞིང་དེ་ནི་མཛད་མཐའ་མེད་པའི་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན། དེའི་ཕྱིར་གླུ་ཚིག་ལེགས་པོ་གསར་རྩོམ་བྱེད་ཐུབ་མིན་ནི་གཙོ་བོ་རྩོམ་པ་པོའི་གསར་རྩོམ་བྱེད་ཐབས་ཀྱི་ཕྱོགས་ན་ཡོད། གཤམ་ནས་གླུ་ཚིག་གསར་རྩོམ་ལ་མཁོ་བའི་དོན་ཚན་འགའ་ཞིག་བཀོད་ན།

    དང་པོ། གླུ་ཚིག་གསར་དུ་རྩོམ་ན་བརྗོད་བྱ་གཅིག་སྡུད་དང་སྣང་བརྙན་གསོན་ཉམས་ལྡན་དགོས་ལ་རྗོད་བྱེད་གོ་སླ་འཛིན་བདེ་ཡིན་དགོས།

              དེང་སང་མི་མང་པོ་ཞིག་གིས་གླུ་དབྱངས་དང་རྡུང་ལེན་གྱི་ཡག་བཙོག་ནི་དབྱངས་རྟའི་རྩོམ་རྩལ་ལ་ཐུག་འདུག་ཟེར། དེ་ནི་ཕྱོགས་རེ་བའི་གཏམ་དུ་ཟད་དེ། དབྱངས་རྟ་ནི་གླུ་ཚིག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཉམས་ལ་བསྟུན་དགོས་པ་ལས། དབྱངས་རྟ་ལ་བསྟུན་ནས་ཚིག་རྩོམ་པ་ནི་ཐབས་ཟད་འུ་ཐུག་གི་ལས་ཤིག་རེད། མི་རང་གི་སྐྱེས་གཟུགས་དང་སེམས་ཁམས་ལ་བསྟུན་ནས་ལྭ་བ་བཟོ་བ་མ་གཏོགས། ལྭ་བ་ལ་བསྟུན་ནས་མིའི་སྐྱེས་གཟུགས་དང་སེམས་ཁམས་བསྐྲུན་མི་ནུས་སོ། །རྒྱུ་མཚན་ནི་རོལ་དབྱངས་འགའ་ཞིག་ལ་གླུ་ཚིག་མེད་ཀྱང་གདངས་ཀྱི་འགྱུར་ཁུག་དང་འདེགས་འཇོག་གིས་མི་སེམས་ལ་ཚོར་བ་སྣ་ཚོགས་ཤིག་སྦྱིན་ཐུབ་པ་ཡིན་ཡང་། བོད་ཀྱི་རྡུང་ལེན་དང་དེང་རབས་གླུ་གཞས་དག་གི་གཙོ་བོ་ལུས་སྲོག་ལྟ་བུ་ནི་གླུ་ཚིག་ཡིན་པ་དང་། དབྱངས་རྟ་ནི་རྒྱན་གོས་ལྟ་བུའོ། །དེའི་ཕྱིར་གླུ་ཚིག་གི་བརྗོད་བྱ་དང་རྗོད་བྱེད་ཀྱི་བཟང་ངན་ནི་རྡུང་ལེན་ནམ་དེང་གཞས་ཀྱི་ལེགས་ཉེས་ཐག་གཅོད་པའི་རྒྱུ་གཙོ་བོ་རེད་སྙམ། འོ་ན་གླུ་ཚིག་ལེགས་པོ་ཞིག་ཇི་ལྟར་རྩོམ་ཞེ་ན། གླུ་ཚིག་གི་བརྗོད་བྱ་གཅིག་སྡུད་ཅན་དང་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་ཡིན་དགོས་ལ། རྗོད་བྱེད་གོ་སླ་ཞིང་འཛིན་བདེ་བ་ཡིན་དགོས།

