ལོ་ཙཱའི་སྐོར་གྱི་ཤེས་བྱ་མདོར་བསྡུས།

གཅིག ལོ་ཙཱའི་བྱུང་བ།
 
    རང་རེ་གངས་ཅན་པའི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ནས་ལོ་ངོ་ག་ཙམ་ཕྱིན་ཡོད་པ་སུས་ཀྱང་བརྗོད་དཀའ་མོད། ཆབ་མདོ་ཁ་རུབ་ས་ཁུལ་ནས་བུད་པའི་གནའ་ཤུལ་རིག་གནས་དང་། བོད་ལྗོངས་ཆུ་གོང་གནའ་ཤུལ་རིག་གནས་སོགས་ནས་ཐོན་པའི་རིག་དངོས་དག་ལ་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་པས་བརྟག་དཔྱད་བྱས་པ་ལྟར་ན། གངས་ཅན་གྱི་ཡུལ་འདིར་འགྲོ་བ་མིའི་རིགས་ཀྱིས་འཚོ་བ་རོལ་ཅིང་རིགས་རྒྱུད་སྤེལ་ནས་མ་མཐའ་ཡང་ལོ་ངོ་ཁྲི་ལྔ་ཡས་མས་ཕྱིན
 
    (དོན་གྲུབ་དབང་འབུམ་གྱི《བོད་ཀྱི་རིག་གནས་འཕེལ་རྒྱས་ལོ་རྒྱུས》སུ་གསལ།)པར་ངེས་བཟུང་ཡོད་པ་དེས་བོད་མི་རིགས་འདིས་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་དུ་གཞིས་བཟུང་ཞིང་རང་བྱུང་ཁམས་ཆེན་པོ་དང་འཐབ་རྩོད་བགྱིས་ཏེ་རིག་གནས་དང་ལོ་རྒྱུས། སྐད་དང་ཡི་གེ་སོགས་གསར་སྐྲུན་མཛད་པ་བདེན་དཔང་བྱས་ཡོད། དེ་བཞིན་དུ་ལོ་ཙཱའི་རིག་གནས་ཀྱང་དར་བ་ཅུང་སྔ་སྟེ། གཉའ་ཁྲི་བཙན་པོའི་རིང་ལ། རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ་སྲས་མུ་ཁྲི་བཙན་པོའི་རིང་དུ་བསླབ་པའི་དོན་གོ བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་གླིང་གི་ལོ་ཙཱ་བསྒྱུར“རྣམ་འབྱེད་འཕྲུལ་སྡེ”ཞེས་དང་། མཁས་པའི་ཕུལ་ཏུ་ཕྱིན་པའི་ལོ་ཙཱ་བ། རྫུ་འཕྲུལ་ཀྱི་ཞབས་དང་ལྡན་པ། སྟག་གཟིག་གི་ལོ་ཙཱ་བ་དམུ་ཏ་ཧེར་པེ། ཞང་ཞུང་ལ་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལི་སྤར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དྲུག་གོ(《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དུ་གསལ)ཞེས་སོགས་བོན་གྱི་ལོ་རྒྱུས་དཔེ་རྙིང་དུ་བརྩི་བ་འགའ་རུ་སྤུ་རྒྱལ་གདུང་རབས་དང་པོ་གཉའ་ཁྲི་བཙན་པོའི་དུས་ནས་ཡིག་སྒྱུར་ཤིན་ཏུ་དར་བའི་ཚུལ་བསྟན་ཡོད་མོད། ཡོངས་གྲགས་སུ་སྤུ་རྒྱལ་གདུང་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་ལ་ཆོས་གཞུང་གི་གླེགས་བམ་བྱུང་བ་དང་། སྤུ་རྒྱལ་གདུང་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་དུས་སུ་བོད་ལ་གཅིག་གྱུར་གྱི་ཡི་གེ་བྱུང་བ་ནས་ཚད་ལྡན་གྱི་ཡིག་སྒྱུར་ལོ་ཙཱ་བྱུང་བར་ངོས་འཛིན་གྱིན་ཡོད་པས་ན་གོང་གི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་བརྗོད་པ་དག་ནི་ལོ་ཙཱའི་རིགས་སྔ་ཤོས་དེ་སྐད་སྒྱུར་ལོ་ཙཱ་ལ་ངོས་བཟུང་ན་འཚམ་མམ་སྙམ།
 
    བོད་ཀྱི་ཡིག་སྒྱུར་གྱི་བྱུང་བའི་སྐོར་ལ་ད་ལྟ་ཡོངས་གྲགས་སུ་བཞེད་པ་ནི་སྤུ་རྒྱལ་གདུང་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཙན་པོ་སྔ་མ་དག་གིས་བཟུང་ཡོད་པའི་ཡུལ་གྲུ་རྒྱ་བསྐྱེད་ཅིང་བོད་ཁམས་གཅིག་གྱུར་མཛད། ཡིག་སྒྱུར་ལོ་ཙཱ་བ་དང་པོར་ངོས་འཛིན་བཞིན་པའི་སློབ་དཔོན་ཐོན་མི་ལགས་རྒྱལ་པོའི་བཀའ་བཞིན་རྒྱ་གར་དུ་ཕྱིན་ནས། དཀའ་ངལ་དུ་མ་ཁྱད་དུ་བསད་ནས་བྲམ་ཟེ་ལི་བྱིན་ཀ་ར་སོགས་སློབ་དཔོན་དུ་བསྟེན་ནས་རྒྱ་གར་གྱི་རིག་གནས་དང་བྱེ་བྲག་བརྡ་སྤྲོད་པའི་གཞུང་ལ་བྱང་ཆུབ་པར་སྦྱངས་ནས་ཕྱིར་ལོག་སྟེ་བོད་ཀྱི་སྐད་དང་མཐུན་པའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའམ་ལྔའི་བདག་ཉིད་ཅན་གྱི་ད་ལྟ་རང་ཅག་གི་ལག་ལེན་དང་བེད་སྤྱོད་བཞིན་པའི་ཡི་གེ་འདི་བཟོས་ཤིང་སུམ་རྟགས་སོགས་བརྡ་སྤྲོད་ཀྱི་གཞུང་ལུགས་གཏན་ལ་ཕབ། མདོ་ཟ་མ་ཏོག་བཀོད་པ་དང་། མདོ་སྡེ་དཀོན་མཆོག་སྤྲིན་སོགས་བསྒྱུར་ནས་ལོ་ཙཱའི་རིག་གནས་དར་བར་བྱས་རྗེས་གཞན་དྲིང་མི་འཇོག་པ་བཞག་ཡོད། ཕྱིས་སུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཤིང་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་ཕར་ཕྱིན་དང་དབུ་མ། འདུལ་བའི་སྐོར། གསང་སྔགས་སོགས་ཆོས་གཞུང་ཇི་སྙེད་ཅིག་བསྒྱུར་གནང་མཛད་པ་དང་། དེའི་རྗེས་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་ཡབ་སྲས་ཀྱིས་ཡབ་མེས་དག་གི་མཛད་རྗེས་མུ་ནས་བསྐྱངས་ཏེ། རྒྱ་གར་དང་། བལ་བོ། ཁ་ཆེ་སོགས་ཀྱི་ལོ་པཎ་དུ་མ་གདན་དྲངས་ནས་སྨན་རྩིས་སོགས་གཞུང་མང་དག་ཅིག་བསྒྱུར་པ་དང་དུས་མཚུངས་སུ་བསྒྱུར་ནོར་ཞིང་འཁྲུལ་བ་རྣམས་ལ་ལོ་པཎ་དུ་མ་ཚོགས་པའི་དབུས་སུ་དག་ཐེར་མཛད་ཅིང་བཀས་བཅད་ཀྱིས་གཏན་ལ་ཕབ་ནས་མདོ་རྒྱུད་ཀྱི་གཞུང་དག་ཇི་ལྟར་བསྒྱུར་དགོས་པའི་ཚུལ་སྒྲ་གཞུང་དང་བོད་སྐད་གཉིས་ཀར་མཐུན་ཞིང་གོ་བདེ་བའི་ཆེད་དུ་ཡིག་སྒྱུར་གྱི་གཞུང་སྔ་བ《སྒྲ་སྦྱོར་བམ་གཉིས》མཛད་པ་དང་། 《སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ》སོགས་གཏན་ལ་ཕབ་ཐོག་དཀར་ཆག་ཏུ་བསྒྲིགས་པར་མཛད་པས། བོད་ཀྱི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཆའི་ཐད་ཕག་རྗེས་གསུབ་ཏུ་མེད་པ་བཞག་ཡོད།
 
    གཉིས། ལོ་ཙཱའི་ཐབས་བཤད་པ།
 
    དེ་ཡང་མི་རིགས་སོ་སོས་རིག་གནས་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་ཐབས་ལམ་མི་འདྲ་བ་རེ་ཟུང་ཡོད་སྲིད་མོད། མཐར་གཏུགས་ན། དོན་བསྒྱུར་དང་། ཐད་བསྒྱུར། སྐད་རང་སོར་འཇོག་པ་གསུམ་དུ་མ་འདུས་པ་མེད་དེ། གཤམ་ནས་དེ་དག་རེ་རེ་བཞིན་དཔེ་མཚན་ཙམ་འདྲེན་པར་བྱ་སྟེ།
 
    ཀ དོན་བསྒྱུར་བཤད་པ།
 
    དོན་བསྒྱུར་ནི་མ་ཡིག(བསྒྱུར་བྱ)དང་བུ་ཡིག(སྒྱུར་བྱེད)གཉིས་ཀའི་དོན་གཅིག་མཚུངས་ཡིན་དགོས་པ་དང་། རྗོད་བྱེད་ཚིག་གི་རྣམ་པ་མ་ཡིག་ལ་མ་བསྟུན་པར་རང་སྐད་ཇི་བཞིན་ཕབ་པར་བྱེད་པའི་སྒྱུར་ཐབས་ལ་བརྗོད་པ་ཡིན་ཏེ།དཔེར་ན། ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་པ་ལ། པཱ་ར་མི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི། དཔེར་ན། ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་ཏུ་བརྒལ་བའི་དོན་དང་། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི། རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འབྱོར་བའི་དོན་དང་མཐུན་པར་བསྒྱུར་པ་དང་། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི། གཞན་གྱི་དོན་སྒྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་། གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པར་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུའོ།།(ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི《བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར》ཞེས་པ་ལས་དྲངས།)
 
    ཁ། ཐད་བསྒྱུར་བཤད་པ།
 
    ཐད་བསྒྱུར་ཞེས་པ་ནི་བསྒྱུར་ཡིག་གི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཚིག་གི་རྣམ་པ་གཉིས་ཀ་མ་ཡིག་དང་གཅིག་མཚུངས་སམ་བསྟུན་ཅི་ཐུབ་བགྱི་བའི་ཐབས་ལ་ཟེར་དེ། དཔེར་ན། ལེགས་སྦྱར་གྱི་ཡི་གེ་རང་རེའི་བོད་སྐད་དུ་བསྒྱུར་པ་ལ། པྲ་ཛྙ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ། བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་པ་དང་། ཨིནྡྲ་དབང་པོ་དང་། ནཱི་ལ་སྔོན་པོ་ཡིན་པས། དབང་སྔོན་དུ་བསྒྱུར་པ་ལྟ་བུའོ།(ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི《བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར》ཞེས་པ་ལས་དྲངས།)
 
    ག སྐད་རང་སོར་འཇོག་པ།
 
    སྐད་སོར་འཇོག་ཅེས་པ་ནི་བསྒྱུར་བྱའི་སྐད་དམ་ཡི་གེ་གང་དེའི་སྒྲ་འདོན་སྟངས་སྒྱུར་བྱེད་སྐད་དང་ཡི་གེ་གང་དུ་ཇི་བཞིན་ཐོན་པར་བྱས་པ་སྟེ། དཔེར་ན། ལེགས་སྦྱར་སྐད་རང་སོར་བཞག་པ་ལ། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་བོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམ་ཀ གླང་ཆེན་ཁ་འབབ་ཀྱི་ཆུ་ཀླུང་ཆེན་པོ་གང་གཱ་ཞེས་པ་ལྟ་བུའོ། (《བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར》ཞེས་པ་ལས་དྲངས།)
 
    ང་། བྱེ་བྲག་སྐད་སོར་འཇོག་སྐབས་མཉམ་འཇོག་བྱ་དགོས་པའི་སྐོར་གྱི་འཕྲོས་བཤད།
 
    ང་ཚོ་བོད་ལ་གཅིག་གྱུར་ཡི་གེ་ཡོད་ན་ཡང་། དུས་འགྱུར་སྣ་ཚོགས་པ་དང་ཡུལ་ལུང་རྒྱ་ཆེ་བའི་དབང་གིས་གསལ་བྱེད་སུམ་ཅུའི་སྡེ་བ་རེ་རེའི་ནང་ཚན་གྱི་གསལ་བྱེད་སྐོར་ཞིག་དང་དབྱངས་ཀྱི་ང་རོ། དེ་བཞིན་མགོ་འདོགས་བརྩེགས་གསུམ་སོགས་སྦྱར་རྗེས་ཀྱི་སྒྲ་འབྱིན་སྟངས་མི་འདྲ་བ་མང་བས། ལོ་ཙཱའི་ལས་རིགས་གཉེར་མཁན་དག་གིས་སྐད་སོར་འཇོག་གི་ལོ་ཙཱ་གཉེར་སྐབས་ཧ་ཅང་དང་དོད་བྱ་དགོས་ཏེ།གསལ་བཤད་སུམ་ཅུ་ལྟ་བུར་མཚོན་ན།ཨ་མདོའི་སྐད་ལྟར་ན་སྡེ་བ་དང་པོའི་ཡི་གེ་དང་པོ་དང་གསུམ་པ་སྒྲ་གཅིག་པར་སྣང་སྟེ། གཉིས་ཀརgaལྟ་བུར་བཀླགས་པ་དང་། དབུས་སྐད་ལ་ཡི་གེ་གཉིས་པ་དང་གསུམ་པར་སྒྲ་གཅིག་པ་ལྟར་སྣང་སྟེ། གཉིས་གརkaལྟ་བུར་བཀླགས་པ་དང་། སྡེ་བ་དང་པོའི་ཡི་གེ་དང་པོ་ཀ་ཡིག་ལ་མདོ་དབུས་གཉིས་ཀྱིས་ཀློག་སྟངས་གཅིག་སྟེ། gaཞེས་པའི་སྒྲར་འདོན་གྱིན་ཡོད་པས། བསྒྱུར་བྱའི་སྒྲའི་ནང་དུgaལྟ་བུའི་སྒྲ་ཡོད་ན་ཀ་ཡིག་གིས་བསྒྱུར་ན་ལེགས་སོ། །དེ་བཞིན་སྡེ་བ་གཉིས་དང་། གསུམ་པ། བཞི་པ་ལ་ཡང་ཨ་མདོ་པས་དང་པོ་གསུམ་པ་སྒྲ་གཅིག་པ་དང་། དབུས་ཀྱིས་གསུམ་པ་དང་བཞི་པ་སྒྲ་གཅིག་པ། དང་པོའི་ཀློག་སྟངས་མདོ་དབུས་གཉིས་ཀ་འདྲ་བས་གོང་དང་རིགས་བསྒྲེ་བར་བྱས། དེ་བཞིན་པྱ། ཕ། བྱ། མྱ། མ་ཡིག་ཕུད་པའི་པ་སྡེའི་ཡ་བཏགས་ཀྱི་སྒྲ་མདོ་དབུས་ཁམས་གསུམ་གྱི་ཀློག་སྟངས་ཁྱོན་ནས་མི་འདྲ་སྟེ། ཨ་མདོས་ཚང་མར“བཤའ”ཞེས་ཀློག་པ་དང་། དབུས་ཀྱིསjia qia qia ཞེས་ཀློག་པ་དང་། ཁམས་ཀྱིས་མང་ཆེ་བzia cia sia ལྟ་བུར་ཀློག་གིན་ཡོད་པས་སྒྲ་སོར་འཇོག་གི་དུས་སུ་མ་སྤྱད་ན་ལེགས་པར་འདོད། །
 
    རྩོམ་པ་པོ་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཡིན།
 
    མཚོ་སྔོན་བོད་ཡིག་གསར་འགྱུར།2014·10·31།པར་ངོས18པ།   
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།