            བརྗོད་བྱ་གཅིག་སྡུད་ཅན་ཞེས་པ་ནི་གླུ་ཚིག་གི་རྩོམ་ལུས་ཧ་ཅང་ཐུང་ངུ་ཞིག་ལས་མེད་པའི་རྒྱུ་མཚན་གྱིས་བྱུང་བ་སྟེ། རྒྱུན་ལྡན་གྱི་བྱ་བ་ཕྲན་ཚེགས་དང་སྤྱིར་བཏང་གི་ཁ་བརྡ་ཙམ་ལ་ཚིག་ཐུང་འགའ་ཞིག་གིས་འགྲུབ་ཀྱང་། གླུ་ཚིག་གི་བརྗོད་བྱ་ལ་རྒྱ་ཆེ་ཆུང་སྣ་ཚོགས་དང་གཏིང་ཟབ་མིན་སྣ་ཚོགས་ཡོད་པས། བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཚིག་ཐུང་ངུ་ཞིག་ལས་མཚོན་དགོས་ན་ལྷུག་རྩོམ་དང་སྙན་ངག་ལྟར་བྱུང་རིམ་སོགས་ཞིབ་ཕྲ་དང་བཅས་འགོད་མི་ཐུབ་པས། བརྗོད་བྱ་གང་ཞིག་གི་གཙོ་གནད་འཛིན་ཞིང་། བརྗོད་དོན་གཅིག་སྡུད་ཀྱིས་དོན་ཇི་བཞིན་དུ་དྲང་བོར་བརྗོད་པའམ། ཡང་ན་དཔེ་ག་གེ་མོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་གི་ཤུགས་སུ་བསྟན་ནས་ཚིག་ཐུང་ངུ་ཞིག་ཏུ་རབ་རིབ་མ་ཡིན་པར་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་བསྐྲུན་དགོས། དཔེར་ན། རྡུང་ལེན་པ་བདུད་བྷོས་བླངས་པའི《རི་དྭགས་སྐྱོ་གླུ》ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་ཞིག་རེད། རྒྱུ་མཚན་ནི་རྡུང་ལེན་འདིའི་དབྱངས་རྟ་སྙན་པས་མ་ཡིན་ཏེ། རྡུང་ལེན་འདིའི་དབྱངས་རྟ་ནི་ཡིད་འགྱུར་གདངས་ཀྱིས་མཚོན་པའི་འདེགས་འཇོག་དང་འགྱུར་ཁུག་མང་པོ་ཡོད་པ་ཞིག་མ་ཡིན་པར། དལ་ཞིང་ལྷོད་པའི་དབྱངས་རྟ་ཐུང་ངུ་ཞིག་བསྐྱར་ཟློས་མང་དུ་བྱེད་པ་ཁོ་ན་རེད། རྡུང་ལེན་འདིའི་འདྲེན་ཤུགས་གཙོ་བོ་ནི་གླུ་ཚིག་གི་ཕྱོགས་ན་ཡོད་དེ། གླུ་ཚིག་འདི་ཚེག་བར་བདུན་ཅན་གྱི་ཤོ་ལོ་ཀ་བརྒྱད་ཀྱིས་གྲུབ་ཅིང་། རི་དྭགས་ཉམ་ཆུང་ཞིག་གིས་རང་གི་ཨ་མ་དེ་རྔོན་པས་བསད་པའི་སྔ་གཞུག་བར་གསུམ་གྱི་སྐྱིད་སྡུག་རྣམས་གླུ་རུ་ལེན་པའི་ཚུལ་དུ་བརྩམས་ཡོད་པ་དང་། རི་དྭགས་ཉམ་ཆུང་དེ་མི་གཤིས་ཅན་དུ་བསྒྱུར་ཅིང་ཨ་མ་དང་འགྲོགས་པའི་དུས་ཀྱི་བདེ་སྐྱིད་དང་། ཨ་མ་གསོད་པའི་དུས་ཀྱི་འཇིགས་སྐྲག ཨ་མ་མེད་པའི་ལོ་ཟླའི་ཁྲོད་ཨ་མ་དྲན་ཚུལ། མི་དང་རི་དྭགས་གཉིས་ཀྱི་དབང་ཤུགས་ཀྱི་སྡུར་བ་རྣམས་ཤོ་ལོ་ཀ་གཉིས་རེ་ཡིས་གཅིག་བསྡུས་ཀྱིས་གསོན་ཉམས་ལྡན་པར་མཚོན་ཡོད་ལ། ཚིག་སྦྱོར་མང་ཚོགས་ཀྱི་ཁ་སྐད་དང་ཐག་ཉེ་ཞིང་གོ་དཀའ་བའི་མིང་ཚིག་གི་སྦྱོར་བ་སྤངས་པས་གོ་སླ་འཛིན་བདེ་ཞིག་རེད། གླུ་ཚིག་འདི་གོ་མ་ཐག་ཏུ་མི་སེམས་ལ་བདེ་སྡུག་གི་ཚོར་བ་བཅོས་མིན་དུ་སྟེར་ཐུབ་པ་དང་། གླུ་ཚིག་འདིར་ཞིབ་ཏུ་དབྱེ་ཞིབ་བྱས་ན་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གཉིས་ཕན་ཚུན་འོས་ཤིང་འཚམས་པ། རྗོད་བྱེད་ཀྱི་ཚིག་དེ་ལས་མང་ན་ལྷག་མར་གྱུར་འགྲོ་ལ་དེ་ལས་ཉུང་ན་བརྗོད་དོན་འདུ་མི་ཐུབ་པ་ཞིག་རེད།

    གཉིས་པ། གླུ་ཚིག་གསར་དུ་རྩོམ་ན་དམངས་ཁྲོད་གླུ་གཞས་ཀྱི་རྨང་གཞི་དང་དེང་རབས་གླུ་གཞས་ཀྱི་འཚོལ་སྙེག་ལྡན་དགོས།

             དམངས་ཁྲོད་གླུ་ཚིག་ནི་ལོ་ངོ་སྟོང་ཕྲག་དུ་མར་འཕེལ་རྒྱས་བྱུང་ཞིང། མི་དམངས་མང་ཚོགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་ལ། ཁོ་ཚོའི་བློ་སེམས་དང་ཆེས་མཐུན་པ། ངག་སྒོ་ལ་ཆེས་བདེ་བ། མི་དམངས་མང་ཚོགས་ཀྱི་བསམ་བློ་མཚོན་པའི་སྒྱུ་རྩལ་རྩོམ་རིག་ཅིག་ཡིན་པས། གླུ་ཚིག་གསར་རྩོམ་བྱེད་དུས་དམངས་ཁྲོད་གླུ་ཚིག་གི་རྨང་གཞིར་བརྟེན་ན་གླུ་ཚིག་ཡག་པོ་ཐོན་པའི་རྨང་གཞིའི་ཁག་ཐེག་བྱུང་ཡོད། དཔེར་ན། དམངས་གཞས་ལ་བརྟེན་ནས་མཛད་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ལོ་ངོ་བརྒྱ་ཕྲག་དུ་མ་འགོར་ཡང་སྔར་བཞིན་ཉམས་འགྱུར་ལྡན་པ། བརྗོད་དོན་ཟབ་པ། ཚིག་བདེ་ཞིང་མི་མཆོག་དམན་བར་གསུམ་ལ་རང་རང་གི་སེམས་ཁམས་དང་བསྟུན་པའི་བྲོ་བ་འདོན་པ་ཞིག་སྟེ། འཛམ་གླིང་རྩོམ་རིག་བང་མཛོད་ཁྲོད་ན་འོད་འཚེར་བཞིན་པ་དེ་ལྟར་རོ། །འོན་ཀྱང་། མཐའ་གཅིག་ཏུ་སྔར་བྱུང་དམངས་ཁྲོད་གླུ་ཚིག་གི་རྣམ་པ་ཁོ་ནའི་ཁྲོད་འཁོར་ན་འཕེལ་རྒྱས་ཀྱི་རྩ་ལམ་འགག་སྲིད། དེའི་ཕྱིར་ང་ཚོ་སྲོལ་རྒྱུན་དང་འགྲོགས་ནས་དེང་རབས་ལ་སྙེག་དགོས་པའི་བོད་ཀྱི་རྩོམ་རིག་སྤྱིའི་ཁ་ཕྱོགས་དང་མཐུན་པར་གླུ་ཚིག་རྩོམ་ནའང་སྲོལ་རྒྱུན་གླུ་གཞས་ཀྱི་རྨང་གཞིའི་སྟེང་ནས་དེང་རབས་གླུ་གཞས་ཀྱི་ཕྱོགས་སུ་བསྐྱོད་དགོས། དེ་ལྟར་བྱས་ན་བོད་ཀྱི་གླུ་ཚིག་གི་ཁྱད་ཆོས་དང་འཕེལ་རྒྱས་རྒྱུན་སྐྱོང་ཐུབ་པ་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་གླུ་ཚིག་གི་འཇོན་ཐང་མངོན་སྲིད། དེའི་རྒྱུ་མཚན་ནི། གླུ་ཚིག་གི་བྱེད་ནུས་ལ་རག་ལས་ཏེ། གླུ་ནི་སྤྱི་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་བྱེད་ཅིག་ཡིན་པ་དང་། སྤྱི་ཚོགས་ནི་སྲོལ་རྒྱུན་གྱི་ལེགས་ཆ་རྒྱུན་འཛིན་དང་དེང་རབས་ཀྱི་དཔལ་ཡོན་ནང་འདྲེན་བྱེད་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་བཞིན་པས་སོ། །

    གསུམ་པ། གླུ་ཚིག་ལ་མི་རིགས་ཀྱི་སྤྱི་གཤིས་དང་རྩོམ་མཁན་གྱི་སྒེར་གཤིས་མངོན་དགོས།

                གླུ་ཚིག་གསར་རྩོམ་མཁན་ལ་སྤྱི་ཚོགས་འཚོ་བའི་རྒྱུས་ལོན་ཟབ་མོ་དང་བརྩེ་བ་ངོ་མ། ཁྱད་འཕགས་ཀྱི་ཚོར་ཤེས་རྣོན་པོ་བཅས་ལྡན་དགོས་ཏེ། སྤྱིར་རྩོམ་རིག་གཞུང་ལ་མཁས་ཤིང་སྤྱི་ཚོགས་ལ་རྒྱུས་ལོན་ཞིབ་མོ་བྱེད་མཁན་ཞིག་ཡིན་ཕྱིན་ཁོ་ལ་གསར་རྩོམ་དང་དཔྱད་བརྗོད་ཀྱི་ཁུངས་རྙེད་པ་ཙམ་ལས་གསར་རྩོམ་ལེགས་པོ་བྱེད་ཐུབ་པའི་ངེས་པ་མེད། གསར་རྩོམ་མཁན་ལ་གཞན་ལས་ལྷག་པའི་བརྩེ་བ་ངོ་མ་ཞིག་དང་ཚོར་ཤེས་ཁྱད་པར་བ་ཞིག་ཡོད་ན། མང་ཚོགས་ཀྱི་འཚོ་བ་དང་ཕུགས་འདུན་གསོན་ཉམས་ལྡན་པར་མཚོན་ཞིང་གཞན་དང་ཐུན་མོང་མ་ཡིན་པའི་རོ་བཅུད་འཛོམས་པའི་གསར་བྱུང་གི་བྲོ་བ་ཞིག་སྦྱིན་ཐུབ། དེ་ལྟ་བུའི་གླུ་ཚིག་གིས་ད་གཟོད་མི་སེམས་སྒུལ་ནུས་ཤིང་དར་ཁྱབ་འབྱུང་སླ་བ་རེད། གླུ་ཚིག་རྩོམ་པ་ནི་ལས་སླ་མོ་ཞིག་མིན་པའང་གནད་འདི་ལ་ཐུག་ཡོད། དེ་ནི་རྩོམ་པ་པོའི་སྒེར་གཤིས་ཡིན། ཡང་གླུ་ཚིག་རྩོམ་ན་ངེས་པར་དུ་མི་རིགས་ཀྱི་སེམས་ཁམས་དང་ཡུལ་སྲོལ་གོམས་འདྲིས། མཛེས་རྟོག་གི་ལྟ་བ། རིན་ཐང་གི་ལྟ་བ་བཅས་དང་མཐུན་དགོས་ཏེ། དེ་ནི་མི་རིགས་ཀྱི་སྤྱི་གཤིས་ལྡན་པ་ཡིན། གལ་ཏེ། དེ་དག་དང་འགལ་བ་ལྟག་སྤྲོད་དུ་གྱུར་ན། མི་རིགས་དེའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་མི་ཐུབ། དཔེར་ན། སྨན་བླ་སྐྱབས་ཀྱིས་བརྩམས་པའི《པཎ་ཆེན་དྲན་གླུ》ནི་བོད་མི་ཡོད་ཚད་ཀྱི་དུས་སྐབས་གཅིག་གི་གཅིག་མཐུན་གྱི་བསམ་བློ་དེ་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མཚོན་ཐབས་དང་ཚིག་གི་སྤེལ་སྟངས་ཁྱད་པར་ཅན་གྱིས་མཚོན་པར་བྱས་པའི་མི་རིགས་ཀྱི་སྤྱི་གཤིས་དང་རྩོམ་པ་པོའི་སྒེར་གཤིས་ཟུང་འབྲེལ་གྱི་གླུ་ཚིག་ལེགས་པོ་ཞིག་རེད་སྙམ།

    བཞི་བ། གླུ་ཚིག་གསར་རྩོམ་མཁན་ལ་རྩོམ་རིག་དང་རྩོམ་རིག་གཞུང་ལུགས་ཀྱི་སྦྱངས་པ་ཡོད་ན་གླུ་ཚིག་གསར་རྩོམ་ལ་རམ་འདེགས་བྱེད་ཐུབ།

               གླུ་ཚིག་ཕུལ་བྱུང་ཞིག་ལ་སྙན་ངག་གི་རྒྱན་མེད་མི་སྲིད་ལ་ལྷག་པར་དཔེ་རྒྱན་དང་གཟུགས་རྒྱན། གསལ་བྱེད་ཀྱི་རྒྱན། རང་བཞིན་བརྗོད་པའི་རྒྱན། བསྡུས་བརྗོད་ཀྱི་རྒྱན། སྒྲ་རྒྱན་སོགས་བེད་སྤྱོད་མང་དུ་བྱེད་དགོས་ལ། མཚོན་ཐབས་དང་བརྗོད་ཐབས་སྣ་ཚོགས་ཤིག་ཡོད་པ་རེད། གལ་ཏེ་གླུ་ཚིག་གསར་རྩོམ་མཁན་ལ་རྩོམ་རིག་སྐོར་གྱི་སྦྱངས་པ་ཅི་ཡང་མེད་ན། དེས་བརྩམས་པའི་གླུ་ཚིག་ནི་སྔར་བྱུང་གླུ་ཚིག་ཅིག་ལ་ལད་ཟློས་བྱེད་པ་ཁོ་ན་སྟེ། སྤྲེའུས་མིའི་ཅི་བྱེད་ཀྱི་ལད་མོ་བྱེད་པ་ལྟ་བུའི་དཔེ་ལས་མི་འདའ་ཤིང་། གསར་རྩོམ་མཁན་ལ་རྩོམ་རིག་སྐོར་གྱི་སྦྱངས་པ་ངེས་ཅན་ཞིག་ཡོད་ན། གཞན་ལ་ལད་མོ་བྱེད་པ་ཁོ་ན་ལས་འདས་ཏེ་གཞན་གྱི་ལེགས་ཆ་སྡུད་ལེན་བྱེད་ཐུབ་པ་དང་བརྗོད་ཐབས་གཞན་པ་འོས་འཚམས་ཤིག་འདེམས་ཐུབ་པ་སྟེ། དཔེར་ན། དཔེ་བཞག་ཏེ་གླུ་ཚིག་ཅིག་རྩོམ་པར། རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་ཅི་ཡང་མེད་པ་ཞིག་གིས་གཞན་གྱིས་དཔེ་བཞག་ཏེ་བརྩམས་པའི་གླུ་ཚིག་ཅིག་གི་འགྲོས་ཇི་མ་ཇི་བཞིན་དུ་རྩོམ་ངེས་པ་དང་། རྩོམ་རིག་གཞུང་ལུགས་སམ་རྩོམ་རིག་གསར་རྩོམ་ལ་སྦྱངས་པ་ཅན་ཞིག་ཡིན་ཚེ། དཔེ་རྒྱན་སོ་གཉིས་ལས་གང་འཚམས་ཤིག་བདམས་ཏེ་རྩོམ་ངེས་ཤིང་། ཡང་ན་མི་རིགས་གཞན་ནམ་དེང་རབས་ཀྱི་རྩོམ་རིག་རྩོམ་ཐབས་ཤིག་ལས་དཔེ་འཇོག་ཐབས་གང་བཟང་ཞིག་བདམས་ཏེ་རྩོམ་ངེས་པས། རྩོམ་རིག་དང་རྩོམ་རིག་གཞུང་ལུགས་ཀྱི་སྦྱངས་པ་ཡོད་ན་གླུ་ཚིག་གསར་རྩོམ་ལ་རམ་འདེགས་བྱེད་ཐུབ། འོན་ཀྱང་། གླུ་ཚིག་རྩོམ་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་རྩོམ་རིག་གཞུང་ལུགས་ཀྱི་སྦྱངས་པ་ཡོད་དགོས་པའི་ངེས་པ་མེད་དོ། །

    ལྔ་བ། གླུ་ཚིག་གསར་རྩོམ་བྱེད་དུས་སྒྱུ་རྩལ་གྱི་མཚོན་ཐབས་འོས་འཚམས་ཡིན་དགོས།

                གླུ་ཚིག་ལ་ནང་དོན་གྱི་ཆ་ནས་མི་རིགས་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་། མི་ཕན་ཚུན་བར་གྱི་བརྩེ་སེམས།གཉའ་གནོན་དང་བཤུ་གཞོག་ལ་རྒོལ་བའི་སྡང་སེམས། སྤྱི་ཚོགས་ཀྱི་རུལ་སུངས་ལ་ཟུར་ཟ་བྱེད་པ་སོགས་ཆགས་སྡང་སྟོན་པའི་གླུ་ཚིག་དང་། དོན་གང་རུང་གི་བྱུང་བ་དང་གནས་ལུགས་སོགས་སྟོན་པའི་དོན་བརྗོད་རང་བཞིན་ཅན་གྱི་གླུ་ཚིག་ཡོད་པ་དང་། ཡང་ན། བྱིས་པའི་གླུ་དང་དར་མའི་གླུ་སོགས་ལོ་ན་ཚོད་ལྟར་གྱི་གླུ་ཚིག་ཡོད་ལ། གླུ་ལེན་སྟངས་ཀྱི་ཆ་ནས། ཁེར་ལེན་དང་། མཉམ་ལེན་སྣ་ཚོགས། ཤགས་འགྱེད་པ། ཚན་སྡེབ་སོགས་ལེན་སྟངས་ཤིན་ཏུ་མང་བ་དང་། ཁོར་ཡུག་གི་ཆ་ནས་སློབ་གྲྭ་ཆེ་ཆུང་སོ་སོ་དང་། ཁྱིམ་ཚང་ནང་ཁུལ། གླུ་གར་ཁང་སོགས་ཁོར་ཡུག་མི་གཅིག་པ་ཡང་མང་པོ་ཡོད་པ་དེ་བཞིན་དུ། གླུ་ཚིག་རྩོམ་དུས་ཀྱང་གང་ལ་གང་བསྟུན་གྱིས་གསར་རྩོམ་བྱ་བ་ཧ་ཅང་གལ་ཆེ་སྟེ། དེང་སང་སྤྲོ་ཚོགས་སྣ་ཚོགས་དང་ཆེད་བསྒྲིགས་ཀྱི་འོད་སྡེར་སྣ་ཚོགས་སུ་བྱིས་གླུ་དར་མའི་བརྗོད་བྱ་ཅན་དང་། གླུ་མས་སྐྱེས་པའི་བསམ་དོན་ལེན་པ་ལྟ་བུ་ཡུལ་དུས་དང་འགལ་བའམ་སྒྱུ་རྩལ་གྱི་མཚོན་ཐབས་འོས་འཚམས་མིན་པ་གང་མང་ཞིག་མཐོང་ངོ་། །

              མདོར་ན། གཞུང་ལུགས་དང་ལག་ལེན་གྱི་རྒྱབ་བརྟེན་ཅི་ཡང་མེད་པར། སེམས་ལ་གང་དྲན་དང་གཞན་ལ་ལད་ཟློས་ཀྱིས་གླུ་ཚིག་གསར་རྩོམ་བྱས་ན། མི་རིགས་ཀྱི་ཁྱད་ཆོས་དང་རྩོམ་རིག་གི་འཇོན་ཐང་འབོར་སྲིད་ལ། སྣ་འཛོམས་སྒྱུ་རྩལ་འདིའི་རིན་ཐང་མངོན་མི་ཐུབ། དེའི་ཕྱིར་མི་རིགས་ཀྱི་སྒྱུ་རྩལ་ལ་དུངས་པ་ཟབ་པའི་ཤེས་ལྡན་དག་གིས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཚུལ་གྱིས་གླུ་ཚིག་གསར་རྩོམ་སྐོར་ལ་དགོངས་འཆར་མང་པོ་དུས་ཐོག་ཆར་བའི་ཚུལ་དུ་སྩོལ་ཞིང་། གཞུང་ལུགས་ཀྱི་མ་ལག་ཆ་ཚང་བསྐྲུན་ཏེ་གངས་ཅན་རིག་གཞུང་གི་དབྱར་མཚོ་སྔར་ལས་རྒྱས་པར་འབད་དགོས་ལ། གླུ་ཚིག་གསར་དུ་རྩོམ་དུས་བརྗོད་བྱ་དང་རྗོད་བྱེད་ཕྱོགས་གཉིས་ནས་མི་རིགས་ཀྱི་རང་བཞིན་དང་དུས་རབས་ཀྱི་ཁྱད་ཆོས་ཡ་མ་བྲལ་བར་མི་དམངས་མང་ཚོགས་ཀྱིས་ཉན་སྤྲོ་ཞིང་ལེན་འདོད་པའི་གླུ་ཚིག་མང་པོ་བརྩམས་ནས། རང་མི་རིགས་ཀྱི་རླབས་ཆེན་སླར་གསོའི་ལས་དོན་གྱི་རམ་འདེགས་རོལ་མོ་དཀྲོལ་དགོས་སོ། ། 


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